ནམ་མཁའ།
དེ་རིང་གི་འདིར་སེམས་ནས་འབྲི་འདོད་པའི་ཚིག་རྣམས། མགོ་གང་ཞིག་ནས་བརྩམས་ཏེ་མཇུག་གང་ཞིག་ནས་བསྡུ་དགོས་བ་ཡང་མི་ཤེས་མོད། འོན་ཀྱང་དྲན་ཐོ་ཞིག་གི་ཚུལ་དུ་འདིར་འགོད་ཀྱི་ཡིན།
ང་རང་སློབ་ཆུང་འགྲིམས་བཞིན་པའི་དུས་ཀྱི་དགུན་གནང་སྐབས་ཞིག་ཡིན་པ་འདྲ། གང་ལྟར་ང་ཚོའི་གྲོང་སྡེ་ཡི་མི་རྒན་གཞོན་ཚང་མའི་བོད་ལྭ་རེ་གྱོན་ཏེ་མཁར་སྒོ་འོག་མའི་མདུན་ལ་འདུ་འཛོམས་བྱས་རྗེས། ངའི་གྲོང་སྡེ་མི་ཚང་མ་འཇའ་མོ་སྡེ་བའི་ཕྱོགས་སུ་འགྲོ་མགོ་བརྩམས་སོང་། ཕྲན་ལྟ་བུའི་བྱིས་པ་མ་རབ་ཚོ་ཡང་ཁོང་ཚོའི་རྗེས་འདེད་བྱས་ནས་སོང་བ་ཡིན། འཇའ་མོའི་སྡེ་བའི་འདབ་རོལ་གྱི་ཆུ་རྐ་ཆེན་པོ་དེའི་རྐང་ལམ་བརྒྱུད་ནས་འགྲོ་དུས། དེ་རིང་ཕྲན་གྱིས་གསལ་བོར་དྲན་པ་ཞིག་ལ། སོ་སོའི་བུ་ཕྲུག་རྣམས་ཕ་མ་ཚོའི་ལག་མགོ་འཇུས་ནས་ཁྲིད་སོང་བ་དྲན་གྱི་འདུག འཇའ་མོ་སྡེ་བའི་འོག་ནས་ལྕགས་སྒོ་ཆེན་པོ་ཡོད་པ་དེ་ནི་མགར་ཁང་རེད་ཅེས་མི་རྒན་པ་ཚོས་བཤད་ཀྱི་འདུག མགར་ཁང་དེ་ནི་འཇའ་མོ་སྡེ་བ་དང་ཐེ་བུ་སྡེ་བའི་བར་ན་འདུག ང་རང་མགར་ཁང་གི་སྒོ་འགྲམ་ལ་སླེབས་པ་ནི་ཐོག་མ་ཡིན་པ་མ་ཟད། ཐེ་བུ་སྡེ་བའི་ནང་འགྲོ་བ་ཡང་ཐོག་མ་རེད། ཐེ་བུ་སྡེ་བའི་གོང་རོལ་དུ་གྱང་ར་སྐོར་བའི་ར་སྟོང་མང་པོ་ཡོད་པ་ཞིག་དེ་རིང་ད་དུང་ཡང་ངའི་ཡིད་ངོགས་སུ་གསལ་བོར་འདུག
གང་ལྟར་ཡང་། ཐེ་བུ་སྡེ་བ་ཡང་ང་ཚོའི་གྲོང་སྡེ་བཞིན་གྱང་མཁར་གྱིས་སྐོར་བའི་མཁར་སྒོ་ཡོད་པ་ཅན་ཞིག་རེད། ཐེ་བུ་སྡེ་བའི་ནང་སླེབས་རྗེས་སྲང་ལམ་གང་ཞིག་བརྒྱུད་ནས་སོང་བ་མི་དྲན་ཡང་། ཁྱིམ་ཚང་གི་ཁང་པ་ཉིས་ཐོག་ཅན་ནང་དུ་སླེབས་སོང་། མི་རྒན་པ་ཚང་