སྐྱེས་སར་འཕྲིན་ལས།
ན་ནིང་ཕྱི་ཟླ་བཅུ་བའི་ཚེས་ཉེར་བདུན་གྱི་ཕྱི་དྲོར་ཨ་ཁུ་ཤེས་རབ་ཁྲིད་སོང་བའི་གཏམ་དེ་ཐོག་མར་ཐོས། དུས་དེ་ནས་བཟུང་མཇུག་འབྲས་གང་ཞིག་ཐོན་རྒྱུ་ཡིན་པའི་རེ་དོགས་ཀྱི་ཁྲོད་དུ་ཟླ་ངོ་བཅུ་གསུམ་ལྷག་ཉི་མ་རེ་རེ་བཞིན་བསྐྱལ་རྗེས། སེམས་ངོར་ཤར་མྱོང་ལ་ཤར་མ་མྱོང་པའི་སྐད་ཆ་སྙིང་ལ་གཟན་པ་དེ་དངོས་སུ་གོ་བྱུང་བས། ཉིན་འདི་གར་ཁོང་དང་འབྲེལ་བའི་དྲན་པ་རྫོགས་མེད་ཅིག་གློག་བརྙན་བཞིན་རྨི་ལམ་ཚུན་ཆད་དུ་འཆར་ཡོང་སྟེ། རང་གཞན་ཐམས་ཅད་བརྗེད་ངན་པའི་ལོ་ཟླ་འདིའི་ནང་དུ་དྲན་པ་སྲུང་པའི་ཆེད་ཡི་གེ་ཁ་ཤས་ཤིག་བྲི་འདོད་སྐྱེས། མ་གཞི་ཨ་ཁུ་ཤེས་རབ་ནི་བདག་ལ་མཚོན་ན་ལེགས་ཞེས་ཉན་སའི་བཤེས་གཉེན་གྱི་མཆོག་དང༌། སྐྱིད་སྡུག་ཞུ་སའི་མཆེད་གྲོགས་ཀྱི་ཕུལ་ཡིན་པས། ཁོང་གིས་རབ་དང་རིམ་པར་མྱངས་ཤིང་མྱོང་བར་འགྱུར་པའི་དཀའ་སྡུག་གི་ལོ་ཟླ་དག་དྲན་ན་ཞེ་རྩ་གྲང་ཤིར་ཤིར་དང༌། མིག་མཐའ་འཁྱག་སིབ་སིབ་ཏུ་མི་འགྱུར་བའི་རང་དབང་གཏན་ནས་མེད་རུང་། དུས་རྒྱུན་ཨ་ཁུ་ཁོང་གིས་སྡུག་གི་སྔུན་ནས་སྲ་དགོས་ཞེས་ཡང་ཡང་ཁ་ཏ་བྱེད་པས། རེ་ཞིག་སྐྱོ་གདུང་གི་མཆི་མ་སྐྱུར་མོ་ཁོག་ཏུ་སྦས་ནས་ཨ་ཁུའི་གསུང་གི་འཕྲིན་ལས་དང་། མི་གཞིའི་མཛེས་སྡུག་ལ་དྲན་གསོ་ཐུང་ཐུང་ཞིག་བྱེད་པར་འདོད།
ཡང་གཅིག་བཤད་ན། ཨ་ཁུའི་མི་ཚེའི་ཁྲོད་ཀྱི་དཀའ་སྡུག་ཕལ་མོ་ཆེ་ཞིག་ཀྱང༌། ཁོང་གི་ལེགས་ཉེས་དཔྱོད་པའི་ཤེས་རབ་དང་བདེན་པ་སྲུང་བའི་གཤིས་ཀ་ལ་མ་བཟོད་པར་བྱུང་བ་ཁོ་ན་རེད་མི་འདུག་གམ། སྔོན་གྲོགས་པོ་ཞིག་གིས་ཨ་ཁུ་སྒོ་ཤེར་གྱི་གསུང་དག་ལ་ཁྱད་ཆོས་གཙོ་བོ་ག་རེ་འདུག་ཅེས་འདྲི་མྱོང་། སྤྱིར་མཁས་པ་རེར་གསུང་གི་ཁྱད་ཆོས་རེ་སྟེ། ལ་ལ་གཞུང་དོན་འགྲེལ་བར་མཁས། ཁ་ལ་གསུང་རབ་སྒྲིག་པར་མཁས། ལ་ལའི་ཚིག་སྦྱོར་སྙན། ལ་ལའི་ཞིབ་ཆ་ཆེ་བ་སོགས་རྣམ་པ་སྣ་ཚོགས་མོད། ངའི་སེམས་སུ་ཨ་ཁུའི་གསུང་གི་ཁྱད་ཆོས་གཙོ་བོ་ནི་ཆེ་ས་ཞིག་ནས་བློ་སྒོ་འབྱེད་ནུས་པ་དེ་རེད་ཅེས་བཤད་པ་ཡིན། ཁོང་གི་གསུང་རྣམས་སུ་དུས་རབས་དང་ཁོར་ཡུག་གིས་བསྐྱེད་པའི་སེམས་ཀྱི་འགལ་འདུ་གང་འདྲ་ཞིག་ཡིན་རུང་ཕྱོགས་དང་ཟུར་མི་འདྲ་བའི་དཔྱད་པ་སྣ་ཚོགས་བྱས་ཡོད་པས། རང་ལ་དབང་བའི་བློ་སྒོ་འབྱེད་ཅིང༌། འགྲོ་བ་མིའི་དཔལ་ཡོན་གྱི་འགྲོས་དང་མཐུན་པའི་བསམ་བློའི་སྒྲོམ་མམ་ཁ་ཕྱོགས་ཤིག་སྟོན་ཐུབ་པར་འདུག
དཔེར་ན། ང་ཚོ་སད་རན་གྱི་འབོད་པའི་ཁྲོད་ན། ཆོས་སྲུང་བ་དང་ཆོས་ཀྱི་སྒེར་གཅོད་སྲུང་བ་གཉིས་ནི་སོ་སོ་ཐ་དད་ཡིན་ལ། ཆོས་ཀྱི་སྒེར་གཅོད་སྲུང་བའི་ཆེད་དུ་ཆོས་སྲིད་མཉམ་བསྲེས་ཀྱི་སྦྱོར་བ་ཡ་མ་བརླ་དག་ལས་སད་རན་ཞིང་། ངེས་པ་དོན་གྱི་བསྟན་པ་འཛིན་ཚུལ་ནི་སྔོན་བྱོན་པཎ་གྲུབ་རྣམས་ཀྱི་སྙིང་སྟོབས་ཀྱི་རྒྱུན་སྐྱོང་བ་ཉིད་དེ། མདོར་ན། འགྲོ་བ་མིའི་དཔལ་ཡོན་གྱི་ལུགས་དང་མཐུན་པའི་ལྟ་བ་མཉམ་གནས་ཀྱི་ཁོར་ཡུག་ཅིག་ཏུ་ཆོས་འཇིག་རྟེན་གཉིས་ཀྱི་རིན་ཐང་སོ་སོར་འཚོལ་བ་ནི།ཁ་བ་གངས་རིའི་ལྗོངས་སུ་ལུགས་གཉིས་ཀྱི་འཕྲིན་ལས་རྒྱས་པའི་ཐབས་ཉག་གཅིག་ཡིན་པའི་བསམ་བློའི་སྒྲོམ་གཞི་རྙེད་ཐུབ། །
རྒྱུན་ཤེས་དང་ལམ་གྱི་འབྲེལ་བ་ལ་བལྟས་ན། ལུགས་གཉིས་གང་ཡིན་རུང་རྒྱུན་ཤེས་ནི་ལམ་གྱི་རྩ་བ་ཉག་གཅིག་ཡིན་པའི་བསམ་བློའི་སྒྲོམ་གཞི་ཚུགས་ནུས་ཤིང་།སྐྱེ་བ་སྔ་ཕྱི་དང་ལས་འབྲས་ཀྱི་འཇུག་ལྡོག་སོགས་ནང་བའི་ལྟ་གྲུབ་ཀྱི་རྨང་གཞི་གལ་བོ་ཆེ་རྣམས་དང་། རང་དབང་དང་དམངས་གཙོ་སོགས་འགྲོ་བ་མིའི་འཇིག་རྟེན་ལེགས་ལམ་དུ་འཇུག་པའི་སྲིད་ལུགས་ཀྱི་གཞུང་ཤིང་དག་ཀྱང་ངོས་ཟིན་པར་འགྱུར།
