གཡུ་སྒང་དགེ་འདུན་གྱིས།
ཨ་ཕའི་མིང་ལ་འཕགས་མཆོག་ཕྱག་ན་པདྨོ་ཟེར། ཨ་མའི་མིང་ལ་རྒྱལ་བའི་ཐུགས་དགོངས་ཟེར། སྤྱི་ལོ་ ༡༩༥༠ ནས་ང་མའི་མངལ་དུ་སྦྲུམ་འགོ་ཚུགས་ཤིང་། ༡༩༥༤ ལོར་ངའི་པ་ལགས་ཀྱིས་ཨ་མ་ལགས་ཁྲིད་དེ་རྒྱ་ནག་ལ་ཕེབས་སྐབས་རྒྱལ་མཚམས་རིས་མེད་རིང་ལུགས་ཞེས་པ་དེ་དང་འགྲོགས་ནས་ང་མའི་མངལ་དུ་སྦྲུམ། ༡༩༦༨ ལོ་ནས་ང་མིང་འདོགས་འགོ་ཚུགས་སྐབས་དེ་དུས་ང་མའི་མངལ་དུ་ཡོད། ང་ ༡༩༧༣ ལོར་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་ངྷོ་ལ་ངྷར་གྱི་རི་རྒྱུད་རྡ་རམ་ས་ལའི་རི་ངོགས་སུ་སྐྱེས་པ་དང་། སྐབས་དེར་ངའི་མིང་ལ་”ང་ཚོར་བདེ་སྐྱིད་དགོས་”ཞེས་བཏགས། ང་ལ་མིང་དེ་ལྟར་འདོགས་དགོས་དོན་ནི། སྐབས་དེར་ངའི་མིང་ལ་རང་བཙན་ཞེས་བཏགས་ན་རྨོ་རྨོའི་རྣ་བར་མི་འགྲོ་ལ། ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་ཞེས་བཏགས་ན་སྤོ་ལགས་ཀྱི་རྣ་བར་མི་འགྲོ་བས་དེ་ལྟར་བཏགས་པ་རེད།
དེ་ནས་རིམ་བཞིན་ང་ནར་སོན་པ་དང་བོད་མིའི་བསམ་བློ་ཡང་ནར་སོན། ༡༩༧༩ ལོར་ངས་སྤོ་ལགས་དང་རྨོ་ལགས་བར་ཞི་མོལ་འབྲེལ་མཐུད་པ་བྱ་འགོ་ཚུགས། སྐབས་དེ་དུས་ངའི་ཁྱད་ཆོས་འཛམ་གླིང་འདིའི་སྒང་ན་ཤེས་མཁན་ཧ་ཅང་ཉུང་། ཡིན་ནའང་། ངའི་པ་ལགས་ཀྱིས་ང་དང་ངའི་སྐོར་ངོ་སྤྲོད་གནང་བ་ཉུང་ཉུང་མིན། ལྷག་པར་ ༡༩༨༧ ལོར་པ་ལགས་ཀྱིས་ང་ཁྲིད་ནས་ཨ་རི་ལ་ཕེབས་ཏེ། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་སྡེ་ཚན་དུ་སྤོ་ལགས་ཀྱི་སྐོར་འགྲེལ་བརྗོད་དང་ཆབས་ཅིག་སྤོ་དང་རྨོ་གཉིས་མཐུན་དགོས་ན། ཁོང་གཉིས་ང་ལ་བརྩེ་དགོས། དེར་བརྟེན་ཐོག་མར་ངའི་གཟུགས་པོའི་ཐོག་ནས་དྲང་བདེན་ཐག་ཆོད་ཡོང་ཆེད་ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ་གསལ་བསྒྲགས་གནང་། གསལ་བསྒྲགས་དེ་རྨོ་རྨོ་དང་ཁོང་གི་ལག་གཡོག་ཚོས་གོ་བ་དང་ཁོང་ཁྲོ་ལངས་ནས་ཅོག་ཙེའི་སྒང་དུ་ཁུ་ཚུར་གྱིས་གཞུས་ཏེ་རྐང་པའི་ས་ལ་རྡེག་ཏེ་ཁས་ལེན་མེད་ཅེས་བརྗོད།
