གཞུང་པ་ཚེ་དབང་བསོད་ནམས།
དེང་སྐབས་འཛམ་གླིང་གི་ལུང་པ་མང་ཆེ་བ་མང་གཙོ། ( Democracy ) ལམ་ལུགས་ནང་འགྲོ་བཞིན་པ་དང་། མང་གཙོ་དེ་ཡང་སྲིད་འཛིན་ལམ་ལུགས། (Presidential System ) དང་། གྲོས་ཚོགས་ལམ་ལུགས། ( Parliamentary System ) བཅས་ལམ་ལུགས་གཉིས་ཡོད་པ་ནས་ཨ་རི་ལྟབུ་སྲིད་འཛིན་ལམ་ལུགས་དང་། རྒྱ་གར་ལྟབུ་གྲོས་ཚོགས་ལམ་ལུགས་བཅས། མང་གཙོ་དེ་ཡང་ཁྲིམས་ཡིག་གི་ལམ་སྟོན་འོག་གཞུང་སྲིད་སྐྱོང་དགོས་པའི་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ ( Rule of Law ) འོག་འགྲོ་བཞིན་པ་དང་། མང་གཙོའི་ལམ་ལུགས་ནི་མི་ཚང་མར་འདྲ་མཉམ་གྱི་ཐོབ་ཐང་དང་། འདྲ་མཉམ་གྱི་འགན་དབང། འདྲ་མཉམ་གྱི་རང་དབང་དང་། འདྲ་མཉམ་གྱི་ཆེ་མཐོང་དང་། འདྲ་མཉམ་གྱི་གུས་བརྩི་དང་། འདྲ་མཉམ་གྱི་ཡིད་ཆེས་བཅས་ཡོད་པའི་ཆབ་སྲིད་ཀྱི་ལམ་ལུགས་ངོ་མཚར་ཅན་ཞིག་ཡིན་པ་དང་། སྤྱི་ལོ་ ༡༩༥༩ ལོར་བོད་དུ་དུས་ཟིང་ལངས་ནས་༸གོང་ས་མཆོག་གི་དབུ་འཁྲིད་འོག་ཁོང་གི་བཀའ་ཤག་ལྷན་རྒྱས་དང་བོད་མི་ཁྲི་བརྒྱད་ལྷག་
ཙམ་བཅས་རྒྱ་གར་འཕགས་པའི་ཡུལ་དུ་ཆབ་སྲིད་ཀྱིས་སྐྱབས་བཅོལ་དུ་༸ཞབས་སོར་འཁོད་མ་ཐག་༸གོང་ས་མཆོག་ནས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མི་མང་མང་གཙོའི་ལམ་ལུགས་ལ་ཁ་ཕྱོགས་ནས་བོད་ཀྱི་རྩ་ཁྲིམས་གསར་བཟོ་གནང་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཡང་མང་གཙོའི་ལམ་ལ་འཁྲིད་ནས་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་མི་མང་གི་སྐུ་ཚབ་འཐུས་མིའི་སྒྲིག་འཛུགས་སྤྱི་འཐུས་གསར་འཛུགས་དང་འབྲེལ་དེ་སྔའི་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་སྙིགས་དོར་བཅུད་ལེན་གནང་ནས་སྤྱི་ལོ་ ༡༩༦༠ སྤྱི་ཟླ་ ༩ པའི་ཚེས་ ༢ ཉིན་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་མང་གཙོའི་སྒྲིག་གསར་འཛུགས་གནང་བ་དང་། སྤྱི་ལོ་ ༡༩༩༠ ལོར་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཟུར་འཛུགས་དང་འབྲེལ་སྤྱི་འཐུས་སྐབས་བཅུ་གཅིག་ནས་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ནས་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་༸གོང་ས་མཆོག་གི་མཆོག་མཆན་ཕེབས་པའི་ཉིན་མོ་ནས་དངོས་སུ་ཁྲིམས་ཡིག་ཆགས་ནས་དུས་ད་ལྟ་བར་མི་ལོ་ ༦༡ རིང་བོད་མི་བཙན་བྱོལ་བ་རྣམས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་འོག་ཁྲིམས་མཐུན་གྱི་འཚོ་བ་ལ་བག་ཡོད་བསྟེན་ནས་རང་སྐྱིད་མི་སྨོན་དུ་འཚོ་བཞིན་པ་ནི་༸གོང་ས་མཆོག་གི་བཀའ་དྲིན་ཁོ་ན་ཡིན་པ་བོད་མི་བསམ་ཡོད་བློ་ལྡན་ཚང་མས་དུས་ནམ་ཡང་བརྗེད་མི་ཉན་པ་དང་། སྤྱི་ཚོགས་ཀྱི་འཕེལ་རིམ་དང་། རྒྱལ་སྤྱིའི་གནས་བབ། དུས་ཀྱི་འགྱུར་བ་སོགས་ལ་ཐུགས་འགན་བཞེས་ནས་སྤྱི་ལོ་ ༢༠༠༢ ལོར་འཛིན་སྐྱོང་གི་འགན་དབང་ཆ་ཚང་མི་མང་གི་འདམས་པའི་བཀའ་བློན་ཁྲི་པ་ལ་གནང་ནས་༸གོང་ས་མཆོག་ཕྱེད་རྒན་ཡོལ་དུ་བཞུགས་པ་དང་། སྤྱི་ལོ་ ༢༠༡༡ ལོར་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་མི་མང་གི་འདམས་པའི་བཀའ་བློན་ཁྲི་པར་གནང་ནས་དེ་སྔའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་སྡེ་པ་གཞུང་ནས་ལོ་ངོ་བཞི་བརྒྱ་མ་ཟིན་ཙམ་རིང་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་གནང་བའི་ལམ་ལུགས་འཇུག་བསྡུས་ནས་དབུས་བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་མི་མང་གི་འཚོ་བའི་ལས་གཞི་ལ་འགན་འཁུར་བཞེས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒོ་བྱང་ཡང་བརྗེ་པོ་རྒྱབ་ནས་བདེན་པ་ཉིད་རྣམ་པར་རྒྱལ་རྒྱུར་ཅིག་ཟེར་བའི་ཚིག་བརྗོད་འདིའི་འོག་ཏུ་འགན་འཁུར་དགོས་པའི་བོད་ཀྱི་མང་གཙོའི་ཁ་ཕྱོགས་གསལ་པོ་བསྟན་པ་དང་། འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་སྤྱིའི་འགྲོ་ལུགས་དང་མཐུན་པའི་མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་འོག་བོད་མི་མང་འཚོ་ཐུབ་པའི་མང་གཙོའི་སྒྲིག་འཛུགས་འཛིན་སྐྱོང་གནང་མཁན་གྱི་སྡེ་ཚན་གསུམ་ལ་ང་ཚོའི་མང་གཙོའི་ཀ་བ་གསུམ་འབོད་བཞིན་པ་ནི་བཅའ་ཁྲིམས་ལེའུ་བཞི་པ། སྒྲིག་འཛུགས་ཀྱི་འགན་འཛིན། འཛིན་སྐྱོང་བཀའ་ཤག། ( Executive ) དང་། བཅའ་ཁྲིམས་ལེའུ་ལྔ་པ། ཁྲིམས་བཟོའི་དབང་འཛིན། ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས། ( Legislature ) དང་། བཅའ་ཁྲིམས་ལེའུ་དྲུག་པ། ཁྲིམས་ལུགས་དབང་འཛིན། ཆེས་མཐོའི་ཁྲིམས་ཞིབ་ཁང། ( Judiciary ) བཅས་སྡེ་ཚན་འདི་གསུམ་ནས་བཙན་བྱོལ་མི་མང་གི་འཚོ་བའི་ལས་དོན་དང་འབྲེལ་བའི་མི་མང་གི་མངོན་འདོད་སྒྲུབ་དགོས་པ་མཐའ་དག་བཅའ་ཁྲིམས་ལ་འགན་འཁུར་ནས་གནང་དགོས་པ་ལས་སུ་གཅིག་བཅའ་ཁྲིམས་ཀྱི་གོང་དུ་མེད་པ་ནས་ཁྲིམས་ཀྱི་དབང་བསྒྱུར། ( Rule of Law ) ཟེར་བའི་གོ་དོན་ངོ་མ་དེ་ཡིན་པ་དང་། བཅའ་ཁྲིམས་དོན་ཚན་སོ་དྲུག་པ། ཁྲིམས་བཟོའི་དབང་ཆ། ཞེས་པའི་ནང་ཁྲིམས་ལུགས་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅའ་བ་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་བཀོད་དགོས། ཅེས་གསལ་བ་ནས་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་མ་བཀོད་ན་ཁྲིམས་འཆར། ( Bill ) དུ་ལྷག་རྒྱུ་ཙམ་ལས། ཁྲིམས་ ( Act ) ནམ་ཡང་ཆགས་མི་ཐུབ་པ་གསལ་པོ་བསྟན་འདུག་ན་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་ནང་ནས་དབང་ཆ་ཆེ་ཤོས་དེ་འཛིན་སྐྱོང་སྡེ་ཚན་ལ་ཡོད་པ་བཅའ་ཁྲིམས་དོན་ཚན་སོ་དྲུག་ནས་གསལ་སྟོན་གནང་མི་འདུག་གམ། རྒྱལ་ཁབ་མང་པོའི་གྲོས་ཚོགས་ཀྱིས་སྒྲིག་ལམ་ནང་མི་མང་ནས་འདམས་འཐོན་ཟིན་པའི་འཐུས་མི་ཚོའི་ཉིན་གྲངས་དུས་བཀག་ནང་འཐུས་མིའི་ལས་འཁུར་དམ་བཅའ་འབུལ་དགོས་པ་དང་། དུས་བཀག་དེའི་ནང་ལས་འཁུར་དམ་འབུལ་མ་ཐུབ་ཚེ་འདམས་འཐོན་འཐུས་མི་ནས་རང་བཞིན་་བུད་ནས་ཚབ་གསར་འོས་འདེམས་དགོས་པའི་སྒྲིག་ལམ་ཡོད་འདུག་ན་ང་ཚོའི་བཅའ་སྒྲིག་གང་གི་ནང་དུའང་དེ་འདྲའི་གསལ་ཁ་མེད་པ་ནས་མ་འོངས་བཅའ་སྒྲིག་ལ་བསྐྱར་བཅོས་ངེས་པར་འགྲོ་དགོས་པ་ནི་ད་ལམ་གྱི་གནས་སྟངས་ནས་ང་ཚོར་ཉམས་མྱོང་དང་སླབ་བྱ་ནན་པོ་ཞིག་ཐོབ་པར་ངོས་འཛིན་ཡང་ཞུ་གི་ཡོད་ལ་ཁྲིམས་ཀྱིས་དབང་བསྒྱུར་འོག་མི་མང་འཚོ་མ་ཐུབ་པའི་ཉིན་མོ་དེ་ནས་མང་གཙོ། ( Democracy ) དམངས་གཙོ། ( Proletarian