མས་མགོ་ཡི་ཞྭ་མོ་བླངས་ཏེ། ཐང་ལ་སྒུར་སྒུར་འདྲ་བྱེད་ཀྱི་འདུག་པ་ལས་ཁོང་ཚོས་ཅི་ཞིག་བྱེད་པ་ངས་གསལ་བོ་ཞིག་དེ་དུས་ཤེས་མ་སོང་མོད། འོན་ཀྱང་ཁོང་ཚོའི་རུམ་ནས་ཨ་མདོ་བག་ལེབ་གོར་གོར་ཆེན་པོ་རེ་བླངས་པ་མཐོང་སོང་། དེ་བར་དུ་མི་རྒན་པ་ཚོའི་རུམ་ན་ཨ་མདོ་བག་ལེབ་རེ་ཁྱེར་ཡོད་པ་ཡང་མ་ཤེས། ང་ཚོའི་སྡེ་བའི་མི་ཚང་ལྟར་བང་རིམ་སྒྲིགས་ཏེ་སྒུགས་ནས་བསྡད་སོང་། མཚམས་ཞིག་ལ་སྒེའུ་ཁུང་ཞིག་ནང་ནས་སྐྱ་ཆས་མནབས་པའི་མི་ཞིག་གིས་འཚམས་འདྲི་རེ་བྱེད་ཞོར། མ་ཎི་འཁོར་ལོ་ལྟ་བུ་ཞིག་མི་རེ་རེ་ཡི་མགོ་ལ་ཐུག་ཙམ་བྱེད་ཀྱི་འདུག
ང་རང་ནི་བྱིས་པ་མ་རབ་ཞིག་ཡིན་པས་སྒེའུ་ཁུང་ནང་དུ་བཞུགས་པའི་མི་དེ་བལྟ་འདོད་ཀྱིས། མགོ་བོ་ཡར་དགྱེས་ཀྱང་ངའི་ཕ་ལགས་ཀྱིས་ངའི་མགོ་བོ་མར་མནན་ཏེ། སྒེའུ་ཁུང་ནང་ནས་མ་ཎི་འཁོར་ལོ་བཟུང་བའི་མི་དེའི་ཞལ་རས་གསལ་བོ་ཞིག་བལྟ་ཐུབ་མེད་པས། མི་དེ་ཅི་འདྲ་ཞིག་ཡིན་མ་ཤེས་ཡང་། ང་ཚོའི་གྲོང་སྡེ་ཡི་མི་ཚོས་ཁྱེར་བའི་ཨ་མདོ་བག་ལེབ་དེ་ཚོ་ཁྱིམ་ཚང་དེའི་འཁྱམས་རའི་ནང་བཞག་ཡོད་པ་མཐོང་སོང་། དེ་རིང་ཡང་ངའི་སེམས་སུ་ཤར་ཡོད་པ་ཞིག་ལ། ཁང་པའི་ཐོག་ན་ཨ་མ་ཞིག་གི་བང་དུ་བུ་ཕྲུག་ཞིག་བཟུང་སྟེ་ཡར་མར་འགྲོ་བཞིན་པ་ངའི་དྲན་ངོགས་སུ་གསལ་བོ་རེད། ཨ་མ་དེ་སུ་ཞིག་ཡིན་པ་དེ་རིང་ད་དུང་ཡང་མི་ཤེས།
དེ་ལྟ་ན་ཡང་། རིག་གནས་གསར་བརྗེ་ཡི་མཇུག་སྒྲིལ་རྗེས་སུ་ཨ་ལགས་བསེ་ཚང་ཕྱིར་རང་གི་ཕ་ཡུལ་རེབ་གོང་ལ་ཕེབས་པ་ཐོག་མ་ཡིན་ནམ་སྙམ། གང་ལྟར་ཀྱང་ང་ཚོའི་གྲོང་སྡེ་ཡི་མི་ཚང་མ་མཇལ་ཁ་ཞུ་རུ་འགྲོ་ས་དེ་ནི་ཨ་ལགས་བསེ་ཚང་ཡིན་པ་རྗེས་ནས་ཤེས། དེ་ནི་ངའི་མི་ཚེ་ནང་བླ་མ་ཞིག་ལ་མཇལ་བ་ཡང་ཐོག་མ་ཡིན་ལ། བསེ་ཚང་གི་མཚན་ཐོས་པ་ཐོག་མ་ཡིན་ངེས།
