དུར་བྱང་།
ཚོར་ཆེ་ལ་དཀུ་ཆེ་བའི་བློན་པོ་ཞིག་ཅང་ཤེས་རྟ་ཕོའི་བང་རྩལ་དང་འགྲོགས་ནས་གློ་བུར་དུ་བཙན་པོ་ཁྲི་སློན་བཙན་དང་ཉེ་བར་བཅར། དེ་ནི་དྲན་འཕྲུལ་བ་དག་གིས་སྙུག་རྩེས་མ་རེག་ལ་གནད་ཟིན་པའི་ཤོག་དྲིལ་དུ་ཐོག་མར་འཁོད་པ་ཡིན།
བཙན་རྒྱལ་སོ་གཉིས་པ་མོན་དུག་གིས་བཀྲོངས་པར་ཡོངས་སུ་གྲགས་པ་ལགས་མོད། “ཁྱུང་པོ་སྤ་ཏ་སྤུ་ཏེ་དང་སྤུ་ཁྱུང་རིང་པོས་གཡག་བསད་ནས་རྒྱལ་པོས་གཡག་ཤ་གསོལ་བས་ཤ་དུག་གིས་བཀྲོངས”སོ་སྐད། ཤོག་དྲིལ་དུ་འཁོད་པའི་ཁོང་གི་མཚན་ལ་ཁྱུང་བོ་སྤུང་སད་ཟུ་རྩེ་ཞེས་འབོད། ཞང་ཞུང་ནས་ཆེད་གཏོང་གནང་བ་དང་འདྲ་ལ། སྙིང་མཛངས་པའི་རྩེ་ཕུད་དུ་བགྲང་ཆོག་པ་ཞིག་བོད་བཙན་པོའི་བློན་ཆེན་གྱི་གོ་གནས་ཐོག་སྒོ་ཀུན་ནས་བརྟུན་པ་ཆེན་པོ་བྱེད་བཞིན་འདུག དེའང་བློན་ཆེན་གྱི་གོ་གནས་ཐོབ་ཆེད་ཁོ་ན་མ་ཡིན་པར་ཐུབྷོད་བཙན་རྒྱལ་གྱི་རབས་རྩ་མེད་བཟོས་ཏེ། ཕྱོགས་ཀུན་ཏུ་ཞང་ཞུང་བས་དབང་བསྒྱུར་བྱེད་འདོད་པ་ཡིན་གྲང་།
ཟིང་པོ་རྗེ་ཁྲི་སྟག་གཉིས་ཀས་རིམ་བཞིན་བྱ་བ་ཅི་ལ་ཡང་ཕྱིན་ཅི་ལོག་པ་ཤ་སྟག་བྱེད། ལེགས་པ་ཉེས་པར་བཅུག དབང་ཡོད་ན་ཉེས་པ་མེད་པའི་ཁར་གཅམ་བུ་ངོ་སྲུང་གི་ཚིག་སྨྲ་བ་དག་ལ་ནི་ཆེད་དུ་བསྔགས་པའི་མེ་ཏོག་གཏོར། དེ་ནི་རང་ཉིད་ཀྱི་མངའ་ཁོངས་ཐལ་བར་བརླག་པའི་གཞི་དང་རྨང་དང་རྩ་བ་ལྟ་བུ་ཡིན་པ་སྨོས་ཅི་ལ་དགོས་ཨང་། མྱང་ཙེང་སྐུ་དང་དབྱི་ཚབ་སོགས་ཀྱིས་སྒེར་འཁོན་ཆེད་ཐུབྷོད་བཙན་རྒྱལ་ལ་གྲོགས་དན་ཞུས། འབེལ་མཆིད་གནངས། དེ་ནི་བོད་བཙན་རྒྱལ་ཆེན་པོའི་མངའ་ཐང་མཐའ་བཞིར་བསྐྱེད་པ་དང་། སུམ་ཉིས་ས་ལ་དབང་སྒྱུར་པ་ཞེས་རྫུན་ཕྲ་མོ་ཙམ་ཡང་མ་མཆིས་པའི་སྟོབས་ལྡན་གྱི་བྱུང་བ་དེ་དག་གི་དབུ་ཁྱུད་ཐོག་མ་འབྲི་བར་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་སུ་ཕྱིན་པ་ནི་ཨ་ཅང་བརྗོད་མེད་རེད།