ལ་ཁ་ཕྱོགས་པར་ངོས་འཛིན་བྱེད་ཆོག་པ་བཅས་གོང་གི་དཔྱད་རྩོམ་འདི་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱིས་བསམ་ཚུལ་གླེང་པ་འདིའི་ཀྱང་བཙན་བྱོལ་བོད་ཀྱི་མང་གཙོ་འདི་བཞིན་ཁྲིམས་ཀྱི་དབང་བསྒྱུར་འོག་ཡུན་རིང་འཚོ་ཐུབ་པའི་སྨོན་པ་བཟང་པོའི་རྒྱན་སྟེ་རེ་ཞིག་འདིར་འཇུག་བསྔུས་པའོ།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༩ པའི་ཡར་ཚེས་ ༡༢ རེ་གཟའ་ཉི་མའི་ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།
གཞུང་པ་ལགས་ Proletarian ལ་དམངས་གཙོ་ཞུས་ན་འཐུས་ཀྱི་ཨ་ཡོད།་དམངས་གཙོ་ཞུ་ན་སྐྱབས་བཅོལ་བོད་མིས་མང་གཙོ་དང་གོ་མཚུངས་ལེན་ངེས་ཡིན། རིགས་ཀྱི་དམངས་དེ་བོད་པར་མེད་ལ་རྒྱ་གར་ཕུད་པས་རྒྱལ་ཁབ་གཞན་ལའང་ཕལ་ཆེར་མེད། Proletarian ཡི་གོ་དོན་དེ་ངས་ནི་ལས་རིག་མི་མང་ངམ་གཞན་ལ་ལས་བཀོལ་བྱ་རྒྱུའི་འབྱོར་བ་མེད་མཁན་གྱི་འབྱོར་མེད་གྲལ་རིམ་ལ་གོ་འདུག ང་རེས་མ་ཤེས་པའི་ལྟ་རིག་ལ་འགྲེལ་བཤད་ཞུ་ཡི་མིན། ཡིན་ཀྱང་བཙན་བྱོལ་བོད་མིའི་མང་གཙོ་དང་དེའི་ཁ་པྱོགས་དེ་ Proletarian ལ་བསྒྱུར་རྒྱུའི་དོག་པ་མིན་འདུག མང་གཙོའི་ལམ་དེ་ཐོག་ད་ལྟ་རྟག་རྟག་འགྲོ་མ་ཐུབ་པའི་ངལ་བའི་ནང་གྱར་ཡོད་ཀྱང་དེ་ནི་ཁྲིམས་བཟོའི་འཐུས་མི་ཁྲིམས་མི་ཤེས་མཁན་དང་ཁྲིམས་ལ་གུས་བཀུར་མེད་པའི་རྐྱེན་ལས་བྱུང་།
སྐབས་འགར་མང་གཙོ་ཟེར་བའི་ཚིག་རེ་ཐོན།།
སྐབས་འགར་དམངས་གཙོ་ཟེར་བའི་དོན་ལ་འགྲེལ།།
སྐབས་འགར་མི་གཙོ་ཟེར་བའི་དོན་རེ་བཤད།།
སྐབས་འགར་ཁྲིམས་གཙོ་ཟེར་བའི་རྒྱུ་མཚན་དྲངས།།
མང་གཙོ་དམངས་གཙོ་གང་ཡིན་ཁྱད་མ་མཐོང་།།
དོན་གྱིས་ཁྲིམས་ཀྱིས་དབང་བསྒྱུར་གཉིས་ཆ་འདོད།།
ཁྲིམས་དོན་ལོག་པར་འགྲེལ་བའི་སྤྱི་འཐུས་འགའ་།།
ཁྲིམས་ཀྱི་ར་བའི་ནང་ནས་གནམ་ལ་མཆོང་།།
བཅའ་ཁྲིམས་ཚིག་དོན་གཉིས་ལ་རྒྱུས་མེད་པའི་།།
རྡོ་འཐུས་གླང་རྒན་འགའ་རེ་ཤོར་ནས་ཡོང་།།
སྤྱི་འཐུས་སྤྱི་འཁོར་ཆེན་པོ་ཞོ་བཞིན་ཆགས།།
མི་འདོད་བཙན་གྱིས་དཀྲུགས་བའི་རྙོག་སློང་རྒྱས།།
མདོ་དོན་ཉིང་བོ་བཤད་ན་འདི་ལྟར་རེད།།
ཁ་གསལ་ཚིག་གསལ་བརྗོད་ན་འདི་འདྲ་རེད།།
དངོས་དོན་བདེན་ཚིག་སྨྲ་ན་འདི་ལས་མེད།།
མང་གཙོའི་ཁ་ཕྱོགས་གང་ཡིན་འབྲེལ་བ་མེད།།