དུར་བྱང་།
འགྲོ་བ་མིའི་རིགས་ཀྱི་མི་ཚེའི་རིན་ཐང་གི་ལྟ་བ་ནི་ཁམས་ཀྱི་དར་རྒུད་སྣ་ཚོགས་ལས་བྱུང་བ་ཤ་སྟག་རེད། འོན་ཀྱང་། ལོ་རྒྱུས་ཀྱི་དྲན་པ་ནི་མདུན་བསྐྱོད་ཀྱི་ལམ་ཡིག་ཆེས་གལ་ཆེ་བ་ཞིག་ཡིན་པར་བདག་གིས་འདོད། “ཕ་རྒོད་པོ་ཤ་གཟན་ཞིག་ལ། བུ་ཁ་ཏྭ་སྐྱག་གཟན་ཞིག”ཟེར་བའི་སྡོམ་ཚིག་དོན་དུ་སྨིན་པའི་ང་ལ་མཚོན་ན་ཅི་བྱ་གཏོལ་མེད་དུ་གྱུར་ཡོད།
དབྱར་ཁ།
དབྱར་གཞུང་ལྟ་བུའི་བོད་བཙན་རྒྱལ་ཆེན་པོའང་ཆོས་ཉིད་དེ་ལས་ལྡོག་ཐབས་མ་མཆིས་ཀྱང་།
ཆེས་མངོན་གསལ་ཅན་གྱི་བྱུང་བ་མཐའ་ཡས་པ་ཞིག་ཡིག་རྙིང་ཤོག་དྲིལ་ཁག་ལས་མཇལ་ཐུབ་པ་ཡིན། དཔའ་ཟེར་ན་ནི་དཔའ། མཛངས་ཟེར་ན་ནི་མཛངས་ལ། སུས་ཀྱང་བསྒྲུན་མི་བཏུབ་པའི་བཙན་རྒྱལ་དག་དང་། བློན་ཆེན་ཡུལ་གཟངས་གཙོས་ཟུ་ཙེ་དང་དབྱི་ཚབ། མྱི་ཆེན་དང་ཞང་སྣང་སོགས་ཡོད་པས་ད་གཟོད་མངའ་ཐང་ཕྱོགས་བཞིར་བསྐྱེད་པ་ཡིན་ལགས། ངོ་མཚར་བའི་བྱུང་རབས་འདི་དག་ཁོ་བོས་མཚོ་འགྲམ་ནས་བཀླགས་་ཤིང་རྒྱ་མཚོའི་རླབས་དང་འགྲོགས་ནས་མི་ལོ་ཧྲིལ་བོ་ཉིས་སྟོང་མ་ཟིན་པའི་སྐབས་སུ། བོད་བཙན་རྒྱལ་ཆེན་པོའི་ལྟེ་བར་གྱུར་བའི་ཕོ་བྲང་དམར་པོའི་ཉེ་འགྲམ་དུ་ཕྱིན་ནས་སྤོབས་པ་དང་ང་རྒྱལ་གྱི་བྱིན་རླབས་ཞུས་པ་ཡིན།
“ཕོ་རྣམས་གྲི་དང་མདའ་གཞུ་མ་བྲལ་བ་བྱེད།” “མཛངས་པ་ནི་བསྟོད། དཔའ་བོ་ནི་བཀུར།” “སྡར་མ་རྣམས་ཀྱི་མགོ་ལ་ཝ་མོའི་མཇུག་མ་བཏགས་ཏེ་དམའ་འབེབས་བྱེད།” བྱིན་རླབས་ཀྱི་མཚན་ཁ་འབར་བའི་བོགས་རྣམས་ཐོབ་རྗེས། མུ་མཐུད་ནས་འཆར་སྣང་གིས་རྩེད་ར་བསྒྲུགས་པ་ཡིན།
སྟོན་ཁ།