ཧི་མ་ལའི་ཕར་ཚུར་གྱི་གཏམ་རྒྱུད་ལ་ཉན་ན། དཔལ་ཡོན་གྱི་མཆོག་དམན་ནི། དབང་ཐང་ཆེ་ཆུང་དང་ཁུ་ཚུར་བཙན་གཉོམ། ཡང་ན་ཁང་བརྩེགས་མཐོན་པོ་དང་གཞུང་ལམ་རྫིག་པོ་ཡོད་མེད་ཀྱིས་མི་འབྱེད་པར། དཔལ་ཡོན་གང་དེས་བདེན་དགེ་མཛེས་གསུམ་སྲོག་ཏུ་བཟུང་ཡོད་མེད་ལ་བལྟ་དགོས་པའི་ཐསམ་བློའི་སྒྲོམ་རྙེད་ཅིང་། དེ་ལྟ་བུའི་རིག་གནས་རིན་པོ་ཆེ་དཀའ་བ་བརྒྱ་ཕྲག་གིས་ལེན་པའི་སྔོན་བྱོན་ལོ་པཎ་དག་གི་སྐུ་དྲིན་སྙིང་ནས་དྲན་གྱིན། ད་བར་དུ་ཕྱི་ནང་ཀུན་གྱིས་རྗེས་ལུས་ཡིན་ཤག་ཏུ་བྱས་ནས་མཐོང་ཆུང་དང་དམའ་འབེབ་ཀྱིས་བརྙས་པའི་སེམས་པ་གཉོམ་ཆུང་དེར་ཡང་རང་རྟོན་གྱི་སྤོབས་པ་རྒྱས་ཤིང་། རང་གི་དཔལ་ཡོན་ལ་ངེས་དོན་གྱི་ང་རྒྱལ་རྙེད་པར་ནུས། ད་དུང་སྐྱེས་བུ་ཆེན་པོས་རིག་པ་འཚོལ་བའི་བཞུད་ལམ་ལ་མཇལ་ན། རང་རེའི་མ་འོངས་པར་གཞིགས་པའི་དཔྱད་འཚོལ་དང་ལྟ་ཚུལ་ལ་བསམ་ན། སྔོན་བྱོན་མེས་པོའི་བླང་དོར་གྱི་ལྟ་བར་བལྟས་ན། རབ་བྱུང་བ་དང་རབ་བྱུང་བའི་སྡེ་ཡིས་རང་ལམ་རང་གི་འཚོལ་ཚུལ་དེ་རིག་ན། ཕྱི་ནང་གི་འགྱུར་ལྡོག་ཁྲོད་ཀྱི་བསམ་གཞིགས་དེ་ཐོས་ན། གང་ལྟར་ཁོང་གི་ལྷག་བསམ་དང་སྙིང་སྟོབས་སྦྲུམ་པའི་ཡིག་འབྲུ་རེ་རེར་གཟུ་བོའི་སྤྱན་གྱིས་གཟིགས། དྲང་བོའི་སེམས་ཀྱིས་མྱངས་ན། དད་པ། སེམས་ཁྲལ། སྙིང་སྟོབས། བློ་གྲོས་སོགས་སེམས་བྱུང་གི་རྒྱུ་བ་གྲངས་མེད་པ་ཆུ་ཡི་གཉེར་མ་བཞིན་གཅིག་རྗེས་གཅིག་གིས་དེད་དེ་འཕེལ་ཡོང་བ་དང་ཆབས་ཅིག མི་ཚེའི་ལྟ་བ། རིན་ཐང་ལྟ་བ། ཚེ་སྲོག་ལྟ་བ། དཔལ་ཡོན་ལྟ་བ། རིག་གནས་ལྟ་བ། མཛེས་དཔྱོད་ལྟ་བ་སོགས་ལྟ་བ་སྣ་ཚོགས་པར་སོ་སོའི་བློ་གྲོས་ལས་འཁྲུངས་ཤིང་རང་གི་ཤེས་རིག་གི་རྩི་མ་ཡལ་བའི་སྒྲོམ་གཞི་དང་ཚད་ཤིང་གསར་བ་རེ་རྙེད་ཐུབ་པར་འགྱུར་རོ། །