པ་ལགས་ཀྱིས་ ༡༩༨༧ ཟླ་ ༡༢ ཚེས་ ༡༧ ཉིན་སྤོ་ལགས་ཀྱི་ལངས་ཕྱོགས་གསལ་པོར་མཚོན་པའི་འགྲེལ་བཤད་དོན་ཚན་བཅུ་བཞི་འཁོད་པ་ཞིག་རྨོ་ལགས་ལ་ཕུལ་གནང་། ཨ་རི་སོགས་རྒྱལ་ཁབ་མང་པོའི་ནང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མཐོ་རིམ་མི་སྣ་མང་པོས་དྲང་བདེན་ཐག་གཅོད་ཀྱི་གྲོས་འཆར་ལ་རྒྱབ་སྐྱོར་ཐོབ། དུས་དེ་ནས་བཟུང་ངའི་སྒང་ལ་ཚད་ལྡན་གྱི་ཁྱད་ཆོས་མང་པོ་སྤུངས་ཆོག་པའི་རེ་བ་དང་ཡིད་ཆེས་བྱེད་མཁན་མང་དུ་ཕྱིན། སྐབས་འདི་ནས་བཟུང་ངའི་མིང་ལ་དབུ་མའི་ལམ་ཞེས་དངོས་སུ་འདོགས་འགོ་ཚུགས།
ཕྱི་ལོ་ ༡༩༨༨ ལོར་པ་ལགས་ཀྱིས་ང་ཁྲིད་ནས་ཧྥ་རན་སིའི་སི་ཏྲ་སི་སྦག་ཏུ་ཆིབས་བསྒྱུར་བསྐྱངས་ཏེ། ཡོ་རོབ་གྲོས་ཚོགས་སུ་སྤོ་རྨོའི་ཐད་ཀྱི་གྲོས་འཆར་དོན་ཚན་ལྔ་དང་། ལྷག་པར་ནང་གསེས་དོན་ཚན་ལྔ་པའི་སྐོར་གསལ་བཤད་ཕྱི་གསལ་ནང་གསལ་ཞིག་མཛད། འདི་ནི་ངའི་མིང་ལ་དབུ་མའི་ལམ་ཞེས་འདོགས་པར་མང་གཙོའི་བརྒྱུད་ལམ་ནས་གཏན་འབེབ་གནང་བའི་རིམ་པ་དང་པོ་དེ་ཡིན།
སྐབས་དེ་ཤད་ནས་ངའི་པ་ལགས་ཀྱི་ངོ་ཤེས་དང་གྲོགས་པོ་ཚོས་ང་ལ་ཡིད་ཆེས་དང་གདེང་འཇོག་ཆེ་རུ་ཕྱིན་ཏེ། སྲིད་འཛིན་དང་སྲིད་བློན། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་མང་པོའི་འགན་འཛིན་དང་ཚོགས་མི་མང་པོས་རྒྱབ་སྐྱོར་ཤུགས་ཆེ་འབུས་འགོ་ཚུགས། ཕྱི་ལོ་ ༡༩༨༩ ལོར་པ་ལགས་ཀྱིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ཏེ་འཛམ་གླིང་ཞི་བདེའི་དེད་དཔོན་ཆགས་པ་ནས་ང་ལའང་རྒྱབ་སྐྱོར་དང་གདེང་འཇོག་ཚད་མཐོར་ཆགས་ཤིང་། ཕྱི་ནང་ཀུན་ནས་ངའི་ཐད་མིག་ཧྲིག་ཧྲིག་དང་ཨ་མཆོག་ཀྲོང་ཀྲོང་བྱེད། ཡིན་ནའང་ལོ་ཁ་ཤས་རིང་པ་ལགས་དང་རྨོ་ལགས་བར་འབྲེལ་ལམ་ཆད།
ཕྱི་ལོ་ ༡༩༩༥ དང་ ༡༩༩༦ སོ་སོར་པ་ལགས་ཀྱིས་ང་མིང་འདོགས་ཕྱོགས་ཐབས་ཤེས་གང་ལེགས་མང་མོས་འོས་བསྡུའི་ལམ་ནས་གཏན་འབེབ་གནང་དགོས་པའི་བཀའ་བཀོད་གནང་དོན་བཞིན། སྤོ་ལགས་ཕྱོགས་ཀྱི་གཞིས་བྱེས་གཉིས་ནས་སྔོན་འགྲོའི་བསམ་འཆར་བསྡུ་ལེན་སྐབས་མི་མང་བརྒྱ་ཆ་ ༦༤ བརྒལ་བས་མང་མོས་འོས་བསྡུ་མ་དགོས་པར་དབུ་མའི་ལམ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན། དུས་ནས་དུས་སུ་ངའི་པ་ལགས་ཀྱིས་ཐག་གཅོད་གང་གནང་བར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསལ་བ་ལྟར་མང་མོས་དང་། སྤྱི་འཐུས་སྤྱི་མོས་ཀྱིས་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་པ་ལགས་སུ་སྙན་སེང་ཞུས།
