རྔ་བ་ཀུན་བཟང་།
དེ་རིང་ནི་གཟའ་མཇུག་ཡིན་པས། རྒྱུན་གཏན་གྱི་དུས་དང་མི་འདྲ། ཡར་མ་ལངས་གོང་ལ་ངོ་དེབ་ཚང་ལ་སྐོར་ར་ཞིག་བྱེད་དུས། ཁྱེད་མཐོང་སོང་། མིག་ཤེལ་ཞིག་གྱོན་ནས་སེམས་ནང་ལ་ན་ཟུག་དུ་མ་ཞིག་གསང་ཡོད་པའི་ཚོར་སྣང་སྐྱུར་མོ་ཞིག་བྱུང་ཐལ། དེ་ནས་རིམ་བཞིན་ཀློག་ཡོང་དུས། “ལོ་བཅུ་ཡི་ཁྲིམས་ཐག་”ཅེས་པའི་ཚིག་རྐང་འགའ་མཐོང་།
སྐབས་དེ་ཀློག་མཚམས་བཞག་ནས་སྔར་བཞིན་ཉལ་ཁེབས་ནང་ལ་མར་འཛུལ་ཡིན། འོན་ཀྱང་། གཉིད་ཅིག་གང་ནས་ཡོང་། ཆང་གིས་བཟི་ནས་སེམས་རྣལ་དུ་མི་གནས་པར་ཟ་རི་ཟི་རི་འགྱུར་བ་བཞིན། ཅི་ཡིན་འདི་ཡིན་མེད་པའི་གནས་ལ་ལྷུང་། སྐབས་དེ་ཡང་བསྐྱར་གསར་འགྱུར་ཞིག་མ་ཀློག་ཀ་མེད་བྱུང་། “རྩོམ་པ་པོ་”ཞེས་པའི་ཐ་སྙད་འདི་ངའི་མི་ཡུལ་ནས་གོ་བའི་ཚེས་མཛེས་སྡུག་ལྡན་པའི་ཐ་སྙད་གཅིག་པོ་དེ་ཡིན། མིང་དེ་དང་འབྲེལ་བའི་མི་སུ་ཡིན་ན་ངས་དགའ་བ་སྟོང་གི་སྟོང་གླུ་འབུལ་བཞིན་ཡོད། ད་དུང་གསར་འགྱུར་ནང་ལ་རྩོམ་
པ་པོའི་བརྩམས་ཆོས་<<བླང་དོར་ལྟ་ཚུལ།>> <<རྒྱུན་ཤེས་དང་ལམ།>> <<ང་ཚོ་སད་རན། >> <<རང་ལམ་རང་འཚོལ།>> <<བསམ་གཤིག་པའི་སེམས་སྒྲ།>> ཞེས་པའི་དེབ་དུ་མ་ཞིག་གི་མིང་རེ་རེ་བཞིན་བཀོད་ཡོང་དུས། ད་གཟོད། གང་ལ་ཡང་འགྱུར་ཆོག་ཆོག་གི་ཡ་མ་བརླ་ཡི་སེམས་པ་དེ་རླུང་ནག་འཚུབ་མའི་ཁྲོད་ཀྱི་དར་ལྕོག་བཞིན་གཡོ་ནས། མིག་མཐའ་ནས་མཆི་མ་ཐར་ཐར་ཏུ་སྔས་འབོལ་ཐོག་ལྷུང་ནས་སྔས་ཤུབས་ཀྱི་མཐའ་རྒྱན་ན་ཡོད་པའི་རི་མོའི་ཁ་དོག་ལོག། ཐོག་རེག་བཀག་ཙམ་གྱི་མི་ཁེག་པའི་ཁྲིམས་ལུགས་ཞིག་ལ་ཚེ་སྲོག་གི་མེ་ལྕེ་འབར་ཡང་གྱུར་བ་མེད་ན། ངའི་མིག་ཆུ་ཞིག་གཏོང་བ་ནི་གཡག་རྒོད་རྒྱབ་ལ་ཤི་འགྲོ་བ་དང་ཨ་ན་མ་ན་རེད། བདག་གིས་མགོ་བོ་བཏེགས་ཏེ་གཡས་ཕྱོགས་གི་སྒེ་ཁུང་ནང་གི་ཉི་ཟེར་དེ་མཐོང་དུས། ཉམས་ཆུང་སེམས་པ་ཕྲ་མོ། གངས་ཆུ་སིལ་མ་བཞིན་བཞུར་སོང་བས། སྐབས་དེར་ཡར་ལངས་ཙམ་བྱེད་ཞོར་ལ་མིག་ཆུ་ཤོར་སོང་བས་ལག་ལ་ཡོད་པའི་ཁ་པར་ཡང་རབ་རིབ་དུ་གྱུར། ཉི་འོད་ཀྱི་དྲོད་རླབས་ཙམ་ཡང་མེད་པའི་མུན་ནག་གི་ཁང་སྟོང་ཞིག་ན་མི་ལོ་བཅུ་ཕྲག་ལ་ཕ་ཡུལ་དང་ཕ་མ་བྲལ་དགོས་དུས། བཟོད་པའི་ཕ་རོལ་ཏུ་ཕྱིན་ཡང་། ནགས་མེད་བཙོན་པ་ཞིག་ལ་མཚོན་ན་དམྱལ་ཁམས་ངོ་མ་དེ་ཡིན། ཕྱི་དབུགས་ཡོད་ཀྱང་། ནང་དབུགས་ཆད་པའི་འཆི་ལམ་རིང་མོ་ཞིག་ཅི་ལ་མིན།ཁྱེད་བསམ་བློ་དང་། རྨི་ལམ། རེ་བ། ན་ཟུག། སྐྱོ་གར། འཆར་སྒོ། རང་གཤིས། དཔྱད་སྟོབས། ལ་རྒྱ་སོགས་ལ་རང་དབང་མ་གནང་བའི་་ཕམ་ཁ་དེ་དེ་རིང་ཤེས་དུས། ད་གཟོད་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཡང་དྲན། “ནོར་བུ་རང་ལ་ཡོད་དུས། ། ནོར་བུའི་ནོར་ཉམས་མ་ཆོད། ། ནོར་བུ་མི་ལ་ཤོར་དུས། ། སྙིང་རླུང་སྟོད་ལ་འཚངས་བྱུང་།།ཞེས་ཁྱེད་ཡོད་དུས་ང་གོ་མེད་ཚོར་མེད་དང་། ཟ་རི་ཟི་རིའི་ངང་འགྲོ་ཤོར་བས། ཅི་ཞིག་བྱས་མེད་པ་ལྟར་དུའང་སྣང་། ངའི་གནས་ལུགས་དུ་མ་ཞིག་རྨོངས་སོང་བས། ཁོང་ལ་ན་ཟུག་གི་མེ་ལྕེ་འབར། ངའི་རང་ལམ་རང་གི་མ་འཚོལ་བས། ཁོང་གི་བླང་དོར་གྱི་གནས་ལུགས་མ་བཤད་ཀ་མེད་དུ་གྱུར། རེད་དེ། ཆར་འབེབས་ཚུལ་གྱི་ཆུ་བཤོས་བརྒྱབ་ཐུབ་པའི་བློ་རིག་ཞིག་ད་དུང་ང་ལ་སྐྱེས་མ་ཐུབ། འོན་ཀྱང་། ནམ་ཉི་མ་ཞིག་ལ་ཁྱེད་ཕྱིར་ལོག་དུས། དེ་རིང་གི་མིག་ཆུ་གཏོང་དོན་ཇི་ལྟར་ཡོང་བའི་རྒྱུ་མཚན་རེ་རེ་བཞིན་ངས་ཁྱེད་ལ་བཤད་འདོད། གང་ལྟར་དེ་རིང་མིག་ཆུ་དང་ལྷན་ཏུ་སྔར་སོང་ཟིན་པའི་དཔའ་བོ་རྣམས་དང་ད་དུང་མུན་ནག་ན་ལྷག་པའི་ཤ་རུས་གཅིག་པའི་སྤུན་ཟླ་དག་ལ་རེ་སྒུག་སྟོང་གི་ཉི་མ་སྒུག་འདོད།
རྔ་བ་ཀུན་བཟང་། 12/12/2021