རྔ་བ་ཀུན་བཟང་།
དང་པོ་མ་མཐོང་ཆོག་ཀ ། སེམས་པ་འཆོར་དོན་མི་འདུག ། གཉིས་པ་མ་འདྲིས་ཆོག་ཀ། སེམས་གཅོང་ཞུགས་དོན་མི་འདུག། ཅེས་པའི་ཚིག་རེ་ཀློག་དུས། ད་གཟོད། ངས་བྱམས་དུང་དུང་གི་མཚོ་ཁ་དེ་མཐོང་བའི་ཉིན་མ་དེ་དྲན་ཐལ། ང་ཚོ་སློབ་མ་བརྒྱ་ལས་མང་བ་ཞིག་མཉམ་དུ་སྣང་བ་རླུང་ལ་བཏང་ནས་ལྷོ་ཕྱོགས་གི་རྒྱ་མཚོའི་ཁ་ནས་སྤྱོ་སྐྱིད་ལ་སོང་བའི་ཉིན་མོ་དེ་དྲན་བྱུང་།
ཡུལ་འདི་ན་ཚེ་དེའི་སྡུག་བསྔལ་གྱི་སྐྱོ་གར་དང་ཚེ་ཕྱི་མའི་སྡུག་བསྔལ་གྱི་འཁྲུལ་སྣང་བརྗོད་མཁན་ཞིག་གང་ན་ཡོད། ཁྱེད་རང་དགའ་ས་ལ་གངས་དཀར་རི་བོའི་རྩེ་ནས་བྱམས་དུང་གི་ལ་གཞས་ལེན་ཆོག་ལ། རང་ཉིད་ཀྱི་སེམས་པ་ལྕགས་ཀྱི་ཚེར་མ་དང་ཟངས་ཁབ་ཀྱི་མགོ་ལ་བསྐོན་ནས་ལྷོ་ནུབ་གང་ལ་སྐོར་ཆོག། སྐབས་དེ་དུས་ཁྱེད་ལ་དགྲ་བོ་ཟེར་བའི་རི་གཤམ་ནས་ལག་གཡུག་བྱེད་ཡང་། ཁྱོད་སྣང་བ་དང་མཐོང་བ་ཡོད་ཚད་རྒྱ་མཚོའི་རླབས་ཤུགས་དང་དྭངས་གཙང་གི་ཁོར་ཡུག་ཁྲོད་ནས་གློ་སྙིང་སེམས་ལྟར་འབྲེལ་ཟིན་པས། ནམ་ཡང་གོ་ནོར་དང་ལམ་ནོར་གྱི་བློ་ཞིག་མེད།
རྒྱ་མཚོ་དང་རླབས་ཤུགས་གཉིས་བརྩེ་དུང་གིས་བཟི་ཟིན་པའི་ཕོ་མོ་དང་འདྲ་བ་སྐད་ཅིག་ཙམ་ཡང་ཁ་བྲལ་མ་ཐུབ་པས་གཅིག་རྗེས་གཉིས་མཐུན་གྱི་རྗེས་བསྙེགས་པའི་རྣམ་པ་དེ་མཐོང་དུས། ཡང་ཚིག་དེ་འདྲ་ཞིག་དྲན། ཆུ་དང་འོ་མ་འདྲེས་པ།། འབྱེད་མཁན་གསེར་གྱི་རུས་སྦལ།། སྙིང་སྡུག་ཤ་སེམས་འདྲེས་པ།། དབྱེ་མཁན་སུ་ཡང་མི་འདུག། ངོ་མ་ཆུ་རླབས་གཉིས་འདྲེས་སོང་བའི་མཛེས་པ་རེ་མྱོང་དུས། ཡང་སྐྱོ་གར་ཞིག་དང་ལྷན་ཏུ་ཉི་ཟླ་གཉིས་དྲན་གིས། ནམ་ལངས་མ་ཐག་ནས་ནུབ་མ་ཆགས་བར་ཉི་མའི་རེ་སྒུག་བྱེད་ནས་བསྐལ་བ་ནས་བསྐལ་བ་ཟིན་ལ། ཟླ་བས་ཉི་མ་འཚོལ་ནས་མུན་ནག་གི་འཇིགས་སྣང་ཚེ་རབས་ནས་ཚེ་རབས་བར་མྱོང་། ཉི་ཟླ་གཉིས་ཀྱི་ནམ་ཡང་རེ་བ་དང་རྨི་ལམ་ཁྲོད་ནས་ཐུག་འཕྲད་ཅིག་ལ་བཙོན་བཞིན་ཡོད་ཀྱང་། སྲིད་པ་ཆགས་ནས་མཐའ་མར་ཐོན་ཡང་ད་དུང་སྐད་ཅིག་ཙམ་ལ་འཕྲད་རྒྱུ་མེད་པ་དེ་ཡང་གང་ཡིན་ནམ།
ང་དེ་ལྟར་ཉིན་གང་ལ་མཚོ་ཁ་ནས་རྐང་པ་གཉིས་ཆུ་ནང་ལ་བཞག་ནས་རོགས་པ་ཚོས་དངོས་པོ་རྣམས་བདག་སྲང་བྱེད་ཞོར་ལ། རང་འབྱུང་གི་མཛེས་པ་ལ་སྔར་མིན་གྱི་རོལ་མྱོང་ཡག་པོ་ཞིག་བྱུང་ལ། དུ་བ་སྔོ་ལིང་ལིང་ཐེན་པའི་ཕོ་མོ་ན་ཆུང་དག་དང་། གླང་མ་ཁེར་སྐྱེས་ལྟ་བུའི་མི་ལྡོམ་འགའ་ཡང་གཡག་སྣ་ལོ་མེད་མཁན་བཞིན་ཡར་འཆོལ་མར་འཆོལ་ལ་འགྲོ་མཁན་མང་། མི་ཚེ་འདིར་གནས་དུ་མ་ཞིག་ལ་སོང་ཡང་། ནམ་ཡང་སེམས་པ་འདྲེས་བཞིན་ངོ་ཤེས་སུ་གྱུར་པའི་གནས་དེ་མཚོ་ཁ་ཡིན། རྒྱུ་མཚན་སྐྱིད་སྡུག་འདྲེས་མའི་སེམས་གཏམ་ཉན་ཤེས་མཁན་དང་ལོ་རྒྱུས་ཐུང་ཐུང་ལ་དྲན་སེམས་གཏོང་མཁན་དེ་མཚོ་ཁ་ལས་མ་འདས། འོན་ཀྱང་། རང་སེམས་དེ་ཚོན་མདངས་སྣ་ཚོགས་བྱུགས་པའི་རྡེའུ་སྤུང་ཞིག་ཡིན་ན་རང་འབྱུང་དང་འབྲེལ་མེད་ལ། མིག་གི་དབང་པོའི་མཐོང་ནུས་ཀྱང་གངས་དཀར་སེམས་ཀྱིས་མྱོང་དཀའ། སོ་སོའི་སྣང་བ་སོ་སོས་གཅེས་ཨང་།
12/16/2021