ང་རང་རོང་བོ་དགོན་པའི་ནང་ཡོད་པའི་སྐབས་ཞིག་ལ། ཨ་ལགས་བསེ་ཚང་རོང་བོ་དགོན་པའི་ནང་ཕེབས་ཏེ། མཁར་སྒོ་གོང་མའི་འགྲམ་གྱི་རྒྱུད་པ་གྲྭ་ཚང་གི་ཨ་ཁུ་བསོད་ནམས་རྒྱལ་རྒྱ་རག་གི་ཤག་ནས་མཇལ་མྱོང་ལ། གྲྭ་ཤག་དེ་ནི་མཐའ་སྐོར་ཡོངས་སུ་ཁང་མིག་རེ་འདུག་པས། ཨ་ལགས་བསེ་ཚང་བཞུགས་སའི་ཁང་མིག་དེ་ནི་ཁ་ལྷོ་ལ་འཁོར་བའི་ཁང་མིག་ཆུང་ཆུང་ཞིག་རེད། མཚན་མོ་ཞིག་ལ་སྲིབ་མཐའི་བན་རྒྱ་ལ་སྨོན་ལམ་སྣ་ལྔའི་ལུང་ཞིག་གནང་སོང་། སྐབས་དེར་སྨོན་ལམ་སྣ་ལྔའི་གསུངས་ཆོས་ཞུ་མཁན་གྲྭ་བ་རྒན་པ་ཞིག་ཡོད་པ་ནི། འཁྲུངས་ཡུལ་གཅིག་པའི་ཐེ་བུའི་ཨ་ཁུ་འབྱུང་གནས་དང་ཁོང་ཚང་གི་སྐུ་ཚ་རྒྱུད་པ་གྲྭ་ཚང་གི་ཨ་ཁུ་བསོད་ནམས་རྒྱལ་རྒྱ་རག་གཉིས་ལས་མི་འདུག ཕྲན་ལ་བརྡ་རྒྱག་མཁན་ཐེ་བུའི་གྲྭ་བ་དཔལ་འབྱོར་རེད། ཡིན་ན་ཡང་། དཔལ་འབྱོར་གྱི་ཤག་གི་དགེ་རྒན་ཨ་ཁུ་སངས་རྒྱས་མཁར་ཀྱང་ཕེབས་མི་འདུག་ལ། ངའི་ཤག་གི་དགེ་རྒན་ཨ་ཁུ་རིན་ཆེན་གཤེགས་པོ་དེ་ཡང་ཕེབས་མ་སོང་། དགེ་བའི་བཤེས་གཉེན་ཆེན་མོ་འཇའ་མོ་ཨ་ཁུ་ཚང་ཡང་ཕེབས་མི་འདུག འོན་ཏེ། འཇའ་མོ་ཨ་ཁུ་ཚང་གི་སྐུ་ཚ་དགེ་འདུན་བསམ་འགྲུབ་ཕེབས་འདུག་པ་མ་ཟད། འཇའ་མོའི་དགེ་འདུན་བསམ་འགྲུབ་ལ་ཁོ་རང་གི་མིང་ལ་ཅི་ཟེར་ཅེས་བཀའ་འདྲི་གནང་བ་སོགས་ངའི་ཡིད་ངོགས་སུ་གསལ་བོ་འདུག རྒྱུ་མཚན་གང་ཡིན་མི་ཤེས་མོད། ཕྲན་མ་གཏོགས་དེ་གར་ཡོད་པའི་གྲྭ་བ་རེ་རེ་ཡི་མིང་དང་འཛིན་གྲྭ་གང་ལ་སླེབས་ཡོད་མེད་ཀྱི་གནས་ཚུལ་དྲིས་སོང་པས། ཕྲན་ལ་ཅི་ཡང་མ་དྲིས་སྟབས་ངའི་སེམས་ནང་ཅུང་ཟད་སྐྱོ་སྣང་གི་ཚོར་བ་ཞིག་བྱུང་བ་དེ་རིང་ད་དུང་ཡང་ཚོར་བ་དེ་གསོན་པོ་རེད།
