རྐ་སྲས།
ཞེ་རྩ་དུང་བས་དྲོས་བའི་སློབ་རྭ་འདི་ནས།།
བཅུ་ཕྲག་རིག་པའི་མེ་ཏོག་འཐུ་བའི་ཤོར་ལ།།
སྙིང་ལ་རི་མོ་འབྲི་བའི་རི་དྭགས་མིག་ཅན།།
འཁྱོག་དཀར་གཞུ་ལ་ཁུག་ན་ཁྲིག་ཁྲིག་མི་འདུག།
མ་འདྲིས་སྙིང་ལ་སྡུག་པའི་ལུས་ཕྲ་བུ་མོ།།
མི་ཚོགས་སྐོར་བྲོའི་དཀྱིལ་ཀྱི་ཟླ་བ་ལྷ་མོ།།
པ་ཅེ་*སྣང་བ་འཕྲུལ་བའི་སྨུག་རྒྱུ་མིན་ན།།
ང་ལ་འཛུམ་ཙམ་བྱས་ན་ཁྲིག་ཁྲིག་མི་འདུག།
སྐབས་རེར་མིག་ཟུང་ཡང་ཡང་ཕྲད་པའི་བར་ནས།།
དུང་བའི་མེ་ཏོག་ཕུལ་བའི་བསྐལ་བ་ཡོད་འདྲ།།
མ་བཅོས་མཛེས་བ་རྫོགས་པའི་ཚིགས་དྲུག་སྨྱུག་མས།།
འཁྱམ་པོའི་སེམས་པ་འཕྲོག་ན་ཁྲིག་ཁྲིག་མི་འདུག།
ཤང་ཤང་སྐྲ་ལོ་རྦ་ཆུ་ནག་པོའི་གསེབ་ནས།།
ཟུར་མིག་འཁྱུག་ཙམ་ལྟ་བའི་གར་སྟབས་མྱུར་མོ།།
ཕྲད་ཐེངས་རེ་རེའི་ལམ་ཡིག་ལྟ་བུ་འདྲ་བྱུང་།།
སྙིང་གཏམ་ཆུ་མིག་རྡོལ་ན་ཁྲིག་ཁྲིག་མི་འདུག།
ཟླ་བའི་བཞིན་ལ་དམར་བའི་མཛེས་བ་ཅན་དེ།།
འཛུམ་པའི་ཚེ་ན་སྟོང་གསུམ་འོད་ཀྱིས་འཁྱུད་འདྲ།།
ཧ་ཅང་མཛེས་པ་རྫོགས་པའི་བྱུ་རུའི་མཆུ་སྒྲོས།།
གསིལ་ཏོག་འདྲ་པོ་ཐོབ་ན་ཁྲིག་ཁྲིག་མི་འདུག།
ང་ཡི་ངག་རིག་སྙན་ཚིག་མེ་ཏོག་འཕྲེང་བ།།
སུ་ལ་ཕུལ་བ་ཁྱེད་ཀྱིས་ཞིབ་ཏུ་སོམས་དང་།།
རང་གིས་རང་ལ་ཡང་བསྐྱར་དྲི་བ་ཐོངས་དང་།།
དྲི་ལན་ཁྱོད་ཀྱི་སེམས་ན་ཁྲིག་ཁྲིག་ཡིན་ངེས།།
- པ་ཅེ་ཞེས་པ་ནི་རྒྱ་སྐད་དེ། ཐང་ཟིན་བླ་མའི་རྟོགས་བརྗོད་ནང་དུ་ཟླ་བའི་ལྷ་མོར་སེམས་པ་ཤོར་བའི་ཕག་མགོ་ཅན་ནོ།