པ་ལགས་ཀྱིས་ ༡༩༩༨ ལོའི་ཟླ་ ༠༣ ཚེས་ ༡༠ ཉིན་ང་ཚོའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་འདི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང༌། ལག་ལེན་འཁེལ་ཐུབ་པ་ཞིག་ཡིན་པར་ངོས་ནས་ངོས་འཛིན་བྱེད་ཀྱི་ཡོད། ལམ་ཕྱོགས་འདིའི་ཐོག་ནས་ང་ཚོ་ལ་མེད་དུ་མི་རུང་བའི་ཐོབ་ཐང་ཁག་ཡོང་བ་དང༌། རྨོ་ལགས་ཀྱིས་གལ་ཆེར་ལྟ་བའི་གཅིག་གྱུར་དང་བརྟན་ལྷིང་ལའང་ཕན་ཐོགས་ཡོང་ངེས་ཡིན་པར་བརྟེན། ངོས་ནས་ལམ་ཕྱོགས་འདིའི་ཐོག་ནས་མུ་མཐུད་རྨོ་ལགས་ཀྱི་འགོ་ཁྲིད་ཚོར་འབྲེལ་མཐུད་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། ཞེས་སྩལ།
བར་སྐབས་སྤོ་ལགས་དང་རྨོ་ལགས་ལོ་དགུ་ཙམ་རིང་འབྲེལ་ལམ་ཆད། སྤོ་ལགས་དང་རྨོ་ལགས་བར་ ༢༠༠༢ ནས་འབྲེལ་ལམ་ཐེངས་དགུ་བྱུང་། ཡིན་ནའང་དོན་འབྲས་མ་བྱུང་བས། སྤོ་ལགས་ཕྱོགས་ཀྱི་གཞིས་བྱེས་གཉིས་ནས་ངའི་ཐོག་ཏུ་རེ་བ་ཇེ་ཆུང་དང་ཐེ་ཚོམ་ཇེ་ཆེར་གྱུར།
༢༠༠༨ ཟླ་ ༡༡ ཚེས་ ༡༧ ནས་ ༢༢ བར་ཉིན་དྲུག་རིང་སྤོ་ལགས་ཕྱོགས་གཏོགས་གནས་ཡུལ་ཡོངས་ཀྱི་ཚབ་མཚོན་ཚོགས་མི་ ༦༠༠ མ་ཟིན་ཙམ་བསྐོང་ཚོགས་ཀྱིས། སོ་སོའི་ཡོང་ཁུངས་མང་ཚོགས་ཀྱི་བསམ་ཚུལ་ཡིག་ཐོག་དང་། གཞིས་བཞུགས་ཁྲོད་བསམ་ཚུལ་བསྡུ་ལེན་བྱས་པ་བཅས་ཁྱོན་བརྒྱ་ཆའི་བརྒྱད་ཅུ་བརྒལ་བའི་མང་མོས་ཀྱིས་ང་ལ་རྒྱབ་སྐྱོར་གནང་། ང་ལ་ཡང་གདེང་སྤོབས་དང་སེམས་ཤུགས་ཆེ་རུ་ཕྱིན། རང་དང་གཞན་གྱི་ཕྱོགས་གང་ས་ནས་ང་ལ་བརྩི་མཐོང་དང་རེ་བ་ཆེན་པོ་བྱེད། འོན་ཀྱང་། ད་དུང་ང་ལ་མངོན་ལྐོག་གཉིས་ནས་དམའ་འབེབ་དང་མཐོང་ཆུང་བྱ་མཁན་རེ་གཉིས་དང་། ངའི་གདོང་ལ་རྒྱབ་སྐྱོར་ཡོད་མདོག་གིས་ལྐོག་ནས་གནོད་སྐྱེལ་མཁན་བཅས་བྱུང་དང་འབྱུང་གི་ཡོད། ང་མེད་པར་བཟོ་མི་ཐུབ་ཀྱང་། ངའི་ལས་དོན་ལ་ཕྲན་བུ་གནོད་ཀྱི་ཡོད། ཡིན་ནའང་། ངས་མུ་མཐུད་དུ་སྤོ་རྨོ་ཕྱོགས་གཉིས་ལ་ཕན་པའི་ཀུན་སློང་གཙང་མས་མདུན་སྐྱོད་ཀྱི་གོམ་པ་ལྷོད་མྱོང་མེད།
གཡུ་སྒང་དགེ་འདུན་གྱིས། 2021/10/05 ཉིན།