ཆང་སྐྱེས།
ནམ་ཟླ་དབྱར་ཁ་རྫོགས་ཏེ་སྟོན་ཁ་སླེབས།།
འཁོར་ཡུག་མཛེས་སྡུག་སྣུམ་པོ་ཡུན་གྱིས་རྒུད།།
སྐྱོ་གདུང་སེམས་པ་སྙི་མོ་ལག་པས་སྐྱོར།།
སྨ་ར་འདི་ཡང་ཇེ་རིང་ཇེ་རིང་རེད།།
རླུང་བུ་ཞེ་སྡང་ཅན་ཞིག་དལ་གྱིས་ལྡང་།།
ལྗོན་ཤིང་ལོ་མའི་སྟེང་ལ་སེར་ཐིག་ལྷུང་།།
མཚོ་ཁའི་བྱ་ཁྱུ་ལྷོ་ཕྱོགས་ཡུལ་ལ་འཕུར།།
ཁོ་བོའི་ནམ་ཟླ་སྐྱ་བོ་འཁྱག་གིས་བསྡམས།།
ཉི་མ་སེར་བོ་མཁའ་ན་འདར་སིག་སིག།
མེ་ཏོག་སྣ་ཚོགས་ཆུ་མོ་འགྲམ་ནས་སྐམ།།
སྤྲིན་པ་དཀར་པོ་རླུང་གིས་རྒྱང་ལ་འཁུར།།
ཡོད་ཚད་སྙན་ངག་འབྲི་བའི་དགྲ་རུ་ལངས།།
དབྱར་གསུམ་སྒེག་མོའི་ལང་ཚོ་དུས་ཀྱིས་གཙེས།།
འཛུམ་མདངས་དམར་བོ་་དེ་ཡང་ཙག་གིས་ཁྱེར།།
གཙང་ཆུ་སྔོན་མོ་འགག་ནས་རྡོ་ལ་ཐུག།
ཁོ་བོས་ཁ་ལག་དྲོན་མོ་གང་ནས་བསྲོ།།
དུས་ཀྱི་འགྲོས་ལ་རླུང་གི་གཤོག་པ་ཐོགས།།
དབྱར་དགུན་སྟོན་དཔྱིད་སྐད་ཅིག་ཅིག་གིས་འདས།།
ཤེལ་གྱི་མེ་ལོང་ནང་ལ་ལྟ་ཙམ་བྱས།།
གདོང་གི་གཉེར་མ་ཇེ་མང་ཇེ་མང་རེད།།
ཁ་དབུགས་དྲོན་མོ་སྲོད་ཁའི་འཁྱག་ལ་འབྱར།།
རྩྭ་སྐྱ་འཇག་མོས་ཤུགས་གླུ་རི་ལ་འཁོར།།
སྨག་རུམ་མུན་པ་སྟུག་པོ་ས་ལ་ལྷུང་།།
སྟོན་མཚན་རིང་མོའི་དུས་ཚོད་ཅི་ལྟར་བསྐྱལ།།
༢༠༢༡ ༡༠ ༠༩