རྫ་ཚེ་རིང་བཀྲ་ཤིས།
མདང་ནུབ་དམ་ཚིག་གི་སྐོར་གྱི་བགྲོ་གླེང་དེ་དག་ལས་འཕྲོས་ཏེ། ངས་ཡང་བསྐྱར་དམ་ཚིག་མདོ་རྒྱས་ཆེན་མོ་དང་རྭ་བ་བརྒྱད་པའི་བཅའ་ཡིག་གཉིས་ལ་ཚར་རེ་མཇལ་བ་ཡིན་ཏེ། ལར་གུས་པས་ནི་རང་གིས་ནམ་རྒྱུན་སྡོམ་པ་དང་དམ་ཚིག་གི་ས་མཚམས་ཆུ་འཚམས་ཡོད་ལ་མེད་ལ་དེ་ཚོ་དང་། སྔགས་པ་དང་རབ་བྱུང་གི་ས་མཚམས་ཆུ་མཚམས་མག་མོག་དེ་ཚོའི་ཐད་དུ་མནོ་བསམ་གཏོང་སྐབས་དཔལ་རོང་ཟོམ་གསུང་འབའ་ཞིག་ལ་ཡང་དང་ཡང་དུ་མཇལ་གྱིན་ཡོད། སོ་སོས་གང་ཞིག་ཉམས་དང་སྦྱར་ནས་བླངས་པ་དང་སྤངས་པའི་ཕྱོགས་དག་ཀྱང་རུང་། གཞི་གང་ཞིག་དང་གང་ཞིག་ནི་འགལ་ཞིང་། གང་ཞིག་ནི་གང་ཞིག་དང་མི་འགལ་བའི་མཚམས་ལ་དཔྱོད་པ་ནའང་གཞུང་འདི་གཉིས་ལྟ་བ་ཁོ་ན་གནད་དུ་འཛིན་ཞིང་ཡོད། སྔགས་པའི་དམ་ཚིག་གི་
སྤྱིའི་གནང་བཀག་སོགས་མང་པོ་ཞིག་གི་ཐད་དུའང་། དམ་ཚིག་མདོ་རྒྱས་ཆེན་པོ་དང་རྭ་བ་བརྒྱད་པའི་བཅའ་ཡིག་ཟུང་དུ་སྦྲེལ་ཏེ་ཡང་དང་ཡང་དུ་ཀློག་པ་ནི་ཤིན་ཏུ་ཟབ་པར་སྣང་། རྭ་བ་བརྒྱད་པའི་ཡི་གེ་འདི་ནི་གངས་ཅན་གྱི་ལྗོངས་འདི་ཙམ་ན་སྔགས་པའི་སྡེར་གཏོགས་པའི་བཅའ་ཡིག་མཇལ་དུ་ཡོད་པ་ཐོག་མ་དེའང་ཡིན། གསུང་རིན་པོ་ཆེ་འདི་དག་གིས་ང་དང་ང་ལྟ་བུ་ཐ་མལ་པ་དག་ལའང་ཁེངས་པ་དང་དྲེགས་པའི་བློ་དང་ཡང་བྲལ་ལ། ཞུམ་པ་འབའ་ཞིག་གིས་ཉམས་སྨད་པའང་མ་ཡིན་པར། རིགས་པ་དང་མཐུན་པའི་ལམ་བཟང་པོ་དང་དགེ་བའི་འོད་སྣང་བསྩལ་པའང་མཐའ་མེད་དོ། །
དེ་ཡང་དམ་ཚིག་མདོ་རྒྱས་ཆེན་མོ་དང་རྭ་བ་བརྒྱད་པ་འདི་གཉིས་ནི། ཇི་སྐད་དུ། འཕགས་པ་ནམ་མཁའི་སྙིང་པའི་མདོ་ལས། ལས་དང་པོ་པ་རྩ་བའི་ལྟུང་བ་བྱུང་བ་རྣམས་ཀྱི་མཁར་བ་ལྟ་བུའོ། །ཞེས་གསུངས་པ་དེ་ཁོ་ནར་སྣང་། གསུང་འདི་དག་ལ་བློ་ཅུང་ཟད་ཕྱོགས་པ་ཙམ་གྱིས་ཀྱང་( )ལྟ་བུར་མཚོན་ན། ང་ནི་སྔགས་པའོ། །ང་ནི་སྔགས་ཆེན་པོའོ། །ང་ནི་གང་བྱས་ཀྱང་ཆོག་པའོ་སྙམ་དུ་འཛིན་པའི་བློ་དང་ཡང་བྲལ་བར་འགྱུར་ལ། ང་ནི་གསང་སྔགས་ཀྱི་སྒོར་ཞུགས་པའོ། །ང་ནི་བཟླས་པ་དང་བསྒོམ་པ་ལ་སོགས་པ་བརྩོན་པའོ་སྙམ་པའི་དད་པ་དང་རྗེས་སུ་འབྲེལ་བའི་ལམ་གྱི་རྣལ་འབྱོར་ལ་སྤོབས་པའི་བློ་དག་ལས་ཀྱང་མ་ཉམས་པར་རྟོགས་ཏེ། མདོར་ན། ཉམས་དང་དགོངས་པ་ཅན་འདི་ལྟ་བུ་ནི་ཡིད་བཞིན་གྱི་ནོར་བུ་འབའ་ཞིག་ཏུ་