ཏཱ་ལའི་བླ་མའི་དྲ་དེབ་ནས་བསྒྱུར། ནགས་ཤོད་སད་མི།
1 ༸ སྐྱབས་མགོན་མཆོག་ལ་ཞུ་རྒྱུར། གོང་ས་མཆོག་སྐུ་འཚོ་བཞུགས་རིང་རྒྱ་ནག་གཞུང་དང་ཞི་འགྲིག་ཡོང་རྒྱུར་ཧ་ཅང་དཀའ་མོ་རེད། ཁྱེད་སྐུ་འཚོ་བཞུགས་མེད་ཚེ་ཅུང་ཟད་ཐལ་ཆ་ཅན་གྱི་གཞོན་ནུ་ཚོགས་པས ༸ གོང་ས་མཆོག་གི་བཏང་འཛིན་མེད་པའི་སྐབས་དང་བསྟུན་འཇིགས་སྐུལ་གྱི་ལས་གཞི་རྒྱ་ཆེན་པོ་སྤེལ་སྲིད་པ་རེད། ང་ཚོས ༸ གོང་ས་མཆོག་ཞི་བདེ་ལ་དགའ་བ་ཧ་གོ་གི་ཡོད། ཡིན་ནའང་། བོད་ཀྱི་གཞོན་ནུ་ཚོགས་པ་ཐལ་སྤྱོད་ལ་འགྲོ་རྒྱུར་ག་འདྲ་བྱས་ནས་འགོག་དགོས་པ་རེད། དེར་ཐབས་ཇུས་འདྲ་ཡོད་དམ།
༸ གོང་ས་མཆོག་ནས། སྤྱིའི་ཆ་ནསབཤད་ན། ཕྲན་མེད་པ་ཆགས་ནའང་བཙན་བྱོལ་བོད་ཀྱི་སྒྲིག་གཞི་དང་། ལྷག་པར་དུ་སློབ་གསོའི་མ་ལག་སྔར་བཞིན་མུ་མཐུད་གཉེར་སྐྱོང་དང་འཕེལ་རྒྱས་གཏོང་གི་རེད། གལ་ཆེའི་གནད་དོན་གཞན་ཞིག་ནི་ནང་ཆོས་བརྒྱུད་འཛིན་བྱ་རྒྱུ་དེ་རེད། མིག་སྔར་ནང་པའི་ཆོས་བརྒྱུད་ཁག་ཏུ་མི་ལོ་ཉི་ཤུ་དང་སུམ་ཅུ་ཙམ་ནང་ཆོས་ལ་སློབ་གཉེར་བྱས་ནས་ཆོས་ལུགས་དབུ་ཁྲིད་འཁུར་ཐུབ་པའི་མི་སྣ་ཕུལ་བྱུང་ཁག་ཅིག་ཐོན་བཞིན་ཡོད། འཛིན་སྐྱོང་རྩ་འཛུགས་ངོས་ཕྱོགས་ནས་བཤད་པ་ཡིན་ན། འདས་པའི་ལོ་བཅུའི་རིང་ཕྲན་ཕྱེད་རྒན་ཡོལ་བྱས་ནས་བསྡད་ཡོད། དེས་ན་ཆབ་སྲིད་ཐད་ཀྱི་གལ་ཆེའི་གནད་དོན་ཁག་བདམས་ཐོན་བྱུང་བ་འི་མགོ་ཁྲིད་ཀྱིས་ཐག་གཅོད་བྱ་རྒྱུ་རེད། མ་འོངས་པ་ན་ཡང་འདི་ལྟར་རྒྱུན་མཐུད་བྱ་རྒྱུ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་གིས་གཙོས་པའི་ཚོགས་པ་ཁག་ཅིག་གིས་ངའི་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། ཁོང་ཚོས་བོད་རང་བཙན་གཙང་མ་ཞིག་མངོན་འདོད་བྱེད་ཀྱི་ཡོད། འདི་ལྟ་བུའི་སྐད་སྒྲ་དེ་ཉེ་བའི་ཆར་ཅུང་གཞི་རྒྱ་ཆེ་རུ་ཕྱིན་ཡོད། ཁོང་ཚོར་ལེ་ལན་འདེད་ས་མེད། གང་ལགས་ཤེ་ན། ང་ཚོས་ཕན་ཚུན་རོགས་རེས་བྱས་ནས་འབད་བརྩོན་བྱས་པ་མཐའ་དག་དོན་དངོས་ཀྱི་འབྲས་བུ་ཅི་གང་ཐོན་མེད་པས་རེད། དེའི་རྐྱེན་གྱིས་ཁོང་ཚོའི་བསམ་འཆར་རྣོ་ངར་ཇེ་ཆེ་རེད། ཡིན་ནའང་། བརྒྱ་ཆ་དགུ་བཅུ་གོ་དགུ་ཙམ་གྱི་མི་རྣམས་ཀྱིས་འཚེ་མེད་ཞི་བདེའི་ལམ་བུར་ཡིད་རྟོན་བྱེད་ཀྱི་ཡོད་པ་ཧ་ཅང་གསལ་པོ་ཡིན་པས་ཁྱོད་ཚོ་སེམས་ངལ་བྱ་མི་དགོས།
2 ༸ ཏཱ་ལའི་བླ་མ་མཆོག་ལ་ཞུ་རྒྱུར། སྐུ་ཉིད་ཀྱིས་འདོད་པའི་རང་སྐྱོང་གི་བོད་ཆེན་པོ་དང་ད་ཆ་རྒྱ་ནག་གི་ཞིང་ཆེན་ཁག་ནང་བགོ་བཤའ་བརྒྱབ་ཟིན་པའི་མཉམ་བསྲེས་ས་ཁུལ་ཆེན་པོ་དེ་དག་ཁྱེད་ཀྱིས་ག་འདྲ་བྱས་ནས་ཐག་གཅོད་བྱ་འཆར་ཡོད།མཉམ་བསྲེས་ས་ཁུལ་གྱི་ཀྲུང་གོའི་མི་རིགས་གཞན་དག ( བོད་ཆེན་པོའི་རང་སྐྱོང་ས་ཁུལ ) གྱིས་དོ་དམ་བྱེད་དགོས་པ་ཨེ་རེད། བོད་རིགས་མ་ཡིན་པའི་མི་འདི་ཚོའི་འདོད་བློ་ཇི་ལྟར་བྱས་ནས་འགན་ཐེག་ཐུབ་རྒྱུ་དང་ལག་ལེན་མཐར་ཕྱིན་བྱ་ཐུབ་ཀྱི་རེད། ཐུགས་རྗེ་ཆེ།
