ཆང་སྐྱེས།
སྒོ་ཤེར་ལགས་ལ་ལོ་བཅུའི་ཁྲིམས་ཐག་བཅད་པའི་གཏམ་ངན་ཐོས་རྗེས་སྐྱོ་སེམས་དང་བཅས།
རང་གི་རིགས་ལ་ཕན་དང་བདེ་བའི་ལས།།
ཧུར་གྱིས་བརྩོན་པའི་དཔའ་མཛངས་རྟུལ་ཕོད་ཅན།།
མི་གཙང་ཁ་དབུགས་རུལ་བའི་འཁོར་ཡུག་ན།།
སྐུ་ངལ་ཡང་ཡང་མྱངས་སོང་ཨ་མའི་བུ།།
སྨུག་པོ་གདོང་དམར་ཅན་གྱི་མི་རིགས་འདིའི།།
བདེ་སྡུག་ཤུགས་ཀྱིས་གླེང་བའི་སྙིང་སྟོབས་ཅན།།
ནག་པོ་ཤ་བཟའི་ཚོགས་ཀྱིས་མ་བཟོད་པར།།
ཉེས་མེད་མུན་ནག་དུང་གི་བཙོན་ལ་བཅུག།
ཅེ་སྤྱང་འདུར་རྒྱུག་རྒོད་པའི་ཧྲག་བར་ནས།།
སྙིང་ལ་ཞུམ་པ་མེད་པའི་ཆོད་སེམས་ཅན།།
དམངས་དོན་དར་ཆ་མཐོན་པོར་བསྒྲེངས་བསྒྲེངས་ནས།།
མི་ལོ་བཅུ་ཕྲག་གཅིག་གི་ཁྲིམས་ལ་སྦྱར།།
ཁྱི་སྤྱང་ལག་ཟུང་སྦྲེལ་བའི་ཁུགས་སོ་ན།།
ལ་རྒྱའི་གད་རྒྱངས་སྤུར་བའི་སྒལ་ཚིགས་ཅན།།
མི་རིགས་ཤིག་གི་ངོ་གདོང་བསྲུངས་བསྲུངས་ནས།།
སྐུ་ཚེགས་བཟོད་ཐབས་མེད་པ་བཞེས་དགོས་བྱུང་།།
ཁ་དབུགས་གདུག་རྩུབ་ཆེ་བའི་གྲོང་ཚོ་ན།།
རིགས་ལ་ཞེན་པ་དཀར་བའི་རུས་རྐང་ཅན།།
རང་གི་སྐད་ཡིག་རིག་གནས་གླེང་གླེང་ནས།།
ཁྱེད་སྐུ་འོ་རྒྱལ་གཏད་པ་ཐེངས་གཅིག་མིན།།
གང་ཉིད་ཁྲིམས་ལ་སྦྱར་བའི་གཏམ་ངན་འདི།།
སྐུད་མེད་དྲྭ་ལམ་མྱུར་མོའི་སྣེ་མོ་ན།།
རྣ་བའི་བུ་ག་བརྒྱུད་ནས་གོ་མ་ཐག།
སེམས་པ་ཁྲག་གིས་བརླན་སོང་སྒོ་ཤེར་ལགས།།
ཆང་སྐྱེས་ཀྱིས་ཞོགས་པའི་མལ་ས་ནང་ནས།
༢༠༢༡ ༡༢ ༡༡