སྣང་། རང་རེས་ཀྱང་། དཔལ་རོང་ཟོམ་པའི་གསུང་འདི་དག་གི་དོན་ལེགས་པར་གོ་བ་ཞིག་བྱུང་ན་ཐོ་ཅོའི་སྤྱོད་པ་ལ་སྔགས་ཀྱི་རྣལ་འབྱོར་དུ་འཁྲུལ་བའི་ལོག་པའི་འདུ་ཤེས་སྣ་ཚོགས་པ་དག་ཀྱང་སྤོང་བར་འགྱུར་ལ། དམ་ཚིག་དང་སྡོམ་པའི་གནས་འགའ་ཞིག་ལས་དམན་པ་ཙམ་གྱིས་གསང་སྔགས་ཀྱི་ལམ་ལ་འབྲེལ་བ་མེད་པར་འཛིན་པ་ལྟ་བུའི་ཞུམ་པའང་སྤོངས་སུ་འཇུག་སྟེ། མཐའ་གཉིས་དང་བྲལ་བའི་ལམ་བཟང་པོ་རེའང་རྙེད་པར་འདུག་གོ ། མདོར་ན། གངས་རིའི་ལྗོངས་ཙམ་ན་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གསུམ་གྱི་སྒོ་ནས་གསང་བ་སྔགས་ཀྱི་ལུས་ཡོངས་སུ་རྫོགས་པའི་དམ་ཚིག་གི་གཞུང་ལུགས་ཤིག་ལ་མདོ་རྒྱས་ཆེན་པོ་འདི་ལས་རྨད་དུ་བྱུང་ཞིང་ཟབ་པ་དང་བྱིན་རླབས་ཆེ་བ་ཞིག་ནི་མེད་པ་འདྲ་སྟེ། མདོར་ན་དམ་ཚིག་མདོ་རྒྱས་ཆེན་མོ་ནི། གསང་སྔགས་ཕྱི་ནང་དང་། རྫོགས་པ་ཆེན་པོའི་བར་གྱི་དམ་ཚིག་མཐའ་དག་གི་མདོ་ཆིངས་ཆེན་པོར་བཞུགས་པ་ཡིན་ལ། ཁྱད་པར་དུ། གཞུང་འདིར། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་སྔ་ནས་དམ་ཚིག་ཉི་ཤུ་རྩ་བརྒྱད་ཀྱི་དབྱེ་བ་མཛད་པ་དག་ཀྱང་མཐུན་པར་ཚོམས་གཅིག་ཏུ་དྲིལ་ཏེ་བསྟན་པར་བྱའོ། །ཞེས་གསངས་པ་ལྟར། ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཞེད་པའང་མན་ངག་གི་སྒོ་ནས་ཡོངས་སུ་བསྡུ་བར་མཛད་པ་ཡིན་ནོ།།དད་གུས་ཆེན་པོས་མདང་ནུབ་ནས་དེ་རིང་གི་བར་དུའང་གཞུང་འདི་གཉིས་ཡང་བསྐྱར་ཚར་རེ་ཙམ་མཇལ་ཞིང་། ཞོར་དུ་རང་རེ་སྔ་འགྱུར་བའི་རྒྱུད་སྡེའི་གྲྭ་དང་སྔགས་པའི་གྲྭ་དག་གིས་ཀྱང་། རི་བོ་དགེ་ལུགས་པ་དག་གིས་དྲང་ངེས་ལེགས་བཤད་སྙིང་པོ་བློ་ལ་འཛིན་པའི་ཚད་ཙམ་དུ། དམ་ཚིག་མདོ་རྒྱས་ཆེན་མོ་འདི་བློ་ལ་ལེན་པའི་སྲོལ་རེ་དོད་པ་ཞིག་བྱུང་ན་གང་འདྲའི་ཡག་པོ་ཡོད་ས་རེད་ཨང་སྙམ་པ་སོགས་མར་ཉལ་སྐབས་སུའང་སོ་སོའི་ཁ་སྟབས་དང་འབྲེལ་བ་ཡེ་མེད་པའི་འཕྲུལ་སྣང་གི་བསམ་བློའང་འགའ་རེ་བློ་ལ་འཁོར་བཞིན། ས་བཅུའི་དབང་ཕྱུག །སངས་རྒྱས་ཀྱི་སྤྲུལ་པ། འཇམ་པའི་དཔལ་དབང་པོ་མངོན་སུམ་པ། སྤྲུལ་པའི་སྐུ། བོད་ཀྱི་པཎྚི་ཏ་དཔལ་རོང་ཟོམ་ཆེན་པོའི་ཐུགས་རྗེ་དང་ཤེས་རབ་སྙིང་ནས་དྲན་པའི་གསོལ་འདེབས་ཀྱང་ཅི་ནུས་སུ་བྱས་ཏེ་གཉིད་དུ་ཡུར་རོ། །
དེ་ཡང་བོད་ཀྱི་པཎྚི་ཏ་ཆེན་པོ་དཔལ་རོང་ཟོམ་པས་དམ་ཚིག་མདོ་རྒྱས་ཆེན་མོའི་དབུ་ན་མར་འདི་ལྟར། དཔེར་ན་ལོ་ཏོག་ཐམས་ཅད་ས་དག་ལ། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག །སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེ། །ཇི་ལྟར་སྐྱེས་བུ་སྲོག་དབང་འགགས་གྱུར་ན། །དབང་པོ་གཞན་རྣམས་གནས་པར་མི་འགྱུར་བཞིན། །དམ་ཚིག་སྲོག་གི་དབང་པོ་འགགས་གྱུར་ན། །དགེ་བའི་དབང་པོ་གཞན་རྣམས་གནས་མི་འགྱུར། །དེ་ཕྱིར་ཐར་པ་འདོད་པས་དད་བརྟེན་ནས། །དགེ་བའི་གཞི་སྲོག་སྡོམ་ལ་ནན་ཏན་བསྐྱེད། །ལམ་འབྲས་ཆོས་དངོས་ཤེས་རབ་ཏིང་ངེ་འཛིན། །དེ་ལ་དགེ་ཚོགས་ཡོན་ཏན་ཀུན་རྫོགས་ཀྱང་། །ཇི་སྲིད་དེ་ཉིད་སྟོབས་སུ་མ་གྱུར་ཅིང་། །ཇི་སྲིད་སྨོན་ལམ་དབང་དུ་མ་གྱུར་དང་། །ཇི་སྲིད་སྐྱེ་བ་ལས་ཀྱིས་ལེན་གྱི་བར། །སྡོམ་པའི་གྲུ་ཡིས་སྲིད་པའི་མཚོ་ལས་སྒྲོལ། །དེ་ལྟར་ཐོས་དང་ཤེས་རབ་ལྡན་གྱུར་ཅིང་། །ལས་བརྗོད་བསམ་གཏན་མཆོག་ལ་བརྩོན་པས་ཀྱང་། །ཁྱིམ་པའམ་ནི་རབ་ཏུ་བྱུང་བ་ཡི། །སྡོམ་པ་གང་ནོས་བསྙེམས་པས་བཏང་མི་བྱ། ། ཞེས་སོགས་གསུངས་ལ། ཡང་མཇུག་རྩོམ་གྱི་ཆ་ཤས་སུའང། དེ་བས་དད་ལྡན་དམ་ཆོས་སྤྱོད་རྣམས་ཀྱིས། །བསླབ་དང་ཉོན་མོངས་སོ་སོར་མ་བཞག་པར། །བསླབ་པ་ཐམས་ཅད་ཉོན་མོངས་སྟེང་དུ་ཞོག །སྦྱོར་བའི་ལས་ཀྱང་གཞན་མིན་དེ་ཉིད་དོ། །གལ་ཏེ་དེ་ལྟར་མ་ཡིན་ན། །ཉོན་མོངས་རྒྱུ་ཚོགས་མི་ཞི་ཞིང་། །སྙིང་རྗེ་བསྐྱེད་པར་མི་བྱེད་པའི། །ཤེས་རབ་དེ་ཡང་བལྟ་གནས་ཉིད། །ཉོན་མོངས་སྐྱོན་རྣམས་མི་ལྡོག་ཅིང་། །སླར་ཡང་ཉོན་མོངས་གྲོགས་གྱུར་པའི། །ཚུལ་ཁྲིམས་དེ་ཡང་ཚུལ་འཆོས་ཙམ། །ཞེས་དང་། ཉོན་མོངས་ཞི་བར་ནུས་པ་ན། །བསླབ་པ་གཅིག་ལ་ཀུན་ཀྱང་ཚང་། །དེ་བས་རྒྱུ་མེད་སྤྱོད་རྣམས་ཀྱིས། །བསླབ་པས་ཉོན་མོངས་གདུལ་བའི་རིགས། །ཞེས་སོགས་གསུངས་སོ།།འོན་ཀྱང་མཇུག་གི་གཞུང་དོན་གྱི་མཇུག་དང་མཇུག་རྩོམ་ཚིགས་བཅད་ཀྱི་དབུའི་བར་གྱི་ཤོག་ལྷེ་ངེས་ཅན་ཞིག་ཆད་ཡོད་པ་འདིའང་། ངེས་པར་དུ་འབྱུང་འགྱུར་དཔེ་གཞན་ལས་ཁ་གསབ་ཡོང་ཐབས་སུ་འབད་དགོས་པ་ཡོད་དོ།།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྤྱི་ལོ་ ༢༠༢༡ ཟླ་ ༩ ཚེས་༡༥ ལའོ།།