བསེ་རུ།
(བཀའ་སྤྱི་འོས་བསྡུའི་སྟ་གོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་རི་འདབས་ནས་ཐོལ་བྱུང་དུ། )
བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གྲ་སྒྲིག་ཁྲོད།།
དྲང་བདེན་བློ་མིག་ཐོགས་པ་ཇི་ཙམ་ཡོད།།
ཕྱོགས་རིས་ལིང་ཏོག་བྲལ་བ་ཇི་ཙམ་ཡོད།།
བཀའ་སྤྱིའི་འོས་མི་དོན་དམ་ཇི་འདྲ་ཞིག།
ང་ཡིས་བལྟས་ན་ཁྱོད་ཀྱི་འོས་མི་ནོར།།
ཁྱོད་ཀྱིས་བལྟས་ན་ང་ཡི་འོས་མི་ནོར།།
ང་དང་ཁྱོད་ཀྱི་བར་གྱི་འོས་མི་དེར།།
ལྷ་ཆེན་ཚངས་པས་གཟིགས་ན་ཅི་འདྲ་ཞིག།
ཡ་གིའི་ཚོགས་པས་ཁོ་དང་མོ་ཞེས་གླེང་།།
མ་གིའི་ཆོལ་ཁས་ཁོང་དང་ཁོང་ཞེས་བརྗོད།།
བར་གྱི་མི་མང་རང་རང་ཕྱོགས་གཏོགས་ཀྱི།།
མི་སྣ་དེ་དག་ཕྱོགས་ལ་བློ་མིག་འབུར།།
རེ་འགས་གཞོན་སྐྱེས་དགོས་ཞེས་ངར་ངར་བྱེད།།
འགའ་ཞིག་རྒན་རབས་དགོས་ཞེས་ལྷོད་ཀྱིས་གླེང་།།
རེ་ཟུང་གཉིས་ཀ་དགོས་ཞེས་གལ་ཆེར་གསུངས།།
ད་ནི་ན་ཚོད་བར་ནས་མགོ་བོ་རྨོངས།།
མི་མང་ནང་དུ་རང་རང་འདོད་ཕྱོགས་ཤིག།
མཁས་པའི་ནང་དུ་རང་རང་འོས་མི་ཞིག།
བཀའ་སྤྱིའི་འོས་མིར་ཐུགས་སྣང་ཆེ་མདོག་གིས།།
འདི་ལེགས་དེ་ངན་གཏམ་གྱིས་རྣ་བ་གཙེས།།
ང་ཡི་ཆོལ་ཁ་ཁྱོད་ཀྱི་ལུང་ཚན་ཞེས།།
མདུན་ལྕོག་ཁུ་ཚུར་རྡེག་མཁན་གླེན་རྟགས་ཅན།།
ང་དང་ཁྱོད་ཀྱིས་སྤྱི་འཐུས་གྲལ་དུ་བསྐྱལ།།
ད་ནི་ཁ་རྡུང་བཏང་ཡང་ངལ་བའི་རྒྱུ།།
ང་དང་ཁྱོད་དང་ཁ་དང་སྣ་ཞེས་པ།།
འཇིག་རྟེན་བླུན་པོའི་ཁྱུ་ཡི་སྤྱོད་ཚུལ་ཉིད།།
ཡུལ་གྱར་སྤུན་ཟླའི་ལས་དབང་འདིར་བསམ་ཚེ།།
བློ་སེམས་རྣལ་དུ་ཕབ་པའི་དུས་སུ་བབ།།
ཁ་དང་ལག་ལེན་འགྲིག་ན་དེ་ཡིས་འཐུས།།
མདོག་དང་བྲོ་བ་མཐུན་ན་དེ་ཡིས་ཆོག།
སེམས་དང་བསམ་པ་མཐུན་ན་བདེ་བའི་རྒྱུ།།
ཀུན་གྱིས་སྨོན་ཚེ་དོན་གྱི་སྙིང་པོ་ཞིག།
བོད་རིགས་ཡིན་ནོ་ཟེར་མཁན་འབུམ་ཕྲག་ཙམ།།
རང་བཙན་ལག་དེབ་ཡོད་མཁན་ཁྲི་ཕྲག་འགའ།།
དོན་དམ་དཔྱ་ཁྲལ་འབུལ་མཁན་ཇི་ཙམ་ཡོད།།
བཀའ་སྤྱི་འོས་འདེམས་གནང་མཁན་སུ་དང་གང་།།
