བོན་རྒྱ་བསྟན་འཛིན་རབ་རྒྱས།
བོད་ཟས་རིག་པ།
ཁ་ཟས་སྨན་དང་འདྲ་བར་རིགས་པ་ཡིས། །
འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །
རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས། །
འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། ། བོད་ཟས་རིག་པའི་རྩ་གཞུང་ཡིན།
བོད་ཟས་ནི་ཐོན་རྫས་ཤིག་དང་། བོད་ཟས་རིག་པ་ནི། ཁེ་ལས་རིག་པའི་ཆར་གཏོགས་གང་ཞིག བདེ་ཐང་ལ་འགན་ཁུར་བའི་ཟས་སྦྱོར་རིག་པ་ཞིག་ཡིན། ཁེ་ལས་རིག་པ་ལས། ཐོན་རྫས་ཀྱི་བདེ་ཐང་ལ་ཐོན་ཁུངས་བདེ་ཐང་དང་འཕྲོད་བསྟེན་གྱི་བདེ་ཐང་གཉིས་སུ་དགར་ནས་བཤད་པ་ལྟར། བོད་ཀྱི་ཟས་སྦྱོར་རིག་པ་ལས་ཀྱང་དེ་གཉིས་གཙོ་བོར་བཤད་ཀྱིན་ཡོད། ཐོན་ཁུངས་ཀྱི་བདེ་ཐང་ལ་བོད་ཀྱི་གཞུང་ལུགས་རྣམས་སུ་ཟས་ཀྱི་ཚོད་རིག་པ་ཟེར། དེ་ལའང་ནང་སེམས་ཀྱི་ཐོན་ཁུངས་བདེ་ཐང་དང་་ཕྱི་དངོས་པོའི་ཐོན་ཁུངས་བདེ་ཐང་གཉིས། ནང་སེམས་ཀྱི་ཐོན་ཁུངས་བདེ་ཐང་ལའང་བདག་ལ་ལྟོས་པའི་ཐོན་ཁུངས་བདེ་ཐང་དང་། གཞན་ལ་ལྟོས་པའི་ཐོན་ཁུངས་བདེ་ཐང་། ཐོན་ཁུངས་བདེ་ཐང་དཔེའི་སྒོ་ནས་བསྟན་པའོ། །བདག་ལ་ལྟོས་པའི་ཟས་ཀྱི་ཚོད་རིག་པའམ་བདག་ལ་ལྟོས་པའི་ཐོན་ཁུངས་བདེ་ཐང་ནི་འདོད་ཆགས་མེད་པར་བསྟེན་པ་སྟེ། འདོད་རྔམ་ཚད་ལས་མ་བརྒལ་བ། གཞན་ལ་ལྟོས་པའི་ཐོན་ཁུངས་བདེ་ཐང་ནི་ཞེ་སྡང་མེད་པ་སྟེ། གཞན་ལ་འཚེ་བ་ཅན་མ་ཡིན་པའོ། །
ཐོན་ཁུངས་བདེ་ཐང་དཔེའི་སྒོ་ནས་བསྟན་པ་ནི། སྨན་དང་འདྲ་བར་རིགས་ཅེས་པ་སྟེ། འདུ་ཤེས་ཀྱི་ཆ་ནས་བདག་གཞན་གཉིས་ཀར་ཕན་པར་རྒྱུ་མཚན་གྱི་སྒོ་ནས་ཐག་ཆོད་པ་སྟེ། སྨན་ལྟར་རྒྱུ་ཆ་དག་མའམ་སྐྱོན་མེད་པ། སྡེབ་སྦྱོར་མ་ནོར་བ། འབྲས་བུ་བདག་གཞན་གྱི་འཕྲོད་བསྟེན་ནམ་ལུས་ལ་མི་གནོད་པར་ཚན་རིག་རང་བཞིན་གྱི་ཁག་ཐེག་གམ་ཕན་ཐོགས་པའི་སྨན་དང་འདྲ་བར་རིགས་པའི་ལམ་ནས་ཐག་ཆོད་པའི་ངེས་ཤེས་ལྡན་པ་བཅས་སོ། །
ཕྱི་དངོས་པོའི་ཐོན་ཁུངས་བདེ་ཐང་ནི་ཆུད་ཟོས་སུ་མི་གཏོང་བ་ཡིན། དེ་ལའང་བདག་གཞན་གཉིས་ལས། བདག་ལ་ལྟོས་པའི་རྒྱགས་པའམ་ཚད་ལས་བརྒལ་བ་མ་ཡིན་པ། དཔེར་ན། ཆང་ཚད་ལས་བརྒལ་བ་འཐུང་ནས་མཆིན་པ་འཕྲོ་བརླག་ལ་གཏོང་བ། ཤ་ཚད་ལས་བརྒལ་བ་ཟོས་ནས་ཁྲག་ཤད་སྤར་བ་སོགས་ཀྱང་སྐབས་འདིར་དངོས་བསྟན་གྱི་རྒྱགས་པའམ་ཐོན་ཁུངས་བདེ་ཐང་ལ་གནོད་པའི་རིགས། ཆང་རྐྱ་སྐམ་ཀོག་རུས་ཟད་ཚོའང་སྐབས་འདིའི་རྒྱགས