ཐུགས་ཤིན་ཏུ་བྲེལ་བཞིན་པ་འདྲ་སྟེ། གཅུང་སློན་གོལ་དང་ཡུམ་སྟོང་བཙན་ལ་ཡུལ་གྱི་གཉེར་ཁ་བཅོལ། བཙན་པོ་ཁྲི་སློན་བཙན་རང་ཉིད་མཐའ་ཐང་རྒྱ་བསྐྱེད་ཀྱི་སླད་དུ་དམག་སྤྱི་ཆེན་མོའི་མཚན་གནས་བདག་གིར་བཞེས། རྟུལ་ཕོད་ཆེ་བའི་བོད་དམག་ནི་སྤང་ལ་མེ་ལྕེ་བཆེད་པ་བཞིན་ཕྱོགས་དང་ཕྱོགས་སུ་བྱེར། “ཆུ་བོ་ནི་རབ་ཏུ་བཏོད་དོ། བྲ་ལ་ནི་དབྱི་རུ་བཏང་ངོ་།” རི་ཚོགས་ཐང་མར་བརྡལ་བ་ལྟ་བུའི་དཔའ་སྟོབས་ཀྱིས་རྒྱལ་ཕྲན་རྣམས་ཆམ་ལ་ཕབ། ཁྱུང་ཞེས་པའི་ཐ་སྙད་དང་ངོ་བོ་དབྱེར་མེད་པའི་ཞང་ཞུང་ཞེས་འབོད་པ་ནི་སྐབས་དེའི་ཤེས་རིག་དར་བའི་རྩེ་མོར་སོན་ཡོད་ཅེས་ཁ་ཅིག་ཟེར།
དེང་གི་སྐད་ཀྱིས་བོས་ན། མངའ་རིས་རྒྱལ་བློན་དག་བློ་གཡེང་ཆེ་ཞིང་གོ་སྐབས་ལ་ཐུགས་རེ་ཤིན་ཏུ་ཟབ། ཁྱུང་བོ་སྤུང་སད་ཟུ་རྩེ་རྡོག་ཐོན་གྱིས་“རྒྱལ་པོ་མར་མུན་མགོ་བཅད་དེ་བཙན་པོའི་ཕྱག་ཏུ་ཕུལ། མོང་སྔོན་པོ་གློ་བ་རིངས་པར་ཡང་བཀུམ།” ད་དུང་བློན་ཆེན་གྱི་གོ་གནས་ལ་བསླེབས་མེད། ཁོག་ནས་མེ་ལྕེ་དམར་པོ་ཅི་ཙམ་འབར་ཡང་ཁ་ནས་དུ་བ་སྔོན་པོ་ལྷོག་ལྷོག་ཏུ་འཕྱུར་མི་འཇུག་པ་ནི་ཆབ་སྲིད་པའི་མ་མཐའི་གཡོ་ཐབས་ཤིག་རེད། ཁོ་ལ་མཚོན་ན་བློན་ཆེན་མང་བོ་རྗེ་ཞང་སྣང་ལ་གདོང་ཐུག་གི་དགྲར་འཛིན་པ་ལས་ལྡོག་སྟེ། ཆེས་སྙིང་ཉེ་བ་དང་ཆེས་བདེན་པའི་གྲོགས་ཤིག་ཏུ་འབད་པ་ཆེན་པོས་བརྫིས་པ་ན། རྒྱལ་བློན་གཉིས་ཀའི་བར་དུ་ཕྲ་མ་སྣ་ཚོགས་བཅུག་པར་བརྟེན། མཐར་བློན་ཆེན་པོ་བསླུས་ཤིང་མི་ཡུལ་ནས་མཐའ་སྤྲོད་བཏང་།