བཀའ་སྤྱི་གལ་ཆེན་ཟེར་བཞིན་ལོ་ཟླ་འདས།།
བཀའ་སྤྱི་འོས་བསྡུ་བྱས་པ་ཉུང་ཉུང་མིན།།
བཀའ་སྤྱི་མི་མང་བར་གྱི་བར་དོ་ནས།།
བོད་ཀྱི་བདེ་སྡུག་གླེང་གིན་ལྔ་བཅུ་འདས།།
རུས་དང་རིགས་རྒྱུད་མཐོ་རབས་འདིར་མི་མཁོ།།
འབྱོར་ལྡན་མིང་གྲགས་འདོད་མཁན་འདིར་མི་མཁོ།།
རྩོམ་མཁན་བློ་མིག་འཁྱོག་པོ་འདིར་མི་མཁོ།།
ཁ་བཤད་ཆུ་ཡི་ལྦུ་བ་འདིར་མི་མཁོ།།
ཕུ་དཀྲུག་མདའ་དཀྲུག་བྱེད་པོ་འདིར་མི་མཁོ།།
ཁ་ཁོག་གཉིས་ཅན་དེ་བས་འདིར་མི་མཁོ།།
ངོ་འཛུམ་བཅོས་མའི་བཞིན་རས་འདིར་མི་མཁོ།།
དམངས་མགོ་ཐོ་བས་རྡུང་མཁན་ཅི་ལ་མཁོ།།
རྣམ་དཔྱོད་མེ་ལྟར་ཚ་ཡང་འདིར་མི་མཁོ།།
ཐབས་བརྒྱ་བྱུས་ལ་མཁས་ཀྱང་འདིར་མི་མཁོ།།
དཀའ་སྤྱད་སྙིང་རུས་ཆེ་ཡང་འདིར་མི་མཁོ།།
ལེ་ལོའི་མལ་དུ་ཉལ་མཁན་ཅི་ལ་མཁོ།།
ཆོས་སྲིད་གང་ཅིར་མཁྱེན་རྒྱ་ཆེ་བས་གཅིག།
འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པས་གཉིས།།
འཛམ་གླིང་འགྱུར་འགྲོས་ཕྱོགས་ལ་མི་རྨོངས་གསུམ།།
བཀའ་སྤྱིར་འོས་སམ་མི་འོས་མནོ་བསམ་ཐོངས།།
ཤ་ཁྲག་རུས་གསུམ་བོད་མིའི་རིགས་རྒྱུད་གཅིག།
བློ་སྙིང་བྲང་གསུམ་བོད་ལ་གཏད་དང་གཉིས།།
ཕྱི་ནང་གསང་གསུམ་དཀར་བའི་བསམ་པ་གསུམ།།
བཀའ་སྤྱིར་འོས་སམ་མི་འོས་བསམ་བློ་ཐོངས།།
མ་གིའི་སྤྲང་པོ་ཡ་གིའི་དཔོན་པོའི་བར།།
བདེ་སྡུག་ཀུན་ལ་གཟིགས་པར་མི་ངལ་ཞིང་།།
ཡོད་ཚད་དམངས་ཀྱི་ཆེད་དུ་འབད་མཁན་རིགས།།
བཀའ་སྤྱིར་འོས་སམ་མི་འོས་བསམ་བློ་ཐོངས།།
བོད་མི་ས་ཡ་དྲུག་གི་བདེ་སྡུག་ལ།།
ཉིེན་དང་མཚན་གྱི་དབྱེ་ངོ་མ་ཆོད་པར།།
ཟས་བརྗེད་གཉིད་བྲལ་གནང་མཁན་སུ་ཞིག་མཆིས།།
བཀའ་སྤྱིར་རུང་ན་དེ་རིགས་ཅིས་མི་རུང་།།
བཀའ་སྤྱི་གཉིས་ནི་ནང་གི་ཕ་མ་ཡིན།།
བཀའ་སྤྱི་གོང་བཀུར་བྱིས་པ་ང་ཚོ་ཡིན།།
བཀའ་སྤྱི་གཉིས་པོ་ང་ཚོའི་མགོན་སྐྱབས་ཡིན།།
བཀའ་སྤྱི་གཉིས་པོས་དེ་དོན་ཐུགས་ལ་ཞོག།
བྱིས་པའི་མདུན་ལམ་འོད་སྟོང་ལྡན་དགོས་ན།།
ཕ་མ་བློ་གཏད་ཆོག་པ་ཅིས་མི་མཁོ།།
བདེ་སྐྱིད་ལམ་སྣ་ཟིན་འདོད་བོད་མི་ཚོར།།
