བེ་རི་རིག་པའི་རྡོ་རྗེ།
དེ་རིང་ཁ་སང་བཙན་བྱོལ་བོད་མི་རྣམས་ཀྱིས་གང་སར་གཏམ་བཟང་ཞེས་སྒྲོག་བཞིན་ཡོད་པ་ནི། སྐབས་ ༡༧ སྤྱི་འཐུས་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཛད་དཀའ་བཟོས་ཏེ་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་བྱམས་བརྩེའི་བདག་ཉིད་ཆེན་པོ་གང་གིས་གསོལ་བསྩལ་མཛད་པའི་བཀའ་ཡིག་ལྟར། ཟླ་འདིའི་ཚེས་བརྒྱད་ཉིན། བཅའ་ཁྲིམས་དོན་ཚན་ ༤༧ པའི་འབྲུ་དོན་ལྟར་བར་བརྒལ་ཚོགས་གཙོ་སྐུ་ངོ་ཟླ་བ་ཚེ་རིང་ལགས་ཀྱི་མདུན་ནས་སྤྱི་འཐུས་དམ་འབུལ་ཞུས་པའི་སྐོར་དེ་རེད། ཕྱོགས་གཅིག་ནས་བཤད་ན་འདི་གཏམ་བཟང་ཞིག་རེད།
ད་དུང་མང་པོ་ཞིག་གིས་ད་ནས་བཟུང་བཀའ་སྤྱི་གཉིས་ཀྱི་ནུས་པ་མཉམ་སྤུངས་བྱས་ནས། བོད་ཀྱི་རྩ་དོན་ཐོག་ཕྱག་ལས་གནང་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་ནི། བསྔགས་འོས་སུ་མཐོང་ལ་དེ་ལྟར་ཡོང་བའི་རེ་བ་ངས་ཀྱང་ཞུ་ཡི་ཡོད། འོན་ཀྱང་ཚོགས་གཞོན་འོས་འདེམས་བྱེད་
སྐབས། ད་དུང་ཕྱོགས་ཁག་གཉིས་སུ་གྱེས་ཡོད་པའི་རྣམ་པ་མངོན་གསལ་འདུག་པས། ཕྱིན་ཆད་དེ་རིགས་ཀྱང་རྩ་མེད་དུ་གཏོང་ཐུབ་པའི་ཡིད་ཆེས་ཡོད།
མཚམས་འདི་ནས་ཚོགས་གཙོ་གཞོན་རྣམ་པ་གཉིས་ཀྱིས་དབུས་གྲོས་ཚོགས་འཐུས་མི་ཡོངས་ལ་འཚམས་འདྲི་ཞུ། ཁྱེད་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་མང་གི་འཐུས་ཚབ་ཡིན་པས། བཙན་བྱོལ་བ་རྣམས་བཙན་བྱོལ་ལ་ཕེབས་དགོས་པའི་དམིགས་ཡུལ་བསྒྲུབ་པའི་འགན་ཡང་ཁྱེད་ཚོར་ཡོད།
ཡིན་ན་ཡང་། ང་ཚོས་དོན་དག་གལ་ཆེན་ཞིག་བརྗེད་གྲབས་འདུག་པས། ངས་འདི་ནས་སྤྱི་འཐུས་རྣམ་པ་དང་། དམིགས་བསལ་མདོ་སྟོད་དང་ཆོས་བརྒྱུད་སྤྱི་འཐུས་རྣམ་པར་དྲན་བསྐུལ་ཞིག་བྱེད་འདོད་བྱུང་། དེ་ཡང་ཇི་སྐད་དུ།
“ཁྭ་ཏས་མི་གཙང་ཟོས་པའི་མཆུ།།
ས་གཙང་གཞན་ལ་འབད་ནས་འཕྱིད།།”
ཞེས་གསུངས་པ་ལྟར། ཁྱེད་ཚོས་སྦྱོར་དངོས་རྗེས་གསུམ་ཚང་བའི་ཐོག་ནས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཐུག་པ་དཀྲུག་དཀྲུག་བྱས་རྗེས། ལོ་རྒྱུས་ཀྱི་ནག་ཉེས་དེ་དག་རང་བསམ་གྱིས་ངོས་ལེན་བྱེད་མ་འདོད་པར་ཡོད་ཚད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ལ་འགེལ་འདོད་ཀྱིས་ཁ་དོན་མི་མཚུངས་པའི་གསོལ་འདེབས་ཞུས་ཡོད།