༸ གོས་ས་མཆོག་ནས། ཕྲན་གྱིས་ནམ་ཡང ( བོད་ཆེན་པོ་ཟེར་བའི ) ཐ་སྙད་འདི་བརྗོད་མྱོང་མེད། འདི་ནི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་ཀྱིས་ལྡོག་ཏེ་ང་ཚོར་བཀལ་བའི་མགོ་ཞྭ་རེད། ང་ཚོའི་ཞུ་སྐུལ་ནི་སྐད་དང་ཡི་གེ་གཅིག་ཏུ་གྱུར་པའི་བོད་མི་ཡོངས་རྫོགས་དང་། དེ་བཞིན་ཆོས་ལུགས་རིག་གནས་དར་སྤེལ་དང་འདྲ་མཉམ་གྱི་ཁེ་དབང་སྲུང་སྐྱོབ། དཔལ་འབྱོར་འཕེལ་རྒྱས་སོགས་ལ་འདྲ་མཉམ་གྱི་ཐོབ་ཐང་དགོས་ཀྱི་ཡོད། རྒྱ་ནག་གཞུང་གིས་འདི་དོན་ཕལ་ཆེར་ངོས་ལེན་བྱས་པ་ལྟར་སྣང་སྟེ། ཐེངས་ལྔ་པའིི་བོད་ཀྱི་བཞུགས་མོལ་ཚོགས་འདུའི་སྐབས་སུ་བོད་རང་སྐྱོང་ལྗོངས་དང་། དེ་བཞིན་ཞིང་ཆེན་གཞན་ནང་ཡོད་པའི་བོད་ཀྱི་ས་ཁུལ་བཞི་རུ་གཅིག་གྱུར་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྲིད་ཇུས་བཏིང་བ་རེད། ཝན་ཅ་པོས་ཡི་མི་དམངས་འཐུས་ཚོགས་ཀྱི་སྙན་སྒྲོན་ནང་དུའང་དེ་མཐུན་གྱི་སྒྲོག་སྦྱངས་བྱས། དེ་ནི་དངོས་ཡོད་དང་མཐུན་པའི་བྱེད་སྟངས་ཤིག་རེད།
ནམ་རྒྱུན ( བོད ) ཅེས་སྨོས་པ་དང་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུར་གོ་འགྲོ་བ་རེད། བོད་རང་སྐྱོང་ལྗོངས་ནང་དུ་བོད་མི་ཁྲི་ཚོ་ཉིས་བརྒྱ་ལྷག་ཅིག་ཡོད་པ་རེད། དེ་མིན་བོད་མི་ཁྲི་བཞི་བརྒྱ་ལ་ཉེ་བ་ཞིག་ཞིང་ཆེན་གཞན་པ་བཞིའི་ནང་དུ་ཁག་བགོས་བྱས་ནས་བསྡད་ཡོད། ང་ཚོས་འདྲ་མཉམ་དང་གཅིག་མཐུན་གྱི་ཁེ་དབང་ལ་རེ་བ་རྒྱག་གི་ཡོད། དཔེར་ན། ང་ལྟ་བུ་ལ་ཆ་བཞག་ན། བོད་རང་སྐྱོང་ལྗོངས་ནས་མིན། མཚོ་སྔོན་ནས་ཡིན་པ་རེད། ལོ་རྒྱུས་ཐོག་ནས་བཤད་པ་ཡིན་ན། ད་ཆ་ཞིང་ཆེན་བཞི་པོ་དེའི་ནང་གི་བོད་ས་ཁག་ནས་བླ་མ་སྐྱེས་ཆེན་དམ་པ་དེ་འདྲ་མང་པོ་ཐོན་མྱོང་ཡོད། དེང་སྐབས་རྒྱ་གར་ནང་ཆོས་བརྒྱུད་ཁག་གི་དགོན་པའི་ནང་དུ་གལ་ཆེའི་དཔེ་ཆའི་དགེ་རྒན་དང་འགན་ཁུར་མི་སྣ་ཕལ་མོ་ཆེ་ས་ཆ་འདི་དག་ནས་ཡོང་བ་རེད། བོད་རང་སྐྱོང་ལྗོངས་ནས་ཡོང་བ་ཅུང་ཉུང་ཉུང་རེད། དེར་བརྟེན་ང་ཚོས་སེམས་ཁུར་བྱེད་ས་གཙོ་བོ་ནི་ཆོས་ལུགས་དང་རིག་གཞུང་ཡིན། དེའི་རྐྱེན་གྱིས་ང་ཚོས་གཅིག་གྱུར་གྱི་ཞུ་སྐུལ་ཕུལ་བ་ཡིན། ཅི་སྟེ་ང་ཚོའི་འཚོལ་བྱ་ཁ་བྲལ་དང་རང་བཙན་ཡིན་ཚེ། ཟུར་འབྱེད་དབྱེ་ཞིབ་བྱ་དགོས་པ་རེད་མོད། ཡིན་ནའང་ང་ཚོས་བཏོན་གནང་བ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་རང་སོ་སོའི་རིག་གཞུང་དང་ཆོས་ལུགས། དེ་བཞིན་སྐད་ཡིག་བཅས་སྲུང་སྐྱོབ་དང་དར་སྤེལ་བྱ་རྒྱུ་དེ་ཡིན།
རང་སྐྱོང་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་ཐད་གལ་ཏེ་ལྷུག་གླེང་བྱེད་པའི་གོ་སྐབས་ཤར་ན། བོད་ནང་དུ་ཡོད་པའི་བོད་མི་ཚོས་འགན་ཁུར་ན་འགྲིག་གི་རེད། དེ་ཡང་འཇིགས་སྣང་མེད་པའི་འཁོར་ཡུག་ཅིག་ནས་རང་དབང་ངང་གྲོས་མོལ་བྱ་དགོས་ཀྱི་རེད། དེར་དཀའ་ངལ་མི་འཕྲད་པའི་ཡིད་ཆེས་བྱེད་ཀྱི་ཡོད།
ཡང་བོད་ནང་དུ་ཡོད་པའི་རྒྱ་མི་དེ་དག་གི་སྐོར་ལ་ངས་ཁ་སང་སྔོན་མའི་ཋེ་ཋེར་གླེང་མོལ་ནང་ཞིབ་་ཕྲ་འགྲེལ་བརྗོད་བྱས་ཡོད། དཔེར་ན། བོད་རང་སྐྱོང་ལྗོངས་ནང་དུ་གཅིག་དགུ་ལྔ་བཅུའི་སྔོན་ཚུད་ནས་རྒྱ་མི་ཁ་ཤས་ཡོད། ཁམས་དང་ཨ་མདོ། ལྷག་པར་དུ་ང་རང་སྐྱེ་ཡུལ་ནའང་རྒྱ་རིགས་མི་ཉུང་བ་ཡོད། དེ་ཚོ་སྔ་མོ་ཞིག་ནས་ས་དེར་གནས་སྡོད་བྱས་ཡོད་པས་ང་ཚོ་བོད་མི་ལས་དེ་བཞིན་རྒྱ་མི་རིགས་དང་མི་རིགས་གཞན་དག་གནས་སྡོད་བྱ་མི་ཆོག་ཅེས་བཤད་མྱོང་ཡོད་པ་མ་རེད། གལ་ཆེ་ཤོས་ཤིག་ལ། རང་སྐྱོང་ལྗོངས་ཀྱི་མིང་བཏགས་ཚར་བའི་གཞུག་ནས་བོད་རིགས་གྲངས་མང་ཡིན་དགོས་པ་ཨ་ཅང་ཅང་རེད། མི་རིགས་གཞན་དག་དེལས་གྲངས་ཉུང་དགོས་པ་རེད། གལ་ཏེ་གོ་ལྡོག་པ་ཡིན་ན། རང་སྐྱོང་གི་དོན་སྙིང་བོར་སོང་བ་རེད། ང་ཚོའི་རེ་བ་ནི་ལོ་རྒྱུས་ལྟར་མི་ལོ་སྟོང་ཁྲག་གི་རིང་རྒྱ་བོད་མི་རིགས་གཉིས་ཞི་མཐུན་མཉམ་གནས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་བསྐྲུན་རྒྱུའི་འདོད་མོས་ཡོད་ལ་དེ་དང་མཉམ་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཡོངས་རྫོགས་འདྲ་མཉམ་ཁྱིམ་གཅིག་གི་སེམས་ཁམས་ཁུར་ནས་ཞི་མཐུན་མཉམ་གནས་ཡོང་བ་ཤོག