ངོ་མཚར་བའི་དབྱར་གཞུང་རིམ་གྱིས་འདས་ཤིང་། སྟོན་ཁའི་སྡོང་ལོ་དག་གནས་ངེས་མེད་དུ་རླུང་གིས་དེད་ནས་གྲུ་ཁུག་རེ་ན་ཚོམ་བུ་དང་ཚོམ་བུའི་ཚུལ་དུ་ཡོད།
ཆོས་ཀྱི་དཔའ་བོར་བསྔགས་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རླབས་ཆེ་བའི་རིག་གཞུང་དག་ཐེར་གྱི་སླད་དུ་རང་ཉིད་ཀྱི་སྐུ་སྲོག་བློས་བཏང་མཛད། དེ་མཚུངས་སྔ་རྗེས་སུ་བྱོན་པའི་ལོ་པཎ་བཀའ་དྲིན་དག་གིས་སླད་མེད་དྭངས་གཙང་ཡིན་པའི་ཤེས་རིག་གི་སྒྲོན་མེ་སླར་ཡང་སྦར་ཞིང་དགུང་དུ་འཕྱོ།
མི་ཚེའི་རིན་ཐང་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་ད་ཚོད་ཅིག་ལ།
“བྱེས་ན་དགྲ་ཆས་དོར།།
གཞོན་པ་རྣམས་མདའ་སྟན་བྱེད།”
ཅེས་སོགས་བོད་བཙན་རྒྱལ་ཆེན་པོའི་སྙིང་སྟོབས་ཤུལ་མེད་དུ་གྱུར་ཟིན་པའི་ལོ་རྒྱུས་ཀྱི་དྲན་པ་ལ་འཁང་ར་བྱེད་བཞིན་དགའ་སྐྱོ་ཟུང་དུ་འབྲེལ་བའི་དབུགས་རིང་ཞིག་ངང་གིས་ཤོར་སོང་ཀྱེ།
དགུན་ཁ།
ཆེས་མཐོང་མི་འདོད་པའི་དགུན་ཁ་ནི་ཆོས་ཉིད་ཀྱིས་གྲུབ་པ་ཡིན་པར་སོང་། འདོད་འདུན་དྲག་པོས་དབང་བསྒྱུར་བཏུབ་པ་ཞིག་ག་ལ་ཡིན་ཨང་། གྲང་བསིལ་བསིལ་གྱི་ཚོར་སྣང་ཞིག་གིས་ཕྲན་གྱི་ལུས་པོ་ཡོངས་སུ་འཁུམ་སོང་། ཤིན་ཏུ་གྲང་ངོ་། རྐང་ལྕགས་ལག་ལྕགས་བརྒྱབ་པའི་ལྟ་བུའི་བདག་གི་ལུས་ཟུངས་རྦད་དེ་ཉམས། སྤྲིན་པ་ནག་པོ་རབ་ཏུ་འཁྲིགས་ཀྱང་དྭངས་གསལ་གྱི་ཟླ་བའང་ཧྲིལ་གྱིས་གཏུམས་སོང་། ཆོད་དཀའ་བའི་མཚན་ལྗོངས་རེ་རེ་ག་ལེར་འདས་ཀྱང་། ཤུལ་དུ་ལྷག་པ་ནི་ངུ་འབོད་དང་བེམ་པོ་ཁོ་ན་རེད་ཨང་།
ཆོས་སྲིད་གཉིས་ཐད་ནས་མིག་རྒྱང་ཧ་ཅང་རིང་བའི~གོང་ས་བཅུ་གསུམ་པ་ཆེན་པོའི་སྐབས་ཀྱི་བོད་རྒྱལ་ཁབ་ནི་སྤྱང་ལྟོགས་གསུམ་གྱི་དཀྱིལ་དུ་བཞག་པའི་ལུག་ཤ་བུབས་གཅིག་རེད།