འདི་ནི་དོན་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྙས་བཅོས་བྱས་པ་རེད། འོན་ཀྱང་གནོད་ལན་ཕན་པས་འཇལ་བའི་མགོན་པོ་མཆོག་གིས་དགྱེས་བཞིན་དུ་བསྩལ་གནང་མཛད་པའི་བཀའ་ཡིག་ནང་གཙོ་བོ་ད་ལོའི་སྤྱི་འཐུས་ཀྱི་དཀའ་རྙོག་དེའི་འབྱུང་རྩ་གནད་དོན་ཆེན་པོ་བདུན་ཐེར་འདོན་དང་འབྲེལ། བྱེད་བབ་དེས་མགོན་པོ་མཆོག་ལ་ཐུགས་ཕམ་ག་ཚོད་བཟོས་ཡོད་པ་ནི། བཀའ་ཡིག་ཏུ། “འདི་ལོའི་བྱུང་རིམ་དུ་དེ་ལས་ལྡོག་སྟེ་གནད་དོན་རེ་ཟུང་ལ་དོན་མེད་མཁྲེགས་བཟུང་གིས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཁྲིམས་མཐུན་སྐོང་འཚོགས་མ་ཐུབ་པར་ངོས་རང་བློ་ཕམ་བྱུང་བར་མ་ཟད། བོད་མི་སྤྱི་དང་། ལྷག་པར་གཞིས་བཞུགས་བོད་མི་ལྷག་བསམ་ཅན་རྣམས་ལ་བློ་ཕམ་དང་ཡིད་ཆད་འབྱུང་གཞིར་གྱུར་མོད་བྱ་ཐབས་བྲལ།” ཞེས་སྐབས་ ༡༧ སྤྱི་འཐུས་སྐོར་ཞིག་གིས་ཁོང་ལ་ཐུགས་ཕམ་ག་ཚོད་བཟོས་ཡོད་པ་ཞལ་གསལ་པོའི་སྒོ་ནས་གསུངས་ཡོད།
ཡང་གཅིག་བཤད་ན། གྲོས་ཁང་ནང་གི་སྤྱི་འཐུས་བརྒྱ་ཆའི་དགུ་བཅུ་གོ་དགུ་ཆོས་པ་ཡིན་ལ། དེའི་ནང་ཆོས་བྱེད་དགེ་འདུན་པའི་གྲངས་ཀྱིས་བརྒྱ་ཆའི་ག་ཚོད་ཟིན་གྱིན་ཡོད་པ་བཤད་མ་དགོས་ཤིང་། ༧གོང་ས་ཐམས་ཅད་མཁྱེན་པའི་མདུན་ནས་ཆོས་བཀའ་སྤྱི་དང་། ལྷག་པར་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་ལན་མང་ཞུས་ཟིན་པའི་སློབ་མ་རྐྱང་རྐྱང་ཆགས་བསྡད་ཡོད་རེད། དེ་ལྟ་བའི་སློབ་མ་ཞིག་གིས་བསམ་བཞིན་དུ་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ལ་བརྙས་བཅོས་བྱས་ན། དེའི་ནག་ཉེས་ནི་བླ་མ་ལྔ་བཅུ་པ་ལས།
“དེ་འདྲའི་མགོན་ལ་བསམས་བྱས་ནས།།
སློབ་མར་གྱུར་ནས་བརྙས་ན་ནི།།
སངས་རྒྱས་ཐམས་ཅད་བརྙས་པས་ན།།
དེས་ནི་རྟག་ཏུ་སྡུག་བསྔལ་འཐོབ།།”
ཅེས་གསུངས་པ་ལྟར། མཚན་ཉིད་ཚང་བའི་བླ་མ་ལ་སློབ་མས་བསམ་བཞིན་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བརྙས་བཅོས་ཞུས་ན། དེའི་འབྲས་བུ་ནི་དུས་རྟག་ཏུ་དུས་རིང་པོར་ལུས་སེམས་གཉིས་ལ་སྡུག་བསྔལ་གྱི་ཚོར་བ་འབའ་འཐོབ་པར་འགྱུར་ཞིང་། ཕྱི་མར་ཡང་དེའི་རྣམ་སྨིན་མི་བཟོད་པ་མྱོང་དགོས། དེའི་རྒྱུ་མཚན་ནི། སྔགས་ཀྱི་རྡོ་རྗེ་སློབ་དཔོན་དེ་ཉིད་སློབ་མ་དེ་དང་དེའི་ངོར་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཡིན་པས། དེ་ལ་བརྙས་ན་སངས་རྒྱས་ཐམས་ཅད་ལ་བརྙས་པར་འགྱུར་ཞིང་། མཆོད་ན་ཡང་སངས་རྒྱས་ཐམས་ཅད་མཆོད་པར་གསུངས་པའི་རྒྱུ་མཚན་གཅིག་པ་ཡིན་ནོ།།
མདོར་ན།
“འདིར་མང་སྨོས་པ་ཅི་ཞིག་དགོས།།
བླ་མ་དགྱེས་བྱེད་གང་ཡིན་བྱ།།
མི་མཉེས་བྱེད་ཀུན་སྤོང་བ་ནི།།
དེ་དང་དེ་ལ་འབད་དེ་བྱ།།”
ཞེས་གསུངས་པ་ལྟར། འབད་པ་སྣ་ཚོགས་ཀྱི་སྒོ་ནས་བླ་མ་དམ་པའི་ཐུགས་མཉེས་ཐབས་ཁོ་ནར་བརྩོན་དགོས་ཤིང་། སྲོག་ལ་བབ་ཀྱང་མི་མཉེས་པའི་བྱ་བ་ཐམས་ཅད་སྤོངས་དགོས། གལ་ཏེ་ལུས་ངག་ཡིད་གསུམ་ལས་སུ་མ་རུང་བའི་དབང་གིས་སྔགས་ཀྱི་རྡོ་རྗེ་སློབ་དཔོན་མཆོག་ལ་ཐུགས་ཕམ་དང་མི་མཉེས་པ་བཟོས་ཚེ། མི་འགྱང་བར་བཤགས་སྡོམ་བྱེད་རྒྱུ་གལ་ཆེ། དེ་འདྲ་ཡིན་དུས་མགོན་པོ་བྱམས་བརྩེའི་བདག་ཉིད་ཆེན་པོར་ཐུགས་ཕམ་བཟོ་མཁན་སྐབས་ ༡༧ པའི་སྤྱི་འཐུས་སྐོར་ཞིག་ཡིན་པས།
“མདུན་དུ་དུལ་བར་འདུག་པ་དང་།།
གོས་སོགས་ཚུལ་ནི་བསྡམས་པ་དང་།།
པུས་བཙུགས་ཐལ་མོ་སྦྱར་བ་ཡིས།།
ཉན་སོགས་འདོད་པས་གསོལ་གསུམ་གདབ།།”
ཅེས་གསུངས་པ་ལྟར། དཔལ་ལྡན་ཚོགས་གཙོ་མཆོག་གིས་དབུས་སྐབས་ ༡༧ འབྲེལ་ཡོད་སྤྱི་འཐུས་རྣམས་མགྱོགས་ནས་མྱུར་དུ་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་གི་མདུན་ཐང་དུ་ཕེབས་ནས། ལུས་ངག་ཡིད་ཀྱིས་དགུ་ཕྱག་འཚལ་ཏེ། ཉེས་པ་ལ་ཉེས་པར་མཐོང་ཞིང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མགོན་པོ་མཆོག་ལ་ཐུགས་ཕམ་དང་། བསིལ་ལྗོངས་ཁ་བ་རི་བའི་ལོ་རྒྱུས་སུ་འཁོད་པའི་ནག་ཉེས་རིགས་གཏན་ནས་མི་བསོག་ཅེས་སྔར་བྱས་ཀྱི་ནག་ཉེས་ལ་འགྱོད་བཤགས་དང་། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་ངེས་པར་དུ་བྱེད་དགོས།