བཀའ་སྤྱི་བྱམས་བརྩེ་ཅན་དག་ཅིས་མི་མཁོ།།
ལོ་འབྲས་ཕུན་སུམ་ཚོགས་པའི་གཞི་རྩ་རུ།།
ཞིང་ས་གཤིན་པོར་ས་བོན་དྲོད་གཤེར་མཁོ།།
རང་རིགས་མགོ་བོ་འདེགས་པའི་དཔུང་རོགས་སུ།།
མགོན་སྐྱབས་དཔུང་གཉེན་གཟུར་གནས་བློ་ལྡན་མཆོག།
བཀའ་སྤྱིའི་འོས་བསྡུ་འདི་ལ་མོས་མཐུན་ཡོད། །
འོས་བསྡུ་གང་ལེགས་ཡོངས་བའི་རེ་བ་ཡོད། །
ཆོལ་ཁ་ཕྱོགས་རིས་མེད་པའི་ཡིད་ཆེས་ཡོད། །
ཆོས་ལུགས་རས་ཆོད་མེད་པའི་བློ་འདེངས་ཡོད། །
འོས་གཞིར་མི་བཟང་སླེབས་པའི་སྨོན་ལམ་ཡོད། །
འོས་གྲངས་མང་ཤོས་ཡོངས་བའི་འཆར་གཞི་ཡོད། །
ཚང་མས་དོ་སྣང་ཡོངས་བའི་ཚོད་དཔག་ཡོད། །
རྙོགས་དྲ་ཆུང་ཙག་བཟོད་པའི་དཔའ་བློ་ཡོད། །
མཁས་པར་དཔྱད་དེ་བླུགས་པའི་རྣམ་དཔྱོད་ཡོད། །
རྒྣན་པས་ཉམས་མྱོང་སྒང་ནས་བླུགས་ངེས་ཡོད། །
གཞོན་པས་བགྲོ་གླེང་བྱས་ནས་འདེམས་བཟོ་ཡོད། །
བོད་ནས་བོད་མིས་རེ་བ་བྱ་ངེས་ཡོད། །
རྒྱ་ནས་རྒྱ་ཡིས་རྒྱངས་ལྟ་བྱ་འཆར་ཡོད། །
འཛམ་གླིང་ནང་ལ་གཏམ་བཟང་བསྒྲགས་ངེས་ཡོད། །
ཏ་ལའི་བླ་མས་ཐུགས་སྨོན་གནང་ངེས་ཡོད། །
བསེ་རུ་ལགས།
ཐོག་མར་བཀྲིསས་བདེ་ལེགས། བཀའ་སྤྱིའི་འོས་བསྡུ་དང་འབྲེལ་བའི་མང་པོ་སྤེལ་དགོས་མོད། དོན་ལྡན་མ་སྤེལ་ཚེ་ཀློག་པ་པོ་རེ་ཟུང་གི་ལངས་ཕྱོགས་ལམ་ནོར་འཁྲི་ངེས་པས། དོ་གཟབ་གནང་རོགས་ཞུ་རྒྱུ་ཡིན།
དྲ་གྲོགས་དབྱངས་བུ་ལགས།
སྐུ་ཉིད་ཀྱིས་ཐུགས་ཁུར་ཆེ་བཞེས་ཀྱིས་ཡིད་གཟབ་དགོས་པའི་སྐུལ་ལྕག་གནང་བར་སྐུ་དྲིན་ཆེ་ཞུ་འདོད་བྱུང་།
ནང་གི་ཕ་མ་ཡག་པོ་ཞིག་དགོས་པ་ནི་ཕྲུ་གུ་ཚང་མའི་རེ་འདོད་ཡིན་པ་ལྟར།
ང་ཚོ་བོད་མི་མང་ཚོར་ཡང་ཕ་མ་ལྟ་བུའི་བཀའ་སྤྱི་བྱམས་ལྡན་ལྷག་བསམ་ཅན་ཞིག་དང་། གཟུར་གནས་རྣམ་དཔྱོད་ཅན་ཞིག་ངེས་པར་དུ་དགོས་ངེས་ཅན་ནོ།།
ས་གཞི་སྐྱོ་བའི་འགུལ་སྐྱོད།
ས་བཅུད་ཡུལ་རྒྱན་ཏང་གིས་རྐུས་པས་ས་གཞི་སྐྱོ་བའི་འགུལ་སྐྱོད་ཀྱིས།། ས་ཡོམ་དྲག་པོ་བོད་ལ་ཕོག་ནས་ས་སྟེང་སྐྱེ་དགུ་དུ་ཁའི་མནར།།
ས་ལ་ཐིམ་པའི་རྣམ་ཤེས་སྟོང་གི་ས་ཕྱོགས་འདི་ལ་ཕྱི་མིག་ཤོར།།