ནུབ་ཁའི་ཉི་མ་ལྟ་བུར་གྱུར་བའི་བོད་རྒྱལ་ཁབ་ནི་དུས་ལ་བབས་པའི་བཅོས་སྒྱུར་སོགས་ཤིན་ཏུ་གནད་ཆེ་སྟེ། ལུང་ཤར་དང་དགེ་ཆོས་སོགས་ཀྱི་ཤེས་རབ་དང་སྙིང་སྟོབས། ཆབ་སྲིད་ཀྱི་མིག་རྒྱང་ལ་ཅི་མི་སྙམ་པར་མིག་བྲུས་པ་དང་བཙོན་དུ་བཅུགས་པ་སོགས་ནི་ཤིན་ཏུ་ཡིད་འཕང་བའི་གནས་སོ། ཁོང་ཚོ་ནི་ལམ་ལུགས་བཅོས་སྒྱུར་སོགས་ལ་རྔོ་ཐོགས་པའི་འོད་ཀྱི་ཕུང་བོ་རེ་རེ་ཡིན་པ་གོར་མ་ཆག་མོད། རང་མི་རང་གིས་ཀུམ་པ་དང་གཅུན་པ་བཅས་ངོ་གནོང་བའི་བྱུང་བ་དག་ལ་གློ་ཉེ་བ་ཡེ་ནས་མེད་ཀྱི། མཐར། སྨག་རུམ་སྟུག་པོ་གྱོན་པའི་གཡོ་ཁྲམ་གྱི་ཕོན་པོ་གྲངས་བཅུ་བདུན་གཅལ་དུ་བཀྲམ། ལྷ་ས་ནས་ས་རུབ་སོང་། ཉི་མ་དང་ཟླ་བའང་ཁྱེར་སོང་།
དཔྱིད་ཀ
སྲིད་དོན་གྱི་ལམ་ཐིག་ནི་རྟག་བརྟན་ཐེར་ཟུག་ལྟ་བུ་ཞིག་གཏན་མ་ཡིན་པར་དུས་བཞིའི་འགྱུར་འགྲོས་དང་ཆེས་ཤིན་ཏུ་མཚུངས་པ་ཞིག་རེད། ང་ལ་ཡིད་ཆེས་དྲག་པོ་ཡོད། རེ་སྒུག་གི་དཔྱིད་ཀ་བསླེབ་པར་ཡིད་ཆེས་དྲག་པོ་ཡོད། རེ་སྒུག་གི་དཔྱིད་ཀ་ནི་ཕུན་སུམ་ཚོགས་པའི་དབྱར་གཞུང་བསྐྲུན་པའི་སྐྱེད་བྱེད་མ་དང་སྐྱེད་བྱེད་ཡིན་པར་སྨྲ་ཅི་ལ་དགོས་ཨང་།
ས་ཆེན་པོ་ཡོམ་ཡོམ་དུ་བསྒུལ་བའི་རླབས་ཆེ་བའི་དབུ་ཁྲིད་ཅིག་གིས་ཡོ་རུབ་གནའ་སྦྲེལ་མཐུན་ཚོགས་ལ་བསྔགས་པའི་སྒྲ་དབྱངས་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར། དེ་ནི་སྐྱེས་བུ་ཡིན་རུང་གིས་རྙེད་དཀའ་བའི་བདེན་པ་གཞན་ཞིག་རེད། ཡོང་མི་སྲིད་པའི་གནད་དོན་ཅི་ཞིག་ཡིན་ཡང་། ངེས་པར་དུ་ཡོང་སྲིད་པའི་མཚན་གཞི་ཡང་དག་པ་ཞིག་རེད། དེའང་མི་རིགས་རིང་ལུགས་དང་གོ་ལ་གཅིག་གྱུར་གྱི་འགལ་འབྲེལ་ལས་བྱུང་བའི་ཤེས་རབ་ཆེན་པོ་ཆེན་པོ་ཞིག་ཡིན་པ་མ་གོ་བར། རང་ཉིད་སྔར་ནས་བོར་ཟིན་པའི་ཁར་རྣམ་དཔྱོད་ཀྱི་འོད་པོ་ཆེ་འདི་ལྟ་བུ་ལ་གུས་ཞེད་ཙམ་ཡང་མེད་པ་ཤིན་ཏུ་མཚང་ཆེའོ།།