གང་ལྟར་ཡང་། ཨ་ལགས་བསེ་ཚང་གིས་མཚན་མོ་དེར་བཀའ་མོལ་མང་པོ་ཞིག་གནང་ཡོད་ན་ཡང་། དེ་རིང་ཡིད་ངོགས་སུ་གཅིག་ཀྱང་མི་འདུག་མོད། འོན་ཀྱང་ཕྲན་གྱི་ཡིད་ངོགས་སུ་ལོ་ངོ་མང་པོ་འགོར་ཀྱང་བརྗེད་མེད་པར་གསལ་བོ་ཞིག་འདུག་པ་ནི། ༡༩༥༨ལོར་ཁོ་རང་རྒྱ་ནག་གིས་འཛིན་བཟུང་བྱས་བའི་བརྒྱུད་རིམ་ཐུང་ངུ་ཞིག་གསུངས་པ་དེ་རེད། ཨ་ལགས་བསེ་ཚང་དགུང་ལོ་༡༦ཡིན་པའི་སྐབས། རྒྱ་ནག་གུང་ཁྲན་ཏང་གིས་འཛིན་བཟུང་བྱས་ཏེ། དམག་མི་ཞིག་གིས་ཁོང་ཚང་གི་ཕྱག་གཉིས་ཐག་པས་བགྱིགས་ཏེ་རྒྱབ་ལོགས་ནས་ཐག་སྣེ་ཞིག་གིས་ཡར་འཐེན་ཏེ། ཁོང་གི་ཕྱག་གཉིས་སྐེ་གཉའ་བར་སླེབས་སོང་ཞེས་གསུངས་སོང་། ང་རང་བརྗེད་ནོར་ཐེབས་མེད་ན། སྐབས་དེར་བསེ་ཚང་གི་ཕྱག་གཡོན་པ་ལ་སྐྱོན་ཅན་ཞིག་ཏུ་གྱུར་ཡོད་པ་དེ་ང་ཚོར་བསྟན་སོང་། ཨ་ལགས་བསེ་ཚང་གིས་མུ་མཐུད་ནས་སྐབས་དེར་ལོ་ན་ཆུང་སྟབས། རྒྱ་དམག་གིས་ཁོང་ཚོའི་མདུན་དུ་མེ་མདའ་འཁོར་ལོ་ཅན་བཞག་པས། ཁོང་ཚང་གི་མིག་ལམ་དུ་མེ་མདའི་ཁ་ན་སླ་ངའི་ཆེ་ཆུང་ལྟ་བུ་ཞིག་འདུག་གསུངས་ཞོར། ཁོང་ཚང་གི་ཕྱག་གིས་བར་སྣང་ལ་རི་མོ་གོར་གོར་སླ་ངའི་དབྱིབས་ལྟ་བུ་ཞིག་འབྲི་ཞོར། ཁོང་ཚང་བཞད་མོ་ཤུགས་ཆེན་གད་སོང་བ་དེ་རིང་ད་དུང་ཡང་ངའི་རྣ་ལམ་དུ་གསལ་བོར་རེད། མཚམས་དེར་ཐེ་བུའི་གྲྭ་བ་བློ་བཟང་ལ་ཁོང་ཚང་གིས་ཀུ་རེ་རྩེད་བ་ཡང་ངའི་དྲན་ངོགས་སུ་འདུག