3 ཏཱ་ལའི་བླ་མ་མཆོག ན་ནིང་ཧྥ་རན་སིའི་གློག་བརྙན་ཁང་ཞིག་གིས ( ཏཱ་ལའི་བླ་མའི་བདུད ) ཅེས་པའི་དངོས་པར་གློག་བརྙན་ཞིག་བསྟན་པ་རེད། སྤྱིན་ཤོག་དེ་ནི་རྒྱ་གར་དུ་པར་ལེན་བྱས་པ་ཞིག་རེད། པར་གཞི་དེའི་ནང་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་གྱི་བོད་པའི་དགེ་འདུན་པ་དེ་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ག་ས་ག་ནས་ཕྱིར་འབུད་བྱས་ཡོད། ཁོང་ཚོ་ཚོང་ཁང་དང་སྨན་ཁང་བཅས་སུ་འཛུལ་མི་ཆོག་ལ། ཐ་ན། སོ་སོ་འཚོ་རྟེན་བྱ་སའི་དགོན་པ་རུའང་སྡོད་ཆོག་གི་མེད། གློག་བརྙན་དེའི་ནང་དུ་( རྡོ་རྗེ་ཤུགས་ལྡན ) བསྟེན་མཁན་གྱི་གྲྭ་པ་ཡོངས་སུ་རྫོགས་པ་ངེས་པར་དུ་དགོན་པ་ནས་ཕྱིར་སྐྲོད་དགོས་ཞེས་ཁྱེད་ཀྱིས་བཀའ་བསྩལ་སོང་། ངས་སྐབས་དེར་ཕྱིར་འབུད་བཏང་བའི་བོད་པའི་དགེ་འདུན་པ་ཞིག་གི་མ་སྐད་འདིར་བཀོད་པ་ཡིན་ན། ( ཕྱོགས་གཅིག་ནས་ཏཱ་ལའི་བླ་མས་ག་དུས་ཡིན་ན་ཡང་ཆོས་དད་རང་མོས་དང་བྱམས་སྙིང་རྗེ་ཤོད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོའི་ཆོས་ལུགས་རང་མོས་ལ་བཀག་སྡོམ་བྱེད་ཀྱི་ཡོད། མ་ཟད་ང་ཚོ་དགོན་པ་ནས་ཕྱིར་བསྐྲད་སོང་། ཁོང་རང་གིས་སྔ་ཚིག་ཕྱི་འགལ་བཟོ་ཡི་ཡོད། ངས་ཁོང་ལ་ཡིད་ཆེས་བྱེད་ཀྱི་མེད་ཟེར་སོང་། ) ཏཱ་ལའི་བླ་མ་ལགས། ཁོང་གི་གདེང་འཇོག་གནང་སྟངས་དེར་སྐུ་ཉིད་ནས་ཅི་ལྟར་ལྟ་གི་ཡོད།
༸ གོང་ས་མཆོག་ནས། རྡོ་རྗེཤུགས་ལྡན་གྱི་གནད་དོན་གླེང་རྒྱུ་འདི་མགོ་རྙོག་ཆེན་པོ་རེད། གང་ཞེ་ན། འདི་ཆོས་དད་རང་མོས་ལ་ཐུག་འགྲོ་བ་རེད། ཆོས་དད་མེད་པ་དང་ཆོས་ལུགས་ཁས་མི་ལེམ་མཁན་ཚོས་འདི་དོན་ཤེས་རྟོགས་དང་བསམ་ཤེས་བྱ་ཐུབ་རྒྱུ་ཧ་ཅང་དཀའ་མོ་རེད། ཤུགས་ལྡན་ནི ༸ གོང་ས་ལྔ་པ་ཆེན་པོའི་སྐབས་ནས་བྱུང་བ་རེད། ༸ གོང་ས་ལྔ་པ་ཆེན་པོས་ཤུགས་ལྡན་ཇི་ལྟར་གདེང་འཇོག་གནང་གི་ཡོད། ༸ གོང་ས་ལྔ་པ་ཆེན་པོའི་གསུང་འབུམ་ད་པའི་ནང (སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ)ཞེས་འཁོད་ཡོད། ག་འདྲ་བྱས་ནས་བཤད་དགོས་པ་རེད། ཤུགས་ལྡན་གྱི་འབྱུང་རྐྱེན་ནི་རྨི་ལམ་ངན་པའི་མཐུ་ལས་བྱུང་བ་རེད།ངོ་བོ་ནི་དམ་སྲི་དང་འབྱུང་པོ། བྱེད་ལས་སེམས་ཅན་ལ་གནོད་སྐྱེལ་མཁན། ཤུགས་ལྡན་རང་གིས་ཀྱང་དམ་སྲི་འབྱུང་པོ་ཡིན་པ་ཁས་ལེན་གྱི་ཡོད།
དེ་སྔོན་ངས་ཤུགས་ལྡན་བསྟེན་པ་རེད། འོན་ཏེ་གོང་ས་ལྔ་པ་ཆེན་པོའི་གསུང་འབུམ་མཇལ་རྗེས་ཐབས་ལམ་སྣ་ཚོགས་སྤྱད་ནས་རྟོག་ཞིབ་དང་རྒྱུས་ལོན་བྱས་པ་ཡིན། མཇུག་མཐར་ཤུགས་ལྡན་བསྟེན་རྒྱུ་མེད་པའི་བརྡར་ཤ་ཆོད་སོང་། དེར་བརྟེན་ངས་ཤུགས་ལྡན་བསྟེན་མཚམས་བཞག་པ་ཡིན། ཡིན་ནའང་དེའི་སྐབས་སུ་བོད་མི་ཉུང་ཤས་ཤིག་ནས་ཤུགས་ལྡན་བསྟེན་བཞིན་ཡོད།ངས་དེར་བཀག་སྡོམ་ཡང་བྱས་མེད།