ད་ནི་གཡོ་ཐབས་སྣ་རྒུའི་ཕུང་བོ་ཕྲག་ཏུ་ཁུར་བའི་ཁྱུང་བོ་སྤུང་སད་ཀྱི་རེ་བའི་གོམ་པ་ཆེས་མཐོ་སར་སྤོས་སོང་། བློན་ཆེན་གྱི་གོ་གནས་ནི་ཁ་ཆད་མཐའ་དག་ལེགས་འགྲུབ་འབྱུང་བའི་སྒྲུབ་བྱེད་ཡིན་པ་ལས་བསྒྲུབ་བྱ་ག་ནས་ཡིན་ཨང་། གནམ་རི་སྲོང་བཙན་ཡབ་སྲས་སོགས་འབེན་དུ་གྱུར་བའི་ཁྱུང་བོ་སྤུང་སད་ཟུ་རྩེ་ནི་རྒྱལ་བོའི་ཕོ་བྲང་དུ་དུག་གི་རྫས་སྦྱོར་སྡེབ་བཞིན་ཡོད་སྲིད། ཕྱི་ལོ 629 ལོར་ཡབ་གནམ་རི་སྲོང་བཙན་ལ་དུག་བོར་ཏེ་བཀྲོངས་སོ།།
བཙན་རྒྱལ་སོ་གསུམ་པས་དུག་ལས་པ་རྣམས་རབས་བཅད་དོ་ཟེར། འོན་ཀྱང་ཁྱུང་བོ་སྤུང་སད་ཟུ་རྩེ་ནི་ལས་སླ་བོས་གདུལ་ཐུབ་པ་ཞིག་ག་ལ་ཡིན་ཨང་། ཆབ་སྲིད་པའི་མིག་རྒྱང་ནི་མི་རང་དགར་བས་དཔོག་ནུས་པ་ཞིག་ཀྱང་མིན། ཁོང་གི་མཐར་ཐུག་གི་དམིགས་ཡུལ་ནི་བཙན་པོའི་རྒྱལ་རྒྱུད་གཅོད་རྒྱུ་དེ་རེད། མུ་མཐུད་ནས་བཙན་རྒྱལ་སོ་གསུམ་པ་བཀྲོངས་པའི་སྒྱུ་བཤམས་འདུག དབའ་དབྱི་ཚབ་རྒས་པའི་ཚེ་བཙན་པོ་རང་ཁྱིམ་དུ་གདན་དྲངས་ནས་དབུ་སྙིང་གནང་བ་སོགས་ཡིད་ལ་དྲན་སོང་། ཐབས་ལམ་དེ་ག་རང་བརྒྱུད་ནས་བཙན་པོ་སྲོང་བཙན་སྒམ་པོའི་སྤྱན་སྔར་གསོལ། འོན་ཏང་། མཐར་རང་སྲོག་བཅད། ངག་རེ་ཁྱུང་གིས་ཕའི་མགོ་བཅད་དེ་བཙན་པོའི་ཕྱག་ཏུ་ཕུལ།
ཆབ་སྲིད་ཀྱི་ཀློང་བརྡོལ་བའི་བློན་པོ་མགར་སྟོང་བཙན་གྱི་ལག་འོག་ནས་སུ་ཞིག་ཐར་སྲིད་དམ། ཐང་གི་རྒྱལ་བློན་རྣམས་ཀྱི་སྙིང་ལའང་འཇིགས་པ་བསྟུད་མར་སྟེར་མྱོང་བ་རྒྱའི་རྒྱལ་རབས་སོགས་སུ་གསལ་ལོ།།