དེ་ཡང་བོད་གཞི་བྱེས་གཉིས་ཀྱི་འགྲོ་བ་ཕོ་མོ་ཡོངས་ཀྱིས་མ་ཐོས་པ་དང་། མ་མཐོང་བ་མེད་པ་ཞིག་ངེས་པར་དུ་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་ཁྱེད་རྣམ་པའི་བྱ་བཞག་མཐའ་དག་དོན་ལྡན་དུ་འགྱུར་སྲིད་ཅིང་། བཙན་བྱོལ་བོད་མིའི་ཆོལ་གསུམ་ཆོས་ལུགས་ཀྱི་འཐུས་ཚབ་མིང་དོན་མཚུངས་པ་ཞིག་ཡོང་བའི་རེ་བ་མེད་པ་མིན་ནོ།།
བོད་རྒྱལ་ལོ།།
ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༩ ཉིན།
ཁྱེད་ཀྱི་བསམ་ཚུལ་ལ་རྗེས་སུ་ཡིད་རངས་དང་རྒྱབ་སྐྱོར་ཡོད་། སྤྱི་འཐུས་རྣམས་ནས་ཁྲིམས་འགལ་གཅིག་རྗེས་གཉིས་བཏུད་བྱས་ནས་༸གོང་ས་མཆོག་ལ་ཐུགས་ཕམ་བཟོས་པ་དང་། མི་མང་བློ་ཕམ་དགོས་པ་བཟོས་པ་། བཙན་བྱོལ་བོད་ཀྱི་མང་གཙོའི་ལོ་རྒྱུས་ནག་པོ་བཟོས་པ་སོགས་བོད་མི་མང་གི་བློ་ཡུལ་དུ་མི་ཚུད་པའི་བྱེད་བབ་ལ་སོང་༸གོང་ས་མཆོག་ལ་འགྱོད་བཤགས་ཕུལ་དགོས་པ་དང་། བོད་མི་མང་ལ་དགོང་སེལ་ཞུ་དགོས་དེ་པ་དེ་། ཉེས་པའི་བུ་ལ་ཉེས་པ་མ་བཏང་ན་། བྱེད་པོ་ཐམས་ཅད་ཉེས་པའི་རྒྱུ་རུ་འགྲོ་། ཟེར་བ་ལྟར་རིང་མིན་གྲོས་ཚོགས་ཚོགས་སྐབས་འགྱོད་བཤགས་དང་། དགོང་སེལ་གྱི་གྲོས་ཆོད་འཇོག་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།
མཁན་པོ་ཡིན་ཟེར། སློབ་དཔོན་ཡིན་ཟེར། དགེ་བཤེས་ལྷ་རམས་པ་ཡིན་ཟེར། ཁ་ནས་༧རྒྱལ་བ་རིན་པོ་ཆེ་དང་༧རྒྱལ་བ་དོན་གྱི་བདག་པོ་ཞེས་བཟློས་ནས་༧རྒྱལ་མཆོག་ཐམས་ཅད་མཁྱེན་པ་མཆོག་ལ་གུས་བརྩི་མེད་པ་དང་ཐུགས་ཕམ་ཡོང་གཞིའི་ལས་ལ་བརྩོན་པ་སྣང་ལ་མ་ངེས་པ་རྣམས་དང། གཞིས་བྱེས་གཉིས་སུ་གནས་པའི་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ཀྱི་མངོན་འདོད་རྡོག་རོལ་བཏང་མཁན་སྤྱི་འཐུས་རྣམས་ཀྱིས་ཕྱིས་ཀྱང་དེ་ལྟར་བྱེད་ངེས་ཡིན་པ་དེ་ཚོའི་ལས་ཀ་བྱེད་སྟངས་ནས་གསལ་པོ་རེད་འདུག །དེས་ན་བསམ་ཡོད་རྩམ་ཟན་ཡོངས་ཀྱིས་དགོངས་པ་གཟབ་གཟབ་བཞེས་དགོས་པའི་དུས་ལ་བབ་འདུག་གོ །
རྩོམ་ཡིག་དེའི་ནང་དུ་”ཚོགས་གཞོན་འོས་འདེམས་བྱེད་སྐབས།”༷༷ཟེར་བ་དེ། “ཚོགས་གཙོ་གཞོན་གཉིས་འོས་འདེམས་བྱེད་སྐབས།”ཞེས་པར་ནོར་བཅོས་ཞུ།