ང་ཚོས་ནམ་རྒྱུན་ཤུགས་ལྡན་བསྟེན་མཁན་གྱི་ཁྱིམ་རྒྱུད་བུ་ཕྲུག་ཚོ་སློབ་གྲྭ་ནས་ཕྱིར་འབུད་བྱས་པ་མེད། གནས་ཚུལ་དེ་འདྲ་ཡོད་པ་མ་རེད། དགོན་པའི་ནང་དུ་ཤུགས་ལྡན་མི་བསྟེན་པའི་གྲྭ་དམངས་མང་ཆེ་བ་དང་ཤུགས་ལྡན་བསྟེན་མཁན་ཉུང་ཤས་ཀྱི་གྲྭ་པ་དེ་དག་མཉམ་གཅིག་ཏུ་ནང་ཆོས་ཀྱི་བྱེད་སྒོ་སྤེལ་རྒྱུ་དེ་ནི་ནང་པའི་དམ་ཚིག་བསླབ་བྱ་དང་མཐུན་གྱི་མེད། ཤུགས་ལྡན་བསྟེན་མཁན་མིན་པའི་གྲྭ་པ་དེ་ཚོ་ཏཱ་ལའིི་བླ་མའི་མདུན་ནས་གསུང་ཆོས་བཀའ་དབང་ཞུ་གི་ཡོད་དེ། ཤུགས་ལྡན་བསྟེན་མཁན་ཚོས་ཏཱ་ལའི་བླ་མ་ལ་བློ་དོགས་སྐྱེ་གི་ཡོད་པ་རེད། དེ་ལྟར་བྱས་ནས་ཞི་མཐུན་མེད་་པ་ཆགས་པ་རེད། ཡིན་ནའང་ད་ལྟའི་བར་ཤུགས་ལྡན་
བསྟེན་པའི་རྒྱུ་མཚན་གྱིས་བོད་མིའི་སྤྱི་ཚོགས་ནས་གནས་དབྱུང་བཏང་བ་སུ་ཡང་བྱུང་མེད།
ཁྱེད་ཚོ་རྒྱ་གར་དུ་ཡོང་རྒྱུར་དགའ་བསུ་ཡོད། རྒྱ་གར་ལྷོ་ཕྱོགས་སུ་འཚམ་གཟིགས་ལ་ཤོག་དང་། དེར་ཤུགས་ལྡན་བསྟེན་མཁན་གྱི་དགེ་འདུན་པ་ཚོས་ཁེར་གཙང་གི་དགོན་པ་བཞེངས་བསྐྲུན་བྱས་ཡོད། ཁོང་ཚོ་མི་གཞན་རྣམས་དང་གཅིག་མཚུངས་ཀྱི་འཚོ་བ་སྐྱེལ་བཞིན་ཡོད། སུ་གང་གིས་ཁོང་ཚོར་གནོད་པ་སྐྱེལ་མཁན་ཡོད་པ་མ་རེད། མདོར་བསྡུས་ནས་ཞུས་ན། ང་ཚོའི་ལངས་ཕྱོགས་ནི་ཆོས་ལུགས་དད་མོས་བྱེད་མི་བྱེད་ནི་མི་ཞིག་གི་རང་དབང་རེད། ཆོས་ལུགས་ག་འདྲ་ཞིག་ལ་དད་པ་བྱ་དགོས་པའང་མི་བུ་རང་རང་གི་གདམ་ག་རེད། དེས་ན་ལྷ་དང་འདྲེ་ག་འདྲ་ཞིག་སྐྱབས་སུ་བསྟེན་པའམ་མཆོད་འབུལ་བྱ་རྒྱུ་ནི་མི་སོ་སོ་རང་ཉིད་ཀྱི་རང་དབང་རེད། དེ་འདྲ་རེད་དེ། ཤུགས་ལྡན་བསྟེན་དང་མི་བསྟེན་གྱི་དགེ་སྐྱོན་ཐོབ་ཤོར་འགྲེལ་བརྗོད་བྱ་རྒྱུ་ནི་ངའི་
འོས་འགན་རེད། ཉན་དང་མི་ཉན་སོ་སོ་རང་ཉིད་ཀྱིས་ཐག་གཅོད་བྱས་ན་འགྲིག་གི་རེད།
རྒྱ་རིགས་གྲོགས་པོ་ཞིག་ནས་དྲི་བ་འདི་ཕུལ་འོངས་བ་རེད། གལ་སྲིད་ཁྱོད་ལ་འདོད་མོས་ཡོད་ན་དེ་ནི་ཁྱེད་ཀྱི་རང་དབང་རེད། ཡིན་ནའང་ཁྱེད་ཀྱིས་ནན་ཏན་ངང་རྟོག་ཞིབ་དང་རྒྱུས་ལོན་ཡོད་པ་བྱེད་རོགས། ནམ་རྒྱུན་ང་ཚོ་ནང་ཆོས་སློབ་གཉེར་བྱེད་མཁན་ཚོས ( དགེ་བའི་བཤེས་གཉེན་ལ་དག་སྣང་སྦྱོང་བ་དང་། ཉམས་ལེན་བྱ་བའི་ཆོས་ལ་བརྟག་དཔྱད་བྱ་དགོས། ) ཟེར་སྲོལ་ཡོད། དེར་བརྟེན་ངེས་པར་དུ་དབྱེ་ཞིབ་བྱ་དགོས དཔེར་ན། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསླབ་བྱ་ཡིན་ནའང་( ངེས་དོན ) དང་ ( དྲང་དོན ) གང་ཡིན་བརྟག་དགོས་པ་རེད། འདི་ནི་སློབ་དཔོན་ཀླུ་སྒྲུབ་སོགས་ཀྱི་བརྒྱུད་པ་རེད། དེའི་ཕྱིར་ཆོས་ལ་རྟོན་ཅིང་གང་ཟག་ལ་མི་རྟོན་པའི་བཤད་རྒྱུན་ཡོད། ཁྱེད་ཚོས་ལྟ་རྟོག་དང་དབྱེ་ཞིབ་བྱ་དགོས་པ་གལ་ཆེན་པོ་རེད།
4 ངས་བཀའ་འདྲི་ཞུ་བསམ་པ་ནི 2008 ལོའི་དོན་རྐྱེན་ནང་དེ་ལྟ་བུའི་གྲྭ་བཙུན་མང་པོ་ཞིག་གིས་མཚོན་ཆ་གང་ཡང་མེད་པའི་མི་སེར་དཀྱུས་མ་ཚོར་ལག་པ་འཇོག་དོན་གང་རེད། སྲིད་གཞུང་འབའ་ཞིག་སྲོལ་ངན་དེ་ཐོག་མར་སྲོལ་གཏོད་མཁན་ཡིན་པ་ཤེས་མི་དགོས་སམ།
༸ གོང་ས་མཆོག་ནས། ཕྲན་གྱིས་ཤེས་པ་ལྟར་ན 2008 ལོའི་དོན་རྐྱེན་དེ་ཐོག་མར་ཟླ་བ 3 པའི་ཚེས 10 ནས་མགོ་བརྩམས་པ་རེད། དེ་རྗེས་ཚེས 11 དང་ 12 13 བཅས་རིམ་པར་ངོ་རྒོལ་བྱས་པ་རེད། གཞུང་ཕྱོགས་ནས་ལྷ་སའི་གྲོང་ཟུར་ནས་ངོ་རྒོལ་བྱ་མཁན་གྱི་འབྲས་སྤུངས་དགོན་པ་དང་། སེ་ར་དགོན་པའི་དགེ་འདུན་པ་ཚོའི་ཁ་གཏད་དུ་དྲག་ཆས་དམག་མི་བཏང་བ་རེད། སྐབས་དེ་དངོས་སུ་མིག་མཐོང་བྱུང་མཁན་གྱི་མི་ཞིག་གིས་ང་ལ་བཤད་རྒྱུར། ཚེས 14 ཉིན་གྱི་སྔ་དྲོར་ལྷ་ས་རུ་ཚོང་ཁང་མེར་བསྲེག་གི་དོན་རྐྱེན་བྱུང་བ་རེད། དུས་དེར་ཉེན་རྟོག་པས་པར་ལེན་པ་ལས་བཀག་འགོག་ཅི་ཡང་བྱེད་ཀྱི་མི་འདུག ཧ་ཅང་ཁྱད་མཚར་བ་ཞིག་ནི་རྒྱ་ནག་གཞུང་གིས 3-14 གཅིག་པུ་བརྗོད་ཀྱི་ཡོད། དེ་སྔོན་གྱི་གནས་ཚུལ་ནམ་ཡང་བརྗོད་འདོད་བྱེད་ཀྱི་མེད། ཚེས 14 ཉིན་མོ་དོན་རྐྱེན་དེ་ཕལ་ཆེར་ཆེད་དུ་ལྷག་བཅུག་པའི་བཟོ་འདྲ་བོ། དེ་ནས་པར་ལེན་བྱས་ནས་དཔང་རྟགས་
ལྟ་བུ་ལག་པར་འབྱོར་རྗེས། བོད་མིས་ཟིང་ཆ་བཟོ་གི་ཡོད་པའི་སྐྱོན་འཛུགས་བྱས་པ་རེད།
རྗེས་ནས་ལྷ་ས་ནས་ཡོང་བའི་བོད་མི་འགས་ང་ལ་བརྗོད་དོན། སྐབས་དེར་སྲིད་གཞུང་ནས་ཕྱི་མི་མང་པོ་ཞིག་དབོར་ཡོང་བ་དང་། ཚེས 14 ཉིན་ལས་ཀ་གཙོ་བོ་བྱ་མཁན་མང་ཆེ་བ་ཁོང་ཚོ་རེད། གནས་ལུགས་ཀྱི་ཐོག་ནས་གླེང་ན། ང་ཚོར་རང་དབང་དང་ཞིབ་འཇུག་ཚོགས་པ་བརྒྱུད་དངོས་དོན་མཐར་ཕྱིན་པ་བརྟག་དཔྱད་བྱ་དགོས་པ་ཡིན། དེ་ལྟར་བྱུང་ཚེ་དོན་དངོས་གང་ཡིན་གསལ་པོ་གསལ་རྐྱང་ཆགས་ཀྱི་རེད། དེ་མིན། སྐབས་དེར་ཁམས་དང་ཨ་མདོའི་ཁུལ་དུ་སྲིད་གཞུང་ནས་དགོན་པའི་མགོན་ཁང་དུ་སོང་ནས་བོད་མིའི་སྲོལ་རྒྱུན་བཞིན་ཆོས་སྲུང་ལ་ཕུལ་བའི་གྲིི་དང་མེ་མདའ། མདེའུ་སོགས་ཕྱིར་བླངས་ནས་དགོན་པའི་དགེ་འདུན་པ་ཚོས་སྔ་ས་ནས་འཇིགས་སྐུལ་བྱ་བ་སྤེལ་རྒྱུའི་གྲ་སྒྲིག་ཡོད་་པའི་བདེན་དཔང་ཡིན་ཟེར། དེ་ཚོ་ཚང་མ་དངོས་ཡོད་གནས་ཚུལ་
དང་མཐུན་གྱི་མེད།
གང་ལྟར་ཀྱང་དེ་སྐབས་སེམས་ཤུགས་རྩེ་མོར་བསྙེགས་པའི་ཚེ་བོད་མི་འགའ་ཞིག་ང་རྒྱལ་དབང་གིས་རང་ཚོད་མ་ཟིན་པ་གྱུར་ཡོད་ལས་ཆེ། གལ་ཏེ་བོད་མི་འགའ་ཞིག་གིས་རྒྱ་རིགས་སྤུན་ཟླ་ལ་ཟིང་ཆ་བསླངས་ཡོད་ཚེ་ཕྲན་ནས་དེར་ནན་ཏན་གྱིས་དགོངས་དག་ཞུ་རྒྱུ་ཡིན། སྐབས་དེར་རྒྱ་ནག་གཞུང་གིས་དཀྲོག་གཏམ་སྤེལ་ཏེ་བོད་མི་རིགས་ཀྱིས་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་བསྒྲགས་པ་རེད། ཡིན་ནའང་བོད་མི་མང་ཆེ་བ་དེ་ལྟ་མིན། བོད་མིས་ངོ་རྒོལ་བྱེད་ཡུལ་ནི་རྒྱ་ནག་གུང་ཁྲན་གྱི་སྲིད་ཇུས་རེད། རྒྱུ་མཚན་ནི་རང་གི་ཆོས་ལུགས་རིག་གནས་ལ་གཅེས་པ་དང་། དེ་དང་མཉམ་དུ་རང་གི་བླ་མ་ལ་དད་འདུན་བྱས་པ་ལའང་སྲིད་གཞུང་གིས་
རྡུང་རྡེག་ཕོག་གི་ཡོད། དེས་བོད་མིའི་སེམས་པ་འཁྱག་སིབ་སིབ་ཏུ་གྱུར་པ་རེད། ད་ཆ་སྲིད་ཇུས་འདིར་ངོ་རྒོལ་བྱ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ངའི་རེ་བ་ཁྱོད་ཚོས་དེ་དག་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་མཁན་ཡིན་པ་ངོས་འཛིན་མི་གནང་རོགས།
ཕྲན་གྱིས་ཐོས་པ་ལྟར་ན། 2008 ལོའི་ཟླ་བ 3 པའིི་རྗེས་སུ་བོད་ཀྱི་ཚོང་པ་དང་། སློབ་ཕྲུག འགྲུལ་བཞུད་པ་བཅས་ནང་སར་འབྱོར་བའི་སྐབས་བོད་མི་ཡིན་པའི་རྐྱེན་གྱིས་ཟ་ཁང་དང་མགྲོན་ཁང་དག་ཏུ་འགྲོ་འདུག་བྱ་ཐུབ་ཀྱི་མེད་པའི་གནས་སྟངས་ཆགས་ཡོད། མ་ཟད་རྒྱ་ནག་གཞུང་ཕྱོགས་ཀྱི་ཕྱི་བསྐྱོད་ལྟ་སྐོར་རུ་ཁག་ཅིག་གནམ་ཐང་དུ་འབྱོར་ཚེ། དེ་ཚོའི་གྲས་ནས་བོད་ཀྱི་ཚོགས་མི་འབའ་ཞིག་ལ་བདེ་སྲུང་མི་སྣའི་དམིགས་བཀར་འདྲི་བརྩད་བྱས་འོངས་ན། བོད་མི་ཚོ་ཇི་ལྟར་སེམས་པ་སྐྱོ་མི་སྲིད།