ཐེངས་ཤིག་ཁོང་གིས། བསམ་བློ་གཏོང་བ་ནི་རླངས་འཁོར་གཏོང་བ་དང་འདྲ་སྟེ། ལམ་ནང་གི་ཀོང་འབུར་ཆུང་ཆུང་དག་ལ་ཞིབ་ལྟ་བྱེད་པ་ལས་ལམ་སྤྱིའི་ཁ་ཕྱོགས་ལ་མཉམ་འཇོག་པ་གལ་ཆེ་སྟེ། ཀོང་འབུར་མ་མཐོང་རུང་རླངས་འཁོར་གྱི་ཉེན་འགོག་གཅོག་པ་ཙམ་ཡིན་ལ། ལམ་སྤྱིའི་འཁོར་ཕྱོགས་མ་རིག་ན། གཡང་དུ་མཆོངས་པའམ་རྦད་དེ་ལོག་ལམ་དུ་འགྲོ་སྲིད་པས་སོ། །དེས་ན་གནད་དོན་གང་ཞིག་ལ་བསམ་བློ་གཏོང་སྐབས་ཀྱང་། ཞིབ་ཆ་ཆུང་ཆུང་དག་ལས། གཙོ་བོ་རྩ་བའི་སྒྲོམ་མ་ནོར་བ་ཞིག་ཨེ་ཆགས་བལྟ་རྒྱུ་གལ་ཆེ་ཞེས་བཤད་མྱོང་། དེ་ནི་ཤིན་ཏུ་བདེན་པར་འདུག་སྟེ། ཆོས་དང་འཇིག་རྟེན་གྱི་གནད་དོན་གང་འདྲ་ཞིག་ཡིན་རུང་། བྱེ་བྲག་གི་ཐབས་ཚུལ་ཉི་ཚེ་བ་དག་ལ་རབ་ཏུ་སྤྱང་ན་ཡང་། རྒྱུ་འབྲས་གོ་ལྡོག་གི་ལམ་དུ་ཞུགས་ནས་ཁ་ལོག་པར་འཁོར་རུང་ད་དུང་ང་རྒྱལ་གྱིས་དྲེགས་པའི་སྐྱེས་བུ་ནི་ཅི་བས་མང་། དེས་ན་བྱེ་བྲག་གི་ཞིབ་ཆ་ཡོད་མེད་དང་བཤད་པ་རྒྱས་མིན་ཇི་ལྟར་ཡང་། གནད་དོན་གལ་ཆེན་དག་དང་འབྲེལ་བའི་གཞི་རྩའི་ཁ་ཕྱོགས་གསལ་བོ་ཞིག་སྟོན་ནུས་པ་ནི་ཨ་ཁུའི་གསུང་གི་ཁྱད་ཆོས་དང་། གསུང་དེར་བརྟེན་ནས་ལྟ་བའི་རང་ཚུགས་ཐུབ་པ་ཅི་རིགས་སུ་བྱུང་དང་འབྱུང་བཞིན་པ་དེ་ནི་ཨ་ཁུའི་གསུང་གི་འཕྲིན་ལས་དེ་ཅི་ལ་མིན།
གཉིས།
ཨ་ཁུ་ཤེས་རབ་ལ་གཤིས་ཀ་ག་འདྲ་ཞིག་ཡོད་ཅེས་པ་ནི། ཁོ་བོས་སྐབས་དང་སྐབས་སུ་གོ་བའི་དྲི་བ་གཞན་པ་ཞིག་ཡིན། མ་གཞི་མི་རེ་རེའི་སེམས་སུ་ཧ་མུའུ་ལེ་ཐེ་རེ་རེ་ཡོད་ཅེས་པ་ལྟར། མི་རེ་རེའི་སེམས་སུ་ཡང་ཨ་ཁུའི་སྣང་བརྙན་རེ་རེ་ཡོད་ངེས་པས། འདི་ལ་གཅིག་ཆོད་ཀྱི་ལན་ཞིག་ག་ལ་ཡོད། འོན་ཀྱང་། ངའི་སེམས་ཀྱི་ཨ་ཁུའི་སྣང་བརྙན་གཙོ་བོ་དེར་སྡོམ་གཅིག་བཀོད་ན། ཁོང་ནི་སེམས་སྙི་མོ་ཅན་ཞིག་དང༌། རུས་རྐང་མཁྲེགས་པོ་ཅན་ཞིག་ཡིན་ཞེས་པ་དེའོ། ། ཐེངས་གཅིག་ངེད་གཉིས་ཀྱིས《དྲག་ཏུ་ཁྲོས་པའི་ཕ》《愤怒的父亲》ཞེས་པའི་གློག་བརྙན་དེར་མཉམ་དུ་བལྟས། གློག་བརྙན་དེར་མི་ནག་དབུལ་བོ་གཅིག་གིས་རང་གི་བུ་སྙིང་ནད་ལས་སྐྱོབ་ཆེད་མེ་མདའ་ཁྱེར་ནས་སྨན་ཁང་བཙན་བཟུང་བྱས་པ་ཞིག་འཁྲབ་འདུག །ཨུ་ཐུག་ཐབས་ཟད་དུ་གྱུར་པའི་ཕ་རྒན་དེས་རང་གི་སྙིང་བུ་ལ་སྟེར་ཆེད་དུ་རང་སྲོག་གཅོད་པའི་སྦྱོར་བ་བརྩམས་པར་མཐོང་དུས། ཨ་ཁུས་ང་ལ། ཁྱོད་ཀྱིས་མིག་ཆུ་གཏོར་གྱི་འདུག་ཅེས་ཀུ་རེ་བརྩིས་ཀྱང་། དོན་གྱིས་ཁོ་རང་གི་མིག་མཐའ་ཡང་སྔ་ནས་བརླན་ཟིན་འདུག ། ངའི་དྲན་པའི་ངོས་ཀྱི་ཁོང་ནི་སྐབས་ཐམས་ཅད་དུ་དེ་འདྲ་ཞིག་སྟེ། ཉམ་ཆུང་གི་སྡུག་བསྔལ་གྱིས་སེམས་པ་བསྒུལ་སླ་ཞིང་། རང་དང་ཉེ་བ་དག་གི་བདེ་སྡུག་ལ་རྟག་ཏུ་སེམས་ཁྲལ་རྐྱང་རྐྱང་བྱས་ནས་ཞེ་མི་བདེ་མཁན་ཞིག་ཡིན། མ་གཞི་ཁོང་གི་རྩོམ་ལ་རྒྱུས་ཡོད་པ་དག་གིས་ཟ་དང་ཟུར་ནས་ཚོར་ངེས་ལ། 《རྒྱུན་ཤེས་དང་ལམ》གྱི་མཇུག་རྩོམ་དུ་ཐོན་པའི་མ་རྒན་ལ་བྲིས་པའི་སྐད་ཆ་ཐུང་ཐུང་དེས་ཀྱང་ཁོང་ནི་སེམས་གཤིས་ཀྱི་ཕྱོགས་གཅིག་རྟོགས་ནུས། རེད་དེ། ཁོང་ནི་རུས་རྐང་མཁྲེགས་པོ་ཅན་ཞིག་ཀྱང་ཡིན། རང་གིས་བདེན་པར་བཟུང་བའི་གནས་ལུགས་ལས་འགྱུར་འགྱུར་གཏན་ནས་བྱེད་ཁ་མི་ཉན་པའི་མགོ་མཁྲེགས་ཤིག་ཡིན། ཉེ་འཁོར་གྱི་མི་མང་པོ་ཞིག་གིས་ཁོང་ལ་གནོད་པ་སྣ་ཚོགས་འབྱུང་དོགས་ཀྱིས་བསྟུན་ཤེས་ཕྲན་བུ་རེ་གནང་ན་དྲན་གྱིན་ཡོད་ལ། དང་ཐོག་ཁོ་བོ་ཡང་དེའི་གྲས་སུ་གཏོགས་མོད།
