གཡུ་སྒང་དགེ་འདུན།
༡༽རྒྱལ་བསྟན་སྲོག་གི་ཀ་ཆེན་འདེགས་མཁས་པའི།།
ལེགས་བཤད་ཉིང་བཅུད་འཛིན་པའི་དེད་དཔོན་དེས།
དུས་མིན་འཚུབ་ལོང་རྒྱ་མཚོའི་སྙིགས་མཐའ་རུ།།
འགྲོ་རྣམས་ཞི་བདེས་བསྐྱངས་ལ་གུས་པས་བསྟོད།།
༢༽ཆོས་སྲིད་ཟུང་གི་རྒྱུད་མང་དཀྲོལ་བ་ན།།
སྐལ་ལྡན་གདུལ་བྱའི་དགའ་སྤྲོའི་ཐལ་སྒྲ་ཡིས།།
སྟོང་གསུམ་གཡོ་བར་བྱེད་པའི་ངང་ཚུལ་ལ།།
དད་པའི་སྤུ་ལོང་མི་ལྡང་སུ་ཞིག་མཆིས།།
༣༽མཁྱེན་རྟོགས་མཐའ་བྲལ་ཟླ་བའི་མ་མ་ལས།།
ལེགས་བྱུས་བྱུ་རུའི་དཔག་བསམ་ལྗོན་པའི་རྩེར།།
འཁྲུངས་པའི་གཉིས་སྨན་དབུ་ལམ་ཟབ་བརླིང་འབྲས།།
རྨད་བྱུང་དགེ་ལེགས་ཕྱི་ནང་ཀུན་གྱིས་བཀུར།།
༤༽མི་མཐུན་ཕྱི་ནང་དགྲ་དགའ་གཉེན་སྡུག་གིས།།
ཐུགས་བསུན་མཛད་དཀའ་བཟོས་པ་ཚོད་མེད་ཀྱང་།།
འོན་ཏང་བྱམས་བརྩེའི་མདུད་བརྒྱ་གཅིག་སྒྲིལ་བའི།།
ས་ཆེན་འདི་རུ་སེམས་དཔའ་ཁྱེད་མིན་སུ།།
༥༽ལོ་ཟླ་ཁད་ཀྱིས་བསྡུས་པའི་ཧྲག་བར་ནས།།
མཛད་འཕྲིན་གོ་ལ་ཟླུམ་པོའི་གོས་སུ་བཀླུབས།།
ཐུགས་གཤིས་ཟླ་བའི་འོད་སྣང་དྭངས་གསལ་བའི།།
ཆོས་སྲིད་སྒྲོན་མེ་སྦར་བའི་དེད་དཔོན་རྒྱལ།།
༢༠༢༡ ཟླ་ ༡༢ ཚེས་ ༠༩ ཉིན།