5 སྐྱབས་མགོན་མཆོག་ལ་ཞུ་རྒྱུར། དེ་སྔ་བོད་ཞི་བས་བཅིངས་འགྲོལ་མ་བཏང་བའི་སྔོན་དུ་ཇུས་ངན་ཞིག་ནང་བསྡད་ཡོད་པ་རེད་དམ། འོན་ཏེ་རྗེས་ཕྱོགས་ནས་འགྱུར་བ་ཕྱིན་པ་རེད། འདི་ལྟ་བུའི་འགྱུར་བ་དེ་ནི་རྒྱུ་དང་རྐྱེན་ཅི་འདྲ་ཞིག་ལ་བརྟེན་པ་རེད། ཁྱེད་ནི་སྐབས་དེའི་མི་རེད་ལ་རྒྱ་ནག་གཞུང་གི་གཟིགས་སྐྱོང་ཡང་ཐུབ་པ་རེད། དེས་ན་ཁྱེད་ཀྱིས་འདི་དོན་མདོར་བསྡུས་ཤིག་གསུངས་ན་འགྲིག་གམ།
༸ གོང་ས་མཆོག་ནས། འདི་ཧ་ཅང་ཤོད་དཀའ་མོ་རེད། དེ་སྔོན་རྒྱ་ནག་བཅིངས་འགྲོལ་དམག་མིས་ཆབ་མདོར་དཔུང་འཇུག་བྱེད་པའི་སྐབ་སུ། བོད་དམག་བདུན་སྟོང་བརྒྱད་སྟོང་ཙམ་དམར་གསོད་བཏང་བ་རེད། དེའི་ཚེ་ཆབ་མདོ་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཁུར་བ་སྨན་གྲོང་མཁན་ཆུང་གིས་ཕྱིས་སུ་ང་ལ་བཤད་རྒྱུར། སྐབས་དེར་དམག་དཔོན་ཆེན་མོ་ཝང་ཆིན་མེང་མིག་ཆུ་འཆོར་གྱིན་འདི་ནི་ང་ཚོསྤུན་ཟླའི་མི་རིགས་དབར་གྱི་དམར་གསོད་རེད་ཟེར་གྱི་འདུག་ཟེར། དེ་ནི་དང་ཐོག་ཁོང་ཚོའི་བཅོས་མིན་གྱི་རྣམ་པ་ཞིག་ཡིན་སྲིད། གཞན་ཡང་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བཟོ་བསྐྲུན་བྱེད་པའི་སྐབས་སུ་འཐབ་འཛིང་པ་འགའ་ཞིག་གིས་རངགི་ལུས་པོས་ཆུ་ནང་གི་ས་རྡོ་འགོག་པར་རྩོམ་གྱི་ཡོད། དངོས་གནས་དཀའ་ལས་བརྒྱབ་ཡོད་པ་རེད། མི་འདི་ཚོཡང་ལྷག་བསམ་ཟོལ་མེད་ཅིག་རེད། དེ་མིན་གྱི་མི་གཞན་འགའ་ཡོད། ཁོང་ཚོའི་ཐོག་མའི་བསམ་ཚུལ་ག་རེ་ཡིན་མིན་ཕྲན་གྱིས་ཁ་ཚོན་གཅོད་དཀའ།
གལ་ཏེ་སྲིད་གཞུང་ནས་སྐབས་དེའི་གསང་བའི་ཡིག་ཆ་བཏོན་ནས་ལོ་རྒྱུས་ཞིབ་འཇུག་བྱ་མཁན་ཚོར་བརྟག་དཔྱད་ཞིབ་ཚགས་ཆེད་ཕུལ་གནང་བ་ཡིན་ན། ད་གཟོད་གསལ་པོ་ཆགས་ཀྱི་རེད་ལ་དངོས་དོན་གང་ཡིན་གསལ་རྟོགས་ཡོང་གི་རེད།
སྤྱིར་སྲིད་ཇུས་ཀྱི་ཆ་ནས་བལྟས་ན། ཕྲན་པ 1954 ལོར་རྒྱ་ནག་ཏུ་ཕྱིན་པ་རེད། ནང་ས་རུ་ཟླ་བ་ལྔ་དྲུག་བསྡདཔ་རེད། དེ་སྐབས་ཕྲན་ཐེངས་མང་མའོ་ཙེ་ཏུང་དང་ཐུག་འཕྲད་བྱས་ཡོད། ལྷག་པར་ཞིང་ཆེན་འདྲ་མིན་ནང་ལྟ་སྐོར་ལ་ཕྱིན་པའི་སྐབས་རྒྱ་ནག་གི་མགོ་ཁྲིད་མང་པོ་ཐུག་བྱུང་། ངའི་ཚོར་སྣང་ལ་ཁོང་ཚོ་ནི་གསར་བརྗེའི་སྙིང་སྟོབས་ཡོད་པ་ཁྱུ་གཅིག་རེད།
བློ་གཅིག་སེམས་གཅིག་གིས་ངལ་རྩོལ་མི་དམངས་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་གུང་ཁྲན་ཏང་ཡོན་ངོ་མ་རེད་བསམས་སོང་། མི་དེ་ཚོ་ནི་སྒེར་དོན་སྤུ་ཙམ་ཡང་ཡོད་པ་མ་རེད། ཆེད་དུ་སྤྱི་དོན་ལ་གཞོལ་གྱི་ཡོད། ཁོང་ཚོའི་བྱ་སྤྱོད་ཀྱིས་ངའི་བློ་སེམས་སྒུལ་བྱུང་། ལྷག་པར་དུ་མའོ་ཙེ་ཏུང་། ཁོང་གིས་ང་ལ་དམ་བཅའ་མང་པོ་བཞག་སོང་། ཡིན་ནའང་ཕྱི་ལོ 1956དང་57 རྗེས་ནས་འགྱུར་བ་ཐེབས་སོང་ལ་སྲིད་ཇུས་ཡོད་ཚད་གཡོན་ཐལ་གྱི་རྩེ་མོར་བསྙེགས་པ་རེད།
6 ཏཱ་ལའི་བླ་མ་མཆོག་ལ་བཀའ་འདྲི་ཞུ་རྒྱུར། གལ་ཏེ་སླད་མར་ནང་ས་རུ་ཆབ་སྲིད་ཀྱི་ཐ་སྙད་དང་དོན་དངོས་མཐུན་པའི་དམངས་གཙོའི་སྲིད་གཞུང་ཞིག་ཆགས་ཚེ། ཁྱེད་ཀྱིས་བལྟས་ན་བོད་དང་སྲིད་གཞུང་འདི་གཉིས་འབྲེལ་བ་ག་འདྲ་ཞིག་ཆགས་ཀྱི་རེད། འདི་ལྟ་བུའི་འབྲེལ་བའི་ནང་དུ་རྩ་དོན་གཙོ་བོ་ཅི་ཞིག་ཚུད་ཀྱི་ཡོད། ཁྱེད་ཀྱིས་བསམས་ན་ནང་སའི་སྲིད་གཞུང་དང་འབྲེལ་བའི་བོད་ཀྱི་ས་ཁོངས་དེ་ཇི་འདྲ་ཞིག་ཡིན་དགོས།