ཁོང་གིས་དགོད་ཞོར་དུ། ང་ནི་གླེན་དྲགས་པས་གྲུང་གྲུང་བྱེད་ཤེས་ཀྱི་མི་འདུག་ཅེས་ཟེར་མྱོང་། འཇིག་རྟེན་འདི་ན་གནས་ལུགས་ཤེས་མཁན་མང་པོ་ཡོད། གནས་ལུགས་བཤད་ཤེས་མཁན་དེ་ལས་ཀྱང་མང་པོ་ཡོད། རེད་དེ། རང་གི་བཤད་པའི་གནས་ལུགས་དེ་འཇིགས་པ་དང་བསླུ་བྲིད་ཀྱི་སྡུན་ནས་རང་གི་སྲུང་ཐུབ་མཁན་ནི་གསེར་ལས་དཀོན་པ་ཧ་གོ་དུས། ཕྱི་ནུར་སོར་གང་བྱེད་མི་ཤེས་པའི་ཁོང་གི“གླེན་པའི་གཤིས་སྤྱོད”ལ་གུས་པ་གཏིང་ནས་སྐྱེས་ཤིང་། སྒ་འགྱུར་སྟན་་འགྱུར་དང་།མགོ་བདེ་དྲན་འཕྲུལ་བྲིན་པའི་འཇིག་རྟེན་འདི་ནས་ཁོང་ལ་གྱོང་རག་ངེས་པ་ཤེས་བཞིན་དུ། གྱོང་ཆེན་པོ་ཞིག་མི་ཡོང་བའི་སྨོན་ལམ་རེ་རྒྱག་པ་ལས་གང་ཡང་སྨྲ་མི་ནུས་པར་གྱུར།
གསུམ།
མདོར་ན། ཁོང་ནི་གངས་ཀྱིས་བསྐོར་བའི་འཇིག་རྟེན་དཀར་པོ་འདིའི་ཆོས་དང་རིག་གནས་ལ་ལྷག་བསམ་དཀར་ཞིང་། རྒྱལ་བསྟན་རིན་པོ་ཆེས་གཙོར་གྱུར་པའི་རང་རེའི་ཤེས་རིག་གི་ཆེད་དུ་ཁ་གྲགས་པའི་གྲྭ་རྐྱང་རུས་མཁྲེགས་ཤིག་ཡིན་ཚུལ་གྱི་ཡི་གེ་ཐུང་ཐུང་འདི་བྲིས་ཏེ། རང་སེམས་ཀྱི་ཤེས་རབ་སྒྲོན་མེ་ཁོང་ལ་དྲན་གསོ་ཐེངས་གཅིག་བྱེད་ཀྱིན། ཁོང་གི་དཀའ་སྡུག་ལོ་རྒྱུས་རིང་མོའི་རྒྱུ་འབྲས་ཀྱི་རྟེན་འབྲེལ་དག་རང་གིས་རང་ལ་གསལ་བཏབ་པའོ། །
མཐར་དགེ་ཆོས་མཆོག་གིས། “དགའ་དུས་རིང་དུ་གཏོང་བའི་ཐབས་མེད་ན། །སྡུག་དུས་ཐུང་དུ་གཏོང་བའི་ཐབས་ཅི་ཞིག །”ཞེས་གསུངས་པ་ལྟར། ཐུང་དུ་གཏོང་ཐབས་ཟད་པའི་ལོ་ཟླ་རིང་མོ་དེའི་ཁྲོད་དུ་ཁོང་ལ་དཀའ་སྡུག་ལྷག་མའི་མནར་བ་མེད་པར་བདེ་བླག་ངང་མཇལ་ཐུབ་པའི་སྨོན་ལམ་རྒྱག་བཞིན། མཆོག་གསུམ་བསླུ་བ་མེད་པས་ཐུགས་རྗེའི་སྤྱན་གྱིས་གཟིགས་པའི་གསོལ་བ་སྙིང་ནས་འདེབས་སོ། །
ཞེས་ཁོང་གི་གསུང་ལ་དད་ཅིང་མི་གཞིར་གུས་པ་སྐྱེས་སར་འཕྲིན་ལས་སུ་འབོད་པས། ཕྱི་ལོ༢༠༢༡ཕྱི་ཟླ༡༢ཚེས༡༢ཉིན་བྲིས།