་པ་རེད་ཅེས་སྨྲས་ན་བརྡ་སྤྲོད་ཀྱི་གོ་བ་ལས་མི་ཤེས་པ་ཚོ་གད་མོ་དགོད་སྲིད་ཀྱང་། བརྡ་སྤྲོད་ཀྱི་གོ་བས་གཞུང་ལུགས་ཀྱི་གོ་རྒྱ་མི་ཆོད་པ་མ་ཟད་བརྡ་སྤྲོད་ཀྱི་གོ་བ་ནི་གཞུང་ལུགས་ཀྱི་གོ་བ་མིན། དཔེར་ན། སྟོང་བ་ཉིད་ཅེས་པའང་བརྡ་སྤྲོད་ཀྱི་གོ་བས་རྟེན་འབྲེལ་གྱི་ཟུར་ཙམ་ཡང་སྟོན་མི་ཐུབ་པ་མ་ཟད། བརྡ་སྤྲོད་པའི་སྟོང་བ་ཉིད་ཀྱི་གོ་བ་ནི་སྟོང་བ་ཉིད་ཀྱི་གོ་བ་མ་ཡིན་ནོ། །རྒྱགས་ཕྱིར་ཞེས་པའི་འཕྲོད་བསྟེན་གྱི་བདེ་ཐང་དངོས་སུ་བསྟན་ནས་ཐོན་ཁུངས་ཀྱི་བདེ་ཐང་ཤུགས་ལ་བསྟན་པ་ཡིན།
གཞན་ལ་ལྟོས་པའི་ཆུད་ཟོས་སུ་མི་གཏོང་བའམ་གཞན་ལ་ལྟོས་པའི་ཐོན་ཁུངས་བདེ་ཐང་ནི། དགོས་མེད་ཀྱི་རྣམ་གྲངས་སྤར་ནས་ངོམ་སོ་བྱས་ཏེ་ཐོན་ཁུངས་བདེ་ཐང་ལ་གནོད་པའམ་ཆུད་ཟོས་སུ་མི་གཏོང་བའོ། །དཔེར་ན། བོད་ཀྱི་ལོ་སར་དང་སྟོན་མོ་སོགས་ཀྱི་སྐབས་སུ། དགོས་མེད་ཀྱི་སྡེར་ཁ་གནམ་ལ་བསླངས་པ་ལྟ་བུ་ནི། ཐོན་ཁུངས་བདེ་ཐང་ལ་གནོད་པའི་དཔེ་མཚོན་ཡག་ཤོས་ཡིན།
དཔེའི་སྒོ་ནས་འཕྲོད་བསྟེན་གྱི་བདེ་ཐང་བསྟན་པ་ནི། སྨན་དང་འདྲ་བར་རིགས་པ་ཡིས་ཞེས་པས་བསྟན་པ་སྟེ། སྨན་ཞེས་པ་ནི་ཚན་རིག་རང་བཞིན་ལས་ཆོས་ལུགས་རང་བཞིན་ཞིག་མ་ཡིན། བོད་ཀྱི་གཞུང་ལུགས་རྣམས་སུ་འདི་ལྟར་ཁེ་ལས་རིག་པའི་རྣམ་གཞག་ཆ་ཚང་བ་རེ་ཡོད་ནའང་། རྒྱ་དཀར་ནག་གི་ཞོ་ཐང་ལ་སོང་ནས་ཀ་ངོ་ཡིག་ངོ་ཆོད་པ་ཚོས་ཁེ་ལས་རིག་པ་ནི། བོད་ལ་གསར་བ་ཡིན་ཞེས་ཚོད་རིག་པ་ལ་ནང་སེམས་ཀྱི་ཐོན་ཁུངས་བདེ་ཐང་དང་ཆུད་ཟོས་སུ་མི་གཏོང་བར་ཕྱི་དངོས་པོའི་ཐོན་ཁུངས་བདེ་ཐང་ཞེས་པའི་བརྡ་སྦྱར་ནས་ཡོང་གི་ཡོད། བོད་ཀྱི་ཟས་སྦྱོར་རིག་པ་ནི་རྒྱལ་མཚམས་ལས་བརྒལ་བའི་མིའི་མངོན་འདོད་དང་འཚམས་པ་ཞིག་ཡིན་ནའང་། བོད་པ་ཚོར་ངེས་ཤེས་དེ་ཡོང་གི་མེད། ཡིན་ནའང་། ལག་ལེན་ལས་ར་འཕྲོད། གཤིབ་བསྡུར་ལས་ངེས་པ་རྙེད། ཉམས་མྱོང་ལས་ཡིད་ཆེས་ཐོབ་ཡོང་དུས་བོད་ཟས་གཡོ་སྦྱོར་ནི་ཁེ་ལས་རིག་པའི་གཞུང་ལུགས་ཀྱི་ཆེས་ཚད་མཐོ་བའི་ཐོན་རྫས་ཀྱི་དཔེར་འོས་ཤིང་། དགེ་མཚན་ཆེས་ཆེ་བ་ནི། བདེ་ཐང་རང་བཞིན་དང་སྐྱེ་ཁམས་རང་བཞིན། རྒྱལ་སྤྱི་རང་བཞིན་གྱི་ཁྱད་ཆོས་གསུམ་མ་བཅོས་ལྷུན་འགྲུབ་ཀྱི་ཚུལ་དུ་འདུག་ཅེས་ཞུ་བར་འདོད་དོ། །
ནུབ་ཟས་བོད་ཟས་རྒྱ་ཟས་སོགས་ཟ་མྱོང་ཞིང་བཟོའང་ཤེས་པའི་ཇ་རྒན་མ། རྩོམ་འབྲི་མི་ཤེས་མཁན་ཞིག་གིས། ༢༠༢༡ལོའི་ཟླ་ ༡༡ ཚེས་ ༣༠ ཉིན།