༧ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་ཆེན་པོ་གནས་བརྟན་སྡེ་སྣོད་འཛིན་པ་བདག་གི་མཁན་པོ་རིན་པོ་ཆེ་ཀུན་སྤངས་སེམས་དཔའ་ཆེན་པོ་༧ དགེ་འདུན་ཆོས་འཕེལ་༼ཡོངས་གྲགས་ལ་མཇའ་མོ་ཨ་ཁུ་ཚང་༽མཆོག་ལ་རྗེས་དྲན་དུ་ཕུལ་བ།
རོང་བོའི་དགེ་བཤེས་བློ་བཟང་ཆོས་གྲགས།
དགེ་བཅུ་བསླབ་གསུམ་བྱང་སེམས་ཕྱིན་དྲུག་སྤྱོད།།
འདུན་ལྡན་སྐྱེས་བུ་གསུམ་གྱི་ལམ་སྲོལ་མཆོག །
ཆོས་འདུལ་ཇི་བཞིན་སྟོན་དང་སྒྲུབ་མཁས་པ།།
འཕེལ་འགྲིབ་ཡོངས་བྲལ་སྨྲ་བའི་ཟླ་བར་འདུད།།
དགེ་སྐྱོན་སྤང་བླང་སྒོ་གསུམ་བྱ་བ་ཀུན།།
བཀའ་གདམས་ཕྱག་བཞེས་ཇི་བཞིན་སྐྱོང་ལ་འདུན།།
ཆོས་མཐུན་སྒྲུབ་པ་ཚེ་དང་བསྙམས་པ་ཡིས།།
གསང་གསུམ་ཡོན་ཏན་རིན་ཆེན་མཛོད་དུ་འཕེལ།།
དགེ་སྦྱོང་ཆོས་བཞིས་མཚོན་པའི་འདུལ་ཁྲིམས་ཀྱིས།།
གཞི་བཟུང་བསླབ་འོས་གནས་ལ་འདུན་ཞིང་བརྩོན།།
དམ་ཆོས་དགོངས་དོན་ཚུལ་བཞིན་འདོམས་པ་སོགས།།
རྒྱལ་བསྟན་འཕེལ་བའི་ཞབས་འདེགས་ཅི་ཡང་མཛད།།
འཇིག་རྟེན་མཐུན་འཇུག་མི་མཁས་ཆོས་དང་མཐུན།།
གཞན་སྐྱོན་ཁབ་ཀྱིས་མི་འཚོལ་རང་རྒྱུད་རྟོག །
མངོན་ཆུང་དོན་གྱི་ས་ཆོད་ཆེ་བ་ཡི།།
དགེ་སྦྱོར་ལྟད་མོར་རྟག་ཏུ་གཡེང་འདི་ཅི།།
སྡེ་སྣོད་གསུམ་ལ་གཟིགས་རྟོག་མང་བགྱིས་པས།།
བཙུན་པ་རྨོངས་པའི་དབང་དུ་མ་ཤོར་ཞིང་།།
ཕྲ་ཞིབ་ལས་འབྲས་ཉིན་བཞིན་བསྒོམས་པ་ཡིས།།
མཁས་པས་བཙུན་ཚུགས་མ་བཅོམ་རྣམ་ཐར་བཟང་།།
བརྒྱ་བྱིན་སྟོང་འགུགས་ནོར་ལྔའི་སྒྲུབ་ཐབས་མེད།།
ཆེན་པོའི་ངོ་བསྲུང་བྲེ་མོའི་མཚར་གཏམ་མེད།།
དོན་སྟོང་སྙན་པའི་ཐོབ་དང་གོ་ས་མེད།།
རང་ཉིད་ཟུར་བསྟོད་གཡོ་སྒྱུའི་སྤྱོད་པ་མེད།།