ཆོས་དར་སར་བདུད་དར་བའི་དཔེ་ཞུས་པའི་བདུད་དེ་བཅའ་ཁྲིམས་ལ་སོ་སོ་བསམ་ཤེས་སྐྱོ་བ་མ་ཚད་བོད་མི་དཀྱུས་མ་དང་མཁས་པ་རྣམ་པའི་ནོར་སྐྱོན་དཀྲོལ་ཐབས་གནང་ཀྱང་དངོས་སུ་བོང་བུ་ངོ་ལེན་ཞུ་མཁན་སྤྱི་འཐུས་ ༢༢ རྣམས་དང་ལྷག་དོན་གོང་དུ་མཆན་འགོད་གནང་བ་ལྟར་གནང་ཐབས་སྐྱོ་བའི་ཆོས་འཐུས་ཚོ་ཡིན་མོད། བསམ་ཤེས་བཞིན་དུ་༸རྒྱལ་བའི་བཀའ་བཅོག་མཁན་ལ་བཤགས་སྡོམ་ཞུ་དགོས་ཀྱི་བསམ་ཚུལ་ཞུས་པས་ཅི་ཕན། སོ་སོ་ཡིད་མུག་ལས་མི་འདས། དེ་ལས་ཕྱི་བྱུང་ད་རེས་ལྟར་གྱི་གནད་མི་ཆེ་བའི་གནས་དོན་ལྟ་བུར་ཆོལ་ཁ་ཆོས་ལུགས་ཀྱི་ལངས་ཕྱོགས་གཅིག་མཚུངས་ཞུ་མཁན་མ་བྱུང་ཆེད་ཁོ་ཚོ་འོས་འདེམས་ཞུ་མཁན་རྣམ་ཚོར་དམ་གཟབ་གནང་ཐབས་ཀྱི་གསན་འདེབས་ཞུས་ན་དེ་ཕན་ཆེ་རེ། དེ་འདྲ་བྱུང་པའི་སྐབས་དངོས་སུ་ཁུངས་སོ་སོའི་མི་དམངས་ལ་འབོད་བསྐུལ་ཞུ་རྒྱུ་ཡང་ཡོད་དགོས། གནས་དོན་དེ་བོད་མི་མང་དང་ཆོལ་ཁ་སོ་སོའི་བདེ་དོན་དང་འབྲེལ་ཡོད་ལ་གཞི་ནས་གནས་དོན་ཚང་མར་ཆོལ་ཁའི་ཞེན་ཆགས་ཀྱང་ཡོད་དགོས་མེད་ལ་ཡོས་པས་ཕན་ཐོག་ཀྱང་མེད་པ་ང་རང་ཚོ་ཚང་མས་ཤེས་དགོས་མ་རེད་དམ།།
དམངས་གཙོའི་ལྟ་གྲུབ་བཤད་སར་༧གོང་ས་མཆོག་དགོངས་པ་ཚོམ་དགོས་དོན་གང་ཡང་ཡོད་མ་རེད། གང་ལགས་ཤེ་ན། ཁོང་གི་དམངས་གཙོ་ཞེས་པའི་ལྟ་གྲུབ་དེ་ཧ་ཅང་གི་ཡག་པོ་མཁྱེན་པས་སོ།
དམངས་གཙོའི་ལྟ་གྲུབ་ནང་ཁ་བཀག་ཡག་དེ་ཉེན་ཁ་ཆེས་ཤོས་ནང་གི་ཆེ་ཤོས་དེ་རེད།
མང་གཙོའི་ལྟ་གྲུབ་ཀྱི་ནང་མི་ཞིག་ལ་ལས་འགན་དང་ཐོབ་ཐང་གཉིས་མཉམ་པ་ཡོད། ལས་འགན་མ་གྲུབ་པར་ཐོབ་ཐང་ལ་རྩོད་མཁན་དེ་དག་གིས་མང་གཙོའི་མཚན་ཉིད་མ་ཤེས་པ་ཡིན། སྐྱེ་བོ་སུ་ཡིན་ལ་མང་གཙོའི་སྨྲ་བརྗོད་ཀྱི་རང་དབང་ཡོད། འོན་ཀྱང་དེ་ཡི་གོ་དོན་རང་སྣང་གང་བཤད་ཀྱང་མ་ཡིན་ཞིང་ས་མཚམས་ཀྱི་རྒྱ་ཞིག་གི་ནང་ནས་ཡོང་དགོས། སྐབས་འདིའི་སྤྱི་འཐུས་གྲྭ་ཆས་གྱོན་པ་རྣམས་དང་ཆོལ་ཁའི་དུག་གིས་ཟིན་པ་རྣམས་དང་དེའི་ཕྱོགས་གཏོགས་པ་རྣམས་ཀྱིས་མང་གཙོའི་ལྟ་གྲུབ་ཤེས་ཀྱི་མེད་པའམ་ཤེས་ཀྱང་ཤེས་ཀྱི་མེད་པའི་ཚུལ་བཟུང་བ་རྣམས་ཀྱི་རྣམ་དཔྱོད་དུག་གིས་ཟིན་པས་བྱ་ཐབས་བྲལ། ༸རྒྱལ་བ་དོན་གྱི་བདག་པོའི་བཀའ་དྲིན་ལ་བརྟེན་ནས་མི་ཐེབས་ཆག་ཁྱེད་རྣམས་ལའང་མང་གཙོའི་རང་དབང་དང་སྤྱི་འཐུས་ཀྱི་རྐུབ་སྟེགས་ཐོབ་པ་རེད། ངོ་ཚ་རྒྱུ་ཡོད་ན་ཡག་དེ་མིན་ལས་རྒྱུ་འབྲས་ཀྱིས་འཕྱུགས་མ་ཡོང་། གྲོས་ཚོགས་ཚོགས་འདུའི་ནང་སྐད་ཆ་ཚུན་བཤད་མི་ཤེས་མཁན་ཁྱོད་རྣམས་ཀྱི་འཇོན་ཐང་ང་ཚོས་རྟོགས་ཐུབ་སོང་། ནང་ཁུལ་མདའ་དཀྲུག་ཕུ་དཀྲུག་བྱེད་རྒྱུར་མཁས་པ་ཁྱོད་རྣམས་ཀྱི་དཔའ་གདེང་ལ་ལྟོས་དང་། འཇོན་རྒྱུ་ཡོད་ན་ཧི་མ་ལ་ཡའི་ཕ་རོལ་དུ་དགྲ་བོ་རྒྱ་དམར་ལ་ཁ་གཏད་དུ་ལོངས་དང་། དེ་ནི་མི་འཇོན་པའམ་བྱ་མི་འདོད། གང་ལ་ཞེ་ན། ཁྱོད་རྣམས་མང་པོ་ཞིག་གིས་རྒྱ་དམར་གྱི་དངུལ་དངོས་བཟས་ཡོད་པའི་ཕྱིར། ཁྱོད་ཚོས་དངུལ་དངོས་ཇི་ཙམ་བཟས་ཀྱང་འཆི་ཁར་འཁྱེར་རྒྱུ་ཅི་ཡོང་མི་ཡོང་ངོ་།།
རྩོམ་ཡིག་འདིའི་ནང་དོན་དང་དགོས་དམིགས་གང་ལ་ལྟས་ན་རིན་ཐང་ལྡན་པར་མ་ཟད་ཧ་ཅང་གི་གལ་ཆེན་དང་ད་ལྟའི་སྤྱི་འཐུས་ཡོད་པ་ཀུན་སེམས་ནས་བརྗེད་མི་རུང་བ་ཞིག་རེད། ལྷག་པར་དགེ་བཤིས་རྣམ་པ་ཚོས་དམ་ཚིག་སྐོར་གསུང་བ་འདི་ནི་ངོས་ཡོད་གནས་ལུགས་དང་མཐུན་པ་ཧ་ཀྱང་ཟབ་དགོས་པ་ཞིག་རེད། འདི་ལས་གལ་ཆེན་ཞིག་མེད་བརྗོད་མ་དགོས་པ་དགེ་བཤིས་རྣམས་པའི་མཁྱེན་ངེས་ལ་སོང་། བརྗོད་འོས་མ་ནུས། སྤྱི་སྟངས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་ངེས་པར་བསམ་ཤེས་དང་འདིའི་ཐད་བསམ་བློ་འཁོར་དགོས་པ་དང་བརྗེད་དུ་མེད་པ་ཞིག་རེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མང་གཙོ་གྲངས་ཀྱི་གསལ་འབྱེད་རྩལ་དུ་སྟོན་པ་ཙམ་ལས་དམངས་གཙོ་གྲལ་རིམ་གྱི་གསལ་འབྱེད་རྩལ་དུ་སྟོན་མེད་པ་ནས་མང་གཙོ་དམངས་གཙོ་། རང་བཙན་དང་རང་དབང་། ཡུལ་མིའི་རྒྱལ་ཁབ་དང་ཡུལ་མིའི་སྲིད་སྐྱོང་། དེ་ཚོ་དོན་གཅིག་མིང་གི་རྣམས་གྲངས་མིན་པ་གསལ་པོ་མཁྱེན་པ་གནང་དགོས་།
འབྲོང་བུ་སོག་ཚ་ལགས། དམངས་གཙོ་ཡིན་ཟེར་ནས་སྤྱི་ཚོགས་དཀྲུགས་ན་ག་ལ་འགྲིག དམངས་གཙོ་ཡིན་ཀྱང་ཚད་ཞིག་ཡོད་པ་རེད། དེང་སང་དྲ་ཐོག་ན་མི་ཁ་ཅིག་གིས་དམངས་གཙོ་ཁ་ལ་འཁྱེར་ནས་གནས་ལུགས་མེད་པ་རྐྱང་བཤད་ཀྱི་འདུག ད་བཤད་ཡ་ཐང་ཆད་ཀི་འདུག །