༸ གོང་ས་མཆོག་ནས། ངས་བསམམ་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཡང་རུང་། ནང་སྲིད་ཀྱང་ཆོག དགོས་མེད་ཀྱི་རྩོད་རྙོག་མང་པོ་ཞིག་ཡིད་ཆེས་མེད་པ་ལས་བྱུང་བ་རེད་ལ། དོགས་པ་དང་རྣམ་རྟོག་གིས་བསླངས་པ་རེད།འདས་པའི་མི་ལོ 51 ནང་ཕྲན་ཕྱི་ཕྱོགས་སུ་བསྡདཔ་རེད། ང་ལ་ཨ་རི་བ་དང་ཡོ་རོབ། དེ་བཞིན་ཉི་ཧོང་དང་རྒྱ་གར་བ་བཅས་གྲོགས་པོ་མང་པོ་ཡོད། གནད་དོན་ཏོག་ཙམ་ཧ་གོ་གི་ཡོད། མ་གཞི་རྒྱ་ནག་གིས་མཛའ་མཐུན་གྱི་ཕྱི་འབྲེལ་ལམ་ཞིག་འཛུགས་བསམ་པའི་རེ་བ་བཅངས་ཡོད། ཡིན་ནའང་བསམ་པ་བཞིན་འགྲུབ་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། ཕན་ཚུན་ཡིད་ཆེས་བློས་འགེལ་མེད་པས་རེད། ཡིད་ཆེས་མེད་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་སྲིད་གཞུང་གི་སྒྲིག་གཞི་ཕྱི་གསལ་ནང་གསལ་མེད་པས་རེད། ཕྱི་ཚུལ་གྱི་རྣམ་པ་དང་དོན་དངོས་ཀྱི་གནས་སྟངས་གཉིས་ཧེ་བག་ཧང་ཅང་ཆེན་པོ་ཡོད་པའི་རྐྱེན་གྱིས་རེད།
བོད་ཀྱི་གནད་དོན་ཡིན་ནའང་འདྲ། ཤིང་ཅང་གི་གནད་དོན་ཡིན་ནའང་འདྲ། རྒྱ་ནག་སྲིད་གཞུང་གི་ཕྱི་ཕྱོགས་དྲིལ་བསྒྲགས་དང་། མང་ཚོགས་ཀྱི་དོན་དངོས་མྱོང་ཚོར་གཉིས་བར་འགྱངས་ཆེན་པོ་ཡོད། འདི་ནི་ཧ་ཅང་གསལ་པོ་ཡོད།དེས་ན་རྒྱ་ནག་སྲིད་གཞུང་གིས་ཕྱི་ནང་གཉིས་ཀར་ཕྱི་གསལ་ནང་གསལ་གྱི་ལག་ལེན་འདེབས་ཐུབ་རྒྱུ་དང་། དངོས་ཐོག་བདེན་འཚོལ། དྲང་ཚུགས། འདྲ་མཉམ་གྱི་སྲིད་ཇུས་བཟུང་ན་གནད་དོན་མང་པོ་ཞིག་དཀའ་ཚེགས་མེད་པར་ཐག་ཆོད་ཀྱི་རེད།
བོད་ཀྱི་གནད་དོན་ལ་ཆ་བཞག་ན། ང་ཚོས་རང་བཙན་རྩོད་ཀྱི་མེད། མ་གཞི་བོད་འདི་ཡུན་རིང་གི་ལོ་རྒྱུས་ཡོད་ནའང་། ང་ཚོས་གཙིགས་ཆེན་འཛིན་ས་ནི་ལོ་རྒྱུས་མིན། དེ་ནི་མ་འོངས་པ་ཡིན། གང་ཞེ་ན། བོད་མི་རིགས་འདི་དངོས་པོའི་དཔལ་འབྱོར་ཐོག་རྗེས་སུ་ལུས་ཡོད་པས། ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བསྡད་པ་ཡིན་ན། བོད་ཀྱི་འཕེལ་རྒྱས་ལ་ཕན་ཐོགས་ཡོང་གི་རེད། དེར་བརྟེན་ང་ཚོས་ཁ་བྲལ་རྩོད་ལེན་བྱེད་ཀྱི་མེད། ཧ་ཅང་གལ་ཆེ་བ་ཞིག་ནི། བོད་ལ་ཐུན་མིན་གྱི་ཆོས་ལུགས་རིག་གནས་དང་སྐད་ཡིག་བཅས་ཡོད། ཆོས་ལུགས་ཀྱི་ཐོག་ནས་གླེང་ན། དེང་སྐབས་འཛམ་གླིང་ཐོག་གི་མཁས་པ་མང་པོས་མགྲིན་དབྱངས་གཅིག་གིས ( བོད་བརྒྱུད་ནང་བསྟན་ནི་ནང་པའི་ཆོས་ལུགས་ནང་ཉར་ཚགས་ཆ་ཚང་ཞིང་། ནང་དོན་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཆོས་བརྒྱུད་ཅིག་རེད ) ཅེས་གསུང་གི་ཡོད། འདི་ལྟ་བུའི་ནང་
དོན་རྒྱ་ཆེ་གཏིང་ཟབ་ཀྱི་ཆོས་ལུགས་འདི་མུ་མཐུད་རྒྱུད་འཛིན་དར་འཕེལ་ཡོད་པ་ཡང་བོད་ཀྱི་ཕུལ་བྱུང་སྐད་ཡིག་འདིར་འཁོད་ཡོད་པས་ཡིན་ལ། ལེགས་སྦྱར་སྐད་ནས་སྒྲ་སྒྱུར་དང་དོན་སྒྱུར་བྱས་ཚད་ནོར་མེད་འཕྱུག་མེད་ཅིག་རེད། དེའི་ཕྱིར། ཅི་སྟེ་ང་ཚོའི་ཆོས་དང་རིག་གཞུང་འདི་སྲུང་སྐྱོབ་ཡག་པོ་ཞིག་བྱ་ཐུབ་པ་ཡིན་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གནས་ལ་ཡང་ཕན་པ་བསྒྲུབས་པ་རེད། མདོ་དོན་དུ། རྒྱ་ནག་རང་ཉིད་ནང་པའི་རྒྱལ་ཁབ་ཅིག་རེད་ཅེས་བརྗོད་ཆོག་པ་ཡིན་ལ། ཉེ་དུས་རྒྱ་ནག་གི་ཆོས་དད་མི་དམངས་ཇེ་མང་དུ་འཕེལ་བཞིན་ཡོད། ངས་བསམས་ན། ང་ཚོ་ཕན་ཚུན་ཁེ་ཕན་སྒྲུབ་རེས་བྱེད་པ་
དེ་ནི། གཉིས་ཕན་གཉིས་རྒྱལ་རེད་བསམས་ཡོད།
ང་ལ་བསམ་ཚུལ་གཅིག་ཡོད།
སྔོན་ཆད་མི་ཤེས། ཉེ་བའི་ལོ་ཤས་རིང་གི་གཞོན་ནུའི་སྒྲིག་འཛུགས་དང་ལས་འགུལ་སྤེལ་ཕྱོགས་ལ་བལྟས་ན།