ཨ་ལགས་བསེ་ཚང་བཙོན་ཁང་ནང་བཞུགས་པའི་སྐབས་ཀྱི་གནས་ཚུལ་གསུངས་དུས། ཁོང་ཚང་གི་ཞལ་རས་ལ་ཅུང་སྐྱོ་སྣང་ཞིག་གི་རས་གཞིའི་གཡོགས་ཞོར། ང་རང་བཙོན་ཁང་དེའི་ནང་གི་བཙོན་པ་ལོ་ན་ཆུང་ཤོས་གྲལ་རེད། ང་ཚོ་བཙོན་པ་མང་པོ་མཉམ་དུ་བཙོན་ཁང་ནང་དུ་བཅུགས་ཡོད་པས། ཁང་པ་དེའི་ནང་དུ་གཅིན་སྐྱག་གཉིས་ཀ་གཏོང་དགོས་སྟབས། ཁང་པའི་ནང་གཅིན་སྐྱག་གི་དྲི་མ་འཐུལ་ནས་འདུག བཙོན་པ་ཁ་ཤས་ནད་པ་ཡང་རེད། བཙོན་པ་རེ་རེ་ལ་ཟ་མ་དང་ཆུ་ཁོལ་འཐུང་སྤྱད་ཀྱི་ལྕགས་ཕོར་རེ་ཡོད་པ་རེད། ཁོང་ཚང་གི་ལྕགས་ཕོར་ནང་དུ་བཙོན་པ་ནད་པ་དེ་ཚོར་གཅིན་པ་གཏོང་དུ་བཅུགས་ནས། ཁོང་ཚོའི་བཙོན་ཁང་གི་སྒེའུ་ཁུང་ཕྱི་ལོགས་སུ་ཕོད་ཀྱི་ཡོད། ང་རང་ཆོས་སྒོར་ཞུགས་ནས་མི་ལ་ཕན་ཞིག་ཐོགས་ཡོད་པ་དེ་ཡིན། བཙོན་ཁང་ནང་དུ་ཡོད་པའི་སྐབས་དེར་དངོས་གནས་སེམས་གཙང་མ་རྣམ་དག་གིས་བཙོན་གྲོགས་མང་པོ་ལ་ཞབས་ཞུ་སྒྲུབས་པ་དེ། དུས་རྒྱུན་ཡིད་ལ་འཁོར་གྱི་འདུག་གསུངས་བའི་བཀའ་མོལ་འདི་ནི། ས་མཐའ་ནས་ལོ་ངོ་མང་པོ་ཕྱིན་ཀྱང་བརྗེད་ཐབས་མེད་པ་ཞིག་རེད། རྗེས་ནས་རོང་བོ་དགོན་པའི་ནང་ཕེབས་ཡོད་པ་ཐོས་ཀྱང་། ཆེད་མངགས་མཇལ་ཁ་ཞུ་རུ་ཡང་འགྲོ་མྱོང་མེད་ལ། སྨོན་ལམ་སྣ་ལྔའི་ལུང་དེ་ལས་གཞན་པའི་ཆོས་འབྲེལ་བཞག་པ་ཡང་དྲན་གྱི་མི་འདུག དེ་རིང་ཁ་ཕྱིར་འཁོར་ནས་བསམ་གཞིགས་རེ་བྱས་ཚེ། མཚན་མོ་དེར་སྲིབ་མཐའི་བན་རྒྱ་ཚོར་སྨོན་ལམ་སྣ་ལྔའི་ལུང་གནང་བ་དེ་ནི། ཨ་ལགས་བསེ་ཚང་གི་མཁས་བའི་མཚན་སྙན་རྒྱས་བའི་སྒོ་འབྱེད་ལྟ་བུ་ཞིག་ཏུ་གྱུར་འདུག་སྙམ།
ཨ་ལགས་བསེ་ཚང་གི་མ་སྤུན་གྱི་བུ་ཚེ་འདས་དགེ་འདུན་ཕུན་ཚོགས་སམ་ཇ་མ་སྣ་སྐོ། ཆོས་སྒོ་མ་ཕྱེ་བའི་ཡར་སྔོན་ཙམ་ཞིག་ལ། ཁོ་རང་ཨ་ལགས་བསེ་ཚང་གི་ཞབས་ཞུ་བྱེད་པར་གཙོ་རུ་ཡོད་པའི་སྐབས་དེར། རྒྱ་ནག་གི་ས་གནས་འགོ་ཁྲིད་སྐོར་ཞིག་ཁོང་གི་གཟིམ་ཤག་ལ་སླེབས་པའི་བརྡ་ཐོ་འབྱོར་མ་ཐག