བདུད་ཀྱི་ཕྱེ་གཏོར་ལྟ་བུའི་སྙན་གྲགས་དང་།།
འཇིག་རྟེན་ལུགས་ཀྱི་མ་དག་འཕྲིན་ལས་ཀྱི།།
གཡེང་བས་ཁྱོད་ཀྱི་རྣལ་འབྱོར་རིམ་པ་ལ།།
བར་ཆད་གླགས་སྐབས་ཕྲ་ཙམ་རྙེད་མ་གྱུར།།
ལོག་འཚོས་བསྒྲུབ་པའི་མ་དག་སྦྱིན་པ་དང་།།
རང་སྒྲོག་ཟང་ཟིང་སྒྱུ་མའི་ཟློས་གར་གྱིས།།
འདོད་ལྡན་ཐོས་ཆུང་བྱིས་བློ་འབྲིད་པ་ཡི།།
ཐོ་ཅོ་སྤྱོད་པའི་རིགས་ཀྱིས་ཡོང་མ་གོས།།
རྒྱལ་བསྟན་ཁ་བའི་ས་འཛིན་སྐྱོང་བ་ལ།།
རྣམ་དཔྱོད་གདོང་ཡངས་བཤེས་གཉེན་འཕྲོག་བྱེད་དབང་།།
དགོས་ཀྱི་ནོར་སྐྱོང་སེང་གེའི་མགོ་བརྙན་ཅན།།
མང་ཡང་འཁོར་བའི་ཟོང་རྟེན་ཉིད་ལས་ཅི།།
ཀྱེ་མ་སྙིགས་མའི་རང་མཚང་དུག་མཚོ་བཞིན།།
མཁའ་ལ་འཕྱུར་བའི་དབེན་པའི་གྲྭ་གཅིག་ན།།
རྒྱ་ཁབ་ས་ཡི་འོག་ཏུ་འཛུལ་བ་ལྟར།།
དོན་ཉུང་སྤོང་ཀློག་ལས་ཀྱིས་འདའ་འདི་མཚར།།
སྡུག་བདེན་འཁོར་བའི་གནས་ལུགས་ལེགས་རྟོགས་པས།།
འབྱོར་རྒུད་སྐྱིད་སྡུག་ཐོག་མཐའི་སྤྱོད་པ་ཀུན།།
མི་འགྱུར་སྣ་ཚོགས་རྐྱེན་ངན་རུ་འཛིང་ཡང་།།
ཁྱོད་ཐུགས་དགེ་ལས་གཡོ་བ་ག་ལ་ཞིག །
བཤད་ཆོས་ཙམ་མིན་རྒྱུད་ལ་གང་ཕན་དང་།།
རང་འདོད་ཙམ་མིན་ཆོས་དང་གང་མཐུན་གྱིས།།
སྐལ་ལྡན་སྨིན་གྲོལ་ཐར་བའི་ལམ་སྟེགས་ལ།།
བཀོད་པའི་བཀའ་དྲིན་གསེར་གྱི་རི་ལས་ལྕི།།
ལེགས་མཛད་རྒྱ་མཚོ་ཆེ་ལས་ཆུ་ཐིགས་ཙམ།།
དད་གསུམ་སོར་མོའི་རྩེ་མོ་བསྐྱོད་པ་ལས།།
གུས་ལྡན་སྙིང་གི་གདུང་སེལ་རྩི་སྨན་དུ།།
འུད་བསྟོད་གཅམ་བུའི་ཚིག་སྦྱོར་སྤངས་ཏེ་བཀོད།།
བཤེས་གཉེན་མཆོག་གི་རྨད་བྱུང་རྣམ་ཐར་གྱིས།།
སྙིང་ལ་ཆོས་ཀྱི་སྐུལ་མ་ཐེབས་གྱུར་ནས།།
ཡིད་མཐུན་ཚངས་སྤྱོད་དགའ་བའི་དོ་ར་རུ།།
དལ་འབྱོར་རྟེན་ལ་སྙིང་བོ་ལོན་པར་ཤོག།