ས་ཆེན་བཞུགས་པའི་སེམས་དཔའ་ཡོད་ན་ས་འདིར་ཐུགས་རྗེས་མྱུར་དུ་གཟིགས།།
འདི་ནས་བརྩིས་པའི་ལོ་དྲུག་ཡར་སྔོན་ན།།
བརྩེ་ཞིང་དུང་བའི་གྲོགས་དང་ལྷན་ཅིག་ཏུ།
སྐྱེ་དགུ་ནོར་བུ་གླིང་དུ་ཕྱིན་པའི་སྐབས།། གནས་དེར་སུམ་རྩེན་ས་ལ་འཕོས་འདྲར་སྣང་།།
མདངས་སུམ་རྨྱི་ལམ་འཁྲུགས་པའི་ཚན་ཁ་དང།། དེ་རིང་སྟོང་སྡེའི་སྐད་ངན་ཤོར་ཚོད་དེས།།
བདེན་རྫུན་འཕྱང་མོ་ཉུག་པའི་བང་ཁ་བརྒྱུར།།
གསར་འགྱུར་བརྒྱུད་ལམ་ཡོད་ཚད་ཉུལ་དུ་ཕྱིན།།
བལྟས་ན་ཡིད་ཁུང་མཆི་མས་གང་བ་དང་།།
དྲན་ན་ངུ་འབོད་ཤོར་བའི་སྣང་ཚུལ་དེ།།
དངོས་སུ་མཐོང་ཡང་རྩེ་གཉིས་བློ་མ་ཟློག།།
ད་དུང་རྨྱི་ལམ་དྲག་ཏུ་འཁྲུགས་སྣང་འཆར།།
མི་ཡུལ་འདི་ན་འདི་ལྟར་བསྐོས་སྲིད་ཀྱང་།།
མི་རིགས་འདི་ལ་འདི་ལྟར་ཅི་ཡིན་སྙམ།།
མི་མངོན་བཞུགས་པའི་ལྷ་ལ་སེམས་རེ་ཕམ།།
མི་རྟག་རག་པའི་ཚོགས་ལ་ཞེ་རེ་ཁྲེལ།།
བསག་པའི་ནོར་རྫས་དེ་དག་ཆོད་རེ་ཟོས།།
གཅེས་པའི་ཚེ་སྲོག་ཆད་སྟངས་ཉམ་རེ་ང།།
ཤུལ་ལུས་རྒན་གཞོན་དར་མ་ཐང་རེ་ཆད།། བསམ་གྱིན་སྐྱོ་བའི་དབུག་རིང་ལན་རེ་ཤོར།།
མཆོག་གསུམ་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད།། འདྲེན་མཆོག་དཔལ་ལྡན་བླ་མ་མདོ་ཁམས་པའི།།
ཟག་མེད་མཁྱེན་བརྩེ་ནུས་པའི་མཁའ་དབྱིངས་ནས།། ཉམ་ཆུང་འགྲོ་བའི་ལས་དབང་ཐུགས་རྗེས་གཟིགས།།
ཕྱི་ལོ་༢༠༡༠།༤།༡༣།ཉིན་ཞོག་དུས་༧།སྐར་མ་༤༧།ཐོག་མདོ་སྟོད་ས་ཡི་ཐིག་ལེ་སྐྱེ་དགུ་གྲོང་ཁྱེར་ཆེན་མོར་
ས་ཡོམ་དྲག་པོ་ཕོག་ནས་སྐྱེ་འགྲོ་སྟོང་ཕྲག་དུ་མས་ཚེ་སྲོག་ས་ལ་ཐིམ་རྣམ་ཤེས་མཁའ་ན་ཡལ་ཤུལ་ལུས་རེ་ཟུང་
ཙམ་ལྷག་ཀྱང་དབང་པོ་སྐོང་བར་སོང་བ་དང་། ཡན་ལག་འཐིང་སླད་ཤོར་བ་སོགས་མདོར་ན་སྐྱོ་གདུངས་ཀྱི
་མཆི་མ་མི་འཆོར་རང་དབང་མེད་པའི་སྣང་ཚུལ་འདི་ལྟར་མཐོང་སྐབས། གཤིན་པོ་རྣམས་ལ་བསྔོ་བ་དང་
སྨོན་ལམ་གསོན་པོ་དག་ལ་ཐུགས་གསོས་འཚམས་འདྲི་དགོས་དམིགས་དུ་མའི་ཆེད་དུ་སྟོབས་ཕུ་རིན་ཆེན་དབང་ཕྱུག་ནས་བྲིས་སོ།།