ཨ་ལགས་བསེ་ཚང་གི་གཟིམ་ཤག་ནང་དུ་མཆོད་བཤམས་ཆུང་ངུ་ཞིག་ཡོད་པ་དེའི་ནང་དུ་༧གོང་ས༧རྒྱལ་བ་རིན་པོ་ཆེ་ཡི་སྐུ་པར་ཆུང་ཆུང་ཞིག་ཡོད་པ་དེ་པར་གཞན་ཞིག་གི་རྒྱབ་ལོགས་སུ་སྦས་རོགས་གསུངས་ཞོར། རྒྱ་ནག་གི་འགོ་ཁྲིད་ཚོས་སྐུ་པར་དེ་མཐོང་ཚེ། ཡང་ཁོང་ཚང་གི་མགོ་ལ་ཞྭ་མོ་ནག་པོ་ཞིག་གཡོགས་སྲིད་པ་རེད་ཅེས་གསུངས་བའི་རྒྱུད་རིམ་ཐུང་ངུ་དེ། ངའི་ཆུང་དུས་ཀྱི་རྩེད་གྲོགས་འདས་པོ་དགེ་འདུན་ཕུན་ཚོགས་ཀྱིས་ཕྲན་ལ་གསུངས་མྱོང་བ་ཞིག་དྲན་གྱི་འདུག
རོང་བོ་དགོན་པའི་དགེ་བཤེས་ཞིག་གིས་ཕྲན་ལ་གསུངས་བའི་གནས་ཚུལ་ཞིག་བཀོད་ན། སྐྱ་སའི་མགར་རྩེ་རུ་ཨ་ལགས་བསེ་ཚང་གིས་འཇིགས་བྱེད་ཀྱི་དབང་གནང་བའི་སྐབས་སུ། བོད་གངས་ཅན་གྱི་ཉི་ཟླ་རྣམ་གཉིས་ལས་དགུང་གི་ཟླ་བ་ནི་ནུབ་ཚར་བ་རེད། དགུང་གི་ཉི་མ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ནང་སྒོས་བོད་གངས་ཅན་གྱི་བདེ་སྐྱིད་ཆེད་དུ་ས་མཐར་བཞུགས་ཡོད་པ་རེད་ཞེས་གསུངས་ཞོར། ཨ་ལགས་བསེ་ཚང་ཁྲི་ཐོག་ནས་ཐུགས་སྐྱོ་སྟེ་དུས་ཡུན་རིང་པོ་ཞིག་ལ་ཞུམ་ནས་སྤྱན་ཆབ་བཞུར་སོང་ཟེར། གང་ལྟར་ཡང་། གོང་གི་གནས་ཚུལ་ཐུང་ངུ་འདི་གཉིས་ང་རང་ཉིད་ཀྱིས་དངོས་སུ་ཁོང་ཚང་གི་ཞལ་ནས་ཐོས་པ་མ་ཡིན་པར། གྲོགས་པོའི་ཁ་ནས་ཐོས་པ་ཞིག་འདིར་བཀོད་པ་ཡིན།
གང་ལྟར་ཡང་། ཨ་ལགས་བསེ་ཚང་གིས་བརྩམས་པའི་ཚངས་སྲས་བཞད་སྒྲ་ཀློག་པའི་མྱོང་ཚོར་ཞིག་བྲིས་ཏེ། དྲན་ཐོའམ་བླ་མའི་རྗེས་དྲན་ཐུང་ངུ་འདིའི་མཇུག་བསྡུ་རྒྱུ་ཡིན། ཕལ་ཆེར་ལོ་རབས་༨༠མཇུག་ཙམ་ཞིག་ལ། ཚངས་སྲས་བཞད་སྒྲའི་དེབ་ཐོན་རྗེས། གྲྭ་རྐྱང་དཀྱུས་མ་ཉམས་ཆུང་ཞིག་ལ་དངུལ་