གཞུང་པ་ཚེ་དབང་བསོད་ནམས་།
ཀ་བ་གསུམ་གྱི་འགན་འཁུར་འོག་ཏུ་བཙན་བྱོལ་བོད་ཀྱི་མང་གཙོ་བཙུགས་།
ཁ་དང་ལྕེ་ལ་སྦྱར་ནས་བཤོད་རྒྱུ་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་བཤད་།
ག་ནས་བལྟས་ཀྱང་ཁྲིམས་འགལ་སྒྲིག་འགལ་ཀ་བ་གསུམ་གྱི་འགོ་ནས་བརྩམས་།
ང་ཚོ་མི་མང་བཅའ་ཁྲིམས་བློ་གཏད་ཡིད་ཆེས་བརྩི་བཀུར་ཉམས་ལེན་བརྟན་།
ཅ་ཅོ་འར་འུར་སྤྱི་ཚོགས་དཀྲུགས་པའི་དྲ་འབུ་མིང་རྫུན་དྲ་ནང་ཚང་།
ཆ་ལེ་ཆོ་ལེའི་གཏམ་རྙོག་འོག་ཏུ་ཞི་བའི་མི་མང་མགོ་བོ་འཐོམ་།
ཇུས་མེད་འགན་འཁུར་ཆོལ་གསུམ་དཀྲུགས་པའི་ཌ་རུ་མགོ་གཉིས་དྲ་ནང་མང་།
ཉམས་ཆུང་མི་མང་བློ་གཏད་ཡིད་ཆེས་བརྩི་བཀུར་ཉམས་ལེན་བཅའ་ཁྲིམས་ཙམ་།
ཏ་ལའི་བླ་མས་སྤྱི་འཐུས་ཡོངས་རྫོགས་བཅའ་ཁྲིམས་འོག་ཏུ་དམ་འབུལ་བསྟན་།
ཐ་དད་ཆོལ་ཞེན་ལར་རྒྱ་སྐམ་པོའི་ཕྱོགས་གཏོགས་ས་བོན་འགོ་ནས་བཏབ་།
ད་ནས་བཟུང་སྟེ་མི་མང་འཐུས་མི་སྤྱི་མི་ཚད་ལྡན་བཅའ་སྒྲིག་སྲུང་།
ནག་ནོག་མེད་པའི་བོད་ཀྱི་མང་གཙོ་བཅའ་ཁྲིམས་འོག་ཏུ་འགན་འཁུར་ཟབ་།
པ་ཏྲའི་རི་མོ་ཇི་བཞིན་བོད་ཀྱི་མང་གཙོ་ཀུན་གྱིས་བསྔགས་པར་འོས་།
ཕ་མེས་བརྒྱུད་པའི་མི་ཐོག་རིམ་པའི་ཡ་རབས་བཟང་སྤྱོད་ངོ་ཚ་སྲུང་།
བུ་རབས་ཚ་རྒྱུད་བོད་མིའི་བཟང་སྤྱོད་མི་ཚེ་སྐྱེལ་བའི་ལམ་སྟོན་རེད་།
མི་རབས་གསར་པས་ཕ་མེས་བསྟན་པའི་ཡ་རབས་བཟང་སྤྱོད་ཚུལ་བཞིན་སྲུང་།
ཙ་རྩེའི་ཟིལ་པ་ཙམ་གྱི་མ་རབས་བྱ་སྤྱོད་རྟག་ཏུ་དོར་ན་དགའ་།
ཚ་བའི་ཡུལ་དུ་བོད་ཀྱི་མང་གཙོ་ཚ་ནད་འགོས་པའི་ཉེན་ཁ་ཆེ་།
ཛ་དྲག་ཆེ་བའི་བོད་དོན་བདེན་མཐའ་སེལ་བའི་ལས་འགན་འཐུས་མིར་བབས་།
ཝ་ལེར་སོམ་དང་ཁྲིམས་བཟོའི་འགན་དབང་ཁྲིམས་དང་སྒྲིག་གཞི་སྲུང་རྒྱུ་ཙམ་་།
ཞ་དཔེ་ལྷམ་འགེབས་ཐ་སྙད་གསར་པ་བཅའ་སྒྲིག་སྲུང་བའི་ངོ་ཚ་ཙམ་།
ཟ་རྒྱུ་ཐུང་རྒྱུ་མང་ན་དགའ་ལ་ལབ་རྒྱུ་གླེང་རྒྱུ་ཉུང་ན་དགའ་།
འར་འུར་དྲ་འབུ་དྲ་ནང་འཛུལ་ནས་ཆོལ་གསུམ་ཆིག་སྒྲིལ་གཏོར་བའི་ཉེན་།
ཡ་རབས་ངོ་ཚ་བོད་མིའི་བཟང་སྤྱོད་ཕལ་ཆེར་ཉམས་པའི་སྔོན་བརྡ་བཏང་་།
རང་དབང་ཡུལ་དུ་བཙན་བྱོལ་བོད་མི་སྐྱིད་ཉལ་རྒྱབ་ནས་ནང་འཁྲུགས་མང་།
ལ་རྒྱབ་དགྲ་བོ་གུང་ཁྲན་ཇག་ཚོགས་སྣང་མེད་བཞག་ན་ངོ་ཡང་ཚ་།
ཤ་ཚའི་གཏམ་ལ་སྙན་ཆ་མེད་ཀྱང་རང་སེམས་དཀར་པོའི་ཁ་བརྡ་ཙམ་།
ས་ཕྱོགས་འདི་རུ་ཆོལ་གསུམ་ཆིག་སྒྲིལ་སྲུང་བའི་ལས་འགན་ཀ་བ་གསུམ་།
ཧམ་བཤད་འུར་བཤད་སྟོང་བཤད་རྫུན་བཤད་མིན་པའི་དྲང་གཏམ་གཅེར་བུ་འདི་།
ཨ་རོགས་ཕོ་རྒོད་མང་གཙོོའི་ཀ་བ་གསུམ་གྱི་སྙན་ལམ་དུ་ཕུལ་ཡོད་།
སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༡༠ པའི་ཚེས་ ༡༥ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ་།