གཡུ་སྒང་དགེ་འདུན།
དུག་ནད་སྒྱུ་མས་སྤྲུལ་འགྱུར་སྣ་ཚོགས་བསྟན།།
བཞི་བརྒྱ་རྩ་བཞིའི་ནད་ཀུན་བདག་ཏུ་བཟུང་།།
འཇིག་རྟེན་འདི་རུ་ནད་ཀྱི་རྒྱལ་པོ་ནི།།
ཡིན་པར་རློམ་སྟེ་ས་ཆེན་ཧམ་པས་མནན།།
གོས་སྔོན་སྲིན་པོས་བཟོས་པའི་དུག་ནད་ཀྱིས།།
ས་ཆེན་སྡུག་གི་མེ་མུར་བསྐྱིལ་བ་ན།།
རྣམ་ཤེས་གྲངས་མེད་ངུས་པའི་འོ་དོད་དེར།།
འཛམ་གླིང་ས་སྐྱོང་དག་ཀྱང་བཤོལ་ལ་ལྟོས།།
ཚན་རྩལ་རིག་པའི་ཚད་མིན་བརྟག་ཆས་བཀྲམས།།
འཁྲབ་སྟོན་ཁྲིམས་ཀྱིས་རྒྱབ་རྟེན་མཁའ་རུ་བཏེགས།།
འཆམ་རིམས་ཡོད་ཚད་ཏོག་དབྱིབས་ཁོངས་སུ་བགྲང་།།
མཐའ་མའི་སྡུག་ཡུས་དམངས་ཀྱི་གཉའ་རུ་བཀལ།།
རང་གཞན་རོགས་གསུམ་དོགས་པའི་སོ་ཁ་ནས།།
རྣམ་རྟོག་འདྲེ་དགུའི་གྲིབ་མར་འདྲོག་བཞིན་དུ།།
ཁྲ་ཡིས་བྱེའུ་དང་བྱེའུས་འབུ་འཇོམས་པའི།།
གཏམ་དེ་ལག་བསྟར་བྱས་ཏེ་ལོ་གཉིས་འདས།།
འཚོ་རྟེན་རྫིང་བུ་ཏོག་དབྱིབས་ནད་ཀྱིས་བསྐམས།།
ཁྱིམ་གྱི་དངུལ་དངོས་མར་ངོས་ཟླ་བའི་གཟུགས།།
ཚོང་དང་ཚོགས་སྡེ་གདོང་མདོག་ཉེས་སུ་གྱུར།།
རེ་སྙེག་འཚོ་བ་ནམ་མཁའི་སྐར་མར་བསྙབས།།
གཡུ་སྒང་དགེ་འདུན་གྱིས།
༢༠༢༢ ཟླ་ ༡ ཚེས་ ༢༣ ཉིན།