མེད་ཀྱང་ཀློག་འདོད་ཀྱི་འདུན་པ་ལ་ཟློག་ཐབས་མ་རྙེད་པར། གྲོགས་པོ་ཞིག་ལ་དངུལ་གཡར་ཏེ་ཉོས་ནས་ཞིབ་ཀློག་ཁ་ཤས་བྱས་མྱོང་བ་མ་ཟད། ཚངས་སྲས་བཞད་སྒྲ་ནི་སྙན་ངག་སློབ་མཁན་ཞིག་ཡིན་ཚེ། ཚངས་སྲས་བཞད་སྒྲ་ལས་ལྷག་པའི་སྙན་ངག་དགེ་རྒན་ཞིག་ཟུར་དུ་དགོས་ས་མ་རེད་སྙམ་པའི་ཚོར་བ་ཞིག་སྔོན་མ་རོང་བོ་དགོན་པ་རུ་ཡོད་དུས་ཐེངས་མང་སྐྱེས་མྱོང་ལ། གྲྭ་གྲོགས་མང་པོ་ཡང་དེ་འདྲ་བཤད་མྱོང་ཡོད། གང་ལྟར་ཡང་། ཨ་ལགས་བསེ་ཚང་མཁས་པ་ཡིན་མིན་ནི་ཚངས་སྲས་བཞད་སྒྲ་གཅིག་པོ་ལས་ཀྱང་ཤེས་ཐུབ་པས། འགྲེལ་བཤད་གཞན་ཞིག་དགོས་དོན་མི་འདུག་སྙམ། དེ་མ་ཡིན་པའི་གསུང་རྩོམ་གཞན་རྣམས་མཇལ་བའི་སྐལ་བ་ད་རུང་བྱུང་མ་སོང་མོད། འོན་ཀྱང་གསུང་རྩོམ་གཞན་རྣམས་ཀྱང་ས་མཐའ་འདི་ནས་ཀློག་འདོད་ཀྱི་རེ་བ་ཤིན་ཏུ་ཆེ།
ཚངས་སྲས་ལྷ་མོའི་རིག་པའི་བུ་ཆུང་ཞིག།
རིག་པ་འབྱུང་བའི་གྲོང་དུ་སྐུ་བལྟམས་ཏེ།།
གཞོན་ནུའི་དུས་ནས་སྲིན་པོའི་མཚོན་ཆའི་འོག།
མུན་པའི་བཙོན་དུ་བཅུགས་ཀྱང་ཞུམ་མེད་ཀྱི།
ཐུབ་དབང་ཉི་མས་བློ་གྲོས་པད་མོ་བཞད།།
པད་མོའི་མཐའ་ལ་འཁོར་བའི་སྦྲང་ཆུང་ཞིག།
རྒྱང་ནས་རིང་དུ་འཕུར་ཀྱང་སེམས་ཀྱི་ངོར།།
ཞལ་རས་པད་མོ་ཡིད་ལ་ཡང་ཡང་འཁོར།།
2/9/2021ལ་ཡོ་རུབ་ནས་ནམ་མཁས་བྲིས།
མཁས་བའི་ཡང་རྩེ་་་བཙུན་པའི་མིག་རྒྱན་་་མི་རིགས་ཤིག་གི་བླ་སྲོག་ཆད་ལ་ཉེ་བའི་སྐབས་རྣམ་ཤེས་ལ་སོན་ཤུགས་གསར་བ་སྐྲུན་མཁན། རིག་གཞུང་ཞིག་གི་མི་ཚེ་རྫོགས་ལ་ཉེ་བའི་སྐབས་ཚེ་ལྷག་གི་འཇིག་རྟེན་གསར་བ་གནང་མཁན། ཁྱོད་དང་ཁྱོད་ལྟ་བུའི་རླབས་་ཆེན་གྱི་སྐྱེ་བུ་དམ་ཉུང་ཉུང་ཡིན་ངོ་མ་ཡིད་སྐྱོ་སོང་་་་སེམས་སྡུག་སོང་།