ཐ་སྙད་ཀྱི་འཕྲེང་བ་འགས་མཚོན་མི་ཐུབ་པའི་དྲང་སྲོང་ཆེན་པོ། ཆོས་ལུགས་ཀྱི་མཚམས་ལས་འདས་པའི་ལྟ་གྲུབ་ཀྱི་ཤིང་རྟའི་སྲོལ་འབྱེད་པ། ཁྱེད་ཀྱིས་བསྩལ་གནང་བའི་དཔྱིད་ཀ་ནི་བོད་མི་རིགས་ཁོ་ནའི་སླད་དུ་ག་ལ་ཡིན་གྱི། གནོད་བཅུད་ཀྱིས་བསྡུས་པའི་འབྱུང་བ་ཆེན་པོ་འདིའི་ཕྱིར་དུ་ཡིན། མཐའ་ན། དགྱེས་པའི་ཞལ་འཛུམ་པ་ཁོ་ནས་ཀྱང་གདུལ་བྱ་གྲངས་མེད་ཅིག་ཞི་བའི་གནས་སུ་ཁྲིད་པར་མཛད།
ང་ནི་ང་སྟེ་ཚོར་བའི་རྦ་རླབས་དྲག་ཏུ་འཕྱོ་ལ་བདེན་པ་ཁུར་བའི་རྐང་ཐང་པ་ཞིག་ཡིན། གཞིས་བྱེས་གཉིས་སུ་གྱེས་པའི་མུན་ནག་གི་བྱུང་བ་རེ་རེ་ནི་སླར་ཡང་རང་དབང་དང་རང་བཙན་ལ་སྐུལ་བའི་སྙིང་སྟོབས་རེ་རེ་ཡིན་ལ། ལྷ་སྒྲུང་དང་གནའ་གཏམ་མ་ཡིན་པའི་རི་ལུང་འཕྲེད་ཀྱིས་བཅད་པ་དང་། དགྲ་རྒོལ་གྱི་གོ་ལག་མེད་པར་གྲོག་རོང་དང་འཁྱག་རུམ་གོམ་པས་བཅལ་བ་ནི་བདེན་པ་ཁུར་བའི་སློང་མོ་བའི་ཤུལ་ལམ་རེ་རེ་ཡིན།
སྒྱུ་མའི་གར་སྣ་ཚོགས་ལ་སྤྲུལ་ནས་འཇིག་རྟེན་ཆེན་པོ་འདི་ལོང་བ་ལྟ་བུར་བསྒྱུར་འདོད་པའི་རྨི་ལམ་ལ་རེ་བ་ག་ཚོད་ཡོད་དམ། ལོ་རྒྱུས་ཡིག་ཚང་གི་དམིགས་བུ་རེ་རེ་ནི་བྱིས་པའི་འཆར་སྣང་རྨང་ནས་འཇོམས་པའི་བཙན་རྫོང་རེ་རེ་ཡིན་ལ། ས་བོན་མེད་པའི་སྨྱུ་གུ་ལ་རེ་བ་ནི་མིག་འཁྲུལ་ཙམ་ལ་ཤ་ཐང་དུ་འབད་པའི་རྩེད་མཚར་ཙམ་ཡིན་པ་ཡང་བདག་གིས་འབད་མེད་དུ་རྟོགས་ནུས་སོ།།
ཕྱི་ལོ 2021/10/01 ཉིན་མཚོ་འགྲམ་ནས་བྲིས་པའོ།།