གཞོན་ནུ་ཚོགས་པ་འདི་རྒྱ་གཞུང་ཞེད་དགོས་ས་དེ་མ་རེད། གཞོན་ནུ་ཚོགས་པར་ཚོགས་མི་མང་། ས་གནས་རྒྱུན་ལས་མང་།
ས་གནས་གཞོན་ནུ་མང་། འོན་ཀྱང་། ཚོགས་མི་མང་བ་དང་ཚོགས་མི་གནས་སྡོད་ཀྱི་ཁྱབ་རྒྱ་ཆེ་བ་ནང་བཞིན། ལས་འགུལ་ཁྱབ་ཆེ་བ་ཞིག་སྤེལ་ཐུབ་གི་མི་འདུག
ད་ལྟའི་སྐབས་སུ། འཇིགས་སྐུལ་གྱི་ལས་འགུལ་སྤེལ་མིན་མི་ཤེས་དེ། ཁ་ཚ་དགོས་གཏུགས་ཀྱིས་ལས་འགུལ་སྤེལ་མཁན་གཅིག་ནི། བོད་རང་དབང་སློབ་ཕྲུག་ཚོགས་ཆུང་རེད།
ཚོགས་པ་འདིས་ལས་འགུལ་ཁག་གཞི་རྒྱ་ཆེ་བའི་སྒོ་ནས་སྤེལ་གྱི་འདུག་པ་མ་ཟད། ཐ་ན་འདི་ཚོའི་ལས་འགུལ་གྱི་སྣེ་མོ་པེ་ཅིང་ལ་ཡང་སླེབས་ཀྱི་འདུག
ཚོགས་པ་འདིའི་ལས་འགུལ་སྤེལ་སྟངས་ཀྱི་དཔེ་མཚོན་ཡག་ཤོས་ཤིག་ནི། ༢༠༠༨ལོའི་རྒྱ་ནག་གི་དབྱར་ཁའི་ཨོ་ལིང་ཕིག་རྩེད་འགྲན་མ་ཚུགས་སྔོན་དང་ཚུགས་བཞིན་པའི་སྐབས་དེ་རེད།
ངེད་ཀྱི་བསམ་པར། ལས་འགུལ་གྱི་སྡིངས་ཆའི་སྟེང་དུ། གཞོན་ནུ་ཚོགས་པ་ལས་བོད་རང་དབང་སློབ་ཕྲུག་ཚོགས་ཆུང་འདི་ངར་ཤུགས་དང་སྟོབས་ཤུགས་ཆེ་བར་མཐོང་།
རིག་འབྱུང་གི་བཤད་པ་དེར་བདེན་པའི་ཆ་འདུག
བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་འགུལ་གང་དང་གང་ལའང་གོ་རིམ་དང་འཆར་གཞི་ལྡན་པའི་ངང་གནད་ལ་འཁེལ་བ་སྤེལ་ཐུབ་པ་འདུག
ལྷག་པར་དུ་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་ནི་ཤེས་འཇོན་ལྷག་བསམ་ལྡན་པའི་གཞོན་རབས་རྩེ་ཕུད་ཅིག་དང་། རྒྱལ་སྤྱི་དང་བོད་དོན་ཕྱོགས་ཡོངས་ནས་རྒྱུས་ལོན་ངེས་ཆ་ལྡན་པ། ག་དུས་ཡིན་ན་ཡང་གཏམ་བཤད་སྐབས་སུ་སྐད་ཆ་དང་ལག་ལེན་ལ་ཧེ་བག་མེད་པ། སྤོབས་པ་ལྡན་པ། མཉམ་ཆུང་ཡིན་པ་སོགས་ཀྱི་ཁྱད་ཆོས་ཚང་།
ཚོགས་པ་འདིར་ཡིད་ཆེས་བྱེད་ནས་རེ་བ་གཏད་ཆོག་པ་འདུག
རྡོར་དབང་ལགས་ཐུགས་རྗེ་ཆེ་།
རྨོན་ལམ་ལོག་པའི་དམ་སྲི་ལ་རྨི་ལམ་ངན་པའི་དམ་སྲི་སོགས་བསྒྱུར་ནོར་མི་ཉུང་བ་ཞིག་འདུག ༧གོང་ས་མཆོག་གི་གསུང་ཆབ་སྲིད་དང་འབྲེལ་བ་ཚིག་དོན་ལ་རེ་རེ་ལ་ཞིབ་ཚགས་ནན་ཏན་བྱེད་གལ་ཆེ་བ་མི་འདུག་གམ། འོན་ཀྱང་བསྒྱུར་བའི་འགན་འཁྱེར་བ་བཀའ་དྲིན་ཆེ་ནའང་སླད་ཕྱིན་གཟབ་དགོས།
སྨོན་ལམ་ལོག་པར་བཅོས།
༧གོང་ས་མཆོག་དགོངས་པ་ཞིང་གཞན་ལ་གཤེགས་རྗེས། ང་ཚོའི་རྒྱ་ནག་ལ་ཚེ་སྲོག་གིས་ཚོང་ཆེན་རྒྱག་རྒྱུ་གྲ་སྒྲིག་བྱ་དགོས། སེམས་ཤུགས་ཅན་རྣམ་པ།
དྲ་གྲོགས་རྣམས་པ་ངོ་མ་གཞོན་ནུ་ཚོགས་པའི་ལང་ཕྱོགས་དེ་ལ་ངོས་རང་རྩ་བ་ནས་འདོད་པ་མེད།
ང་ཚོ་བོད་པ་ཚང་ལ་ཆོས་སྲིད་གཉིས་ཀྱི་ཕྱོགས་ལ་འགྲན་ཟླ་ཡོངས་སུ་བྲལ་བའི་སྐྱེ་བུ་བློ་སྟོབས་དང་ལྡན་པ་དེ་ནི་༧གོང་ས་མཆོག་ཡིན་པ་ཀུན་གྱིས་མཁྱེན་གསལ་ཡིན་བཞིན་དུ་ད་དུང་དེའི་ཟློག་ཕྱོགས་ཀྱི་ལྟ་བ་འཛིན་མཁན་དེ་ཚོ་ནི་དགྲ་བོ་ཚང་ལ་དགོས་པའི་ལག་ཆ་ཡག་ཤོས་དེ་མིན་ན་གང་རེད།
ཐབས་ལམ་དབུ་མའི་ལམ་གཅིག་ལ་གང་འདྲའི་དཀའ་ངལ་ཞིག་འདུག
དེ་མ་ཡིན་པའི་ཐབས་ལམ་གཉིས་པ་གཞོན་ནུ་ཚོགས་པའི་ལམ་དེ་ནི་རི་བོང་གི་ར་ཡིན་པ་ཀུན་ཀྱིས་མཁྱེན་གསལ་ཡིན་བཞིན་དུ་ད་དུང་ཨུ་ཚུག་བྱས་ནས་༧གོང་ས་མཆོག་གི་ལང་ཕྱོགས་ལ་མི་འགྲོ་མཁན་དེ་ཚོ་ནི་དགྲ་ནག་པོ་ཚང་ལ་དགོས་པ་དེ་ག་རང་རེད།
དེས་རྗེས་སུ་མ་འགྲོ་བར་བློ་ལྡན་རྣམས་༧གོང་ས་མཆོག་གི་རྗེས་སུ་ལམ་དབུ་མ་ལ་རྒྱབ་སྐྱོར་དང་ཤར་སྐྱོད་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