རྫ་ཚེ་རིང་བཀྲ་ཤིས།
ངས་ད་ནངས་ཞོགས་པ་ཡར་ལངས་དུས་སྐད་ཆ་མི་སྙན་པ་ཞིག་གོ་བྱུང་། སྐད་ཆ་དེ་ཕལ་ཆེར་དྲ་ལམ་ཧྲིལ་པོ་ཁྱབ་པ་ལྟར་འདུག གནས་ཚུལ་འདིར་དོ་སྣང་བྱེད་མཁན་ནི། བོད་སྐད་དང་། རྒྱ་སྐད། དབྱིན་སྐད་བཅས་ཀྱི་ཁོར་ཡུག་ཚང་མར་ཁྱབ་འདུག ལར་ནས། ཉེ་ཆར་རང་ལྷོ་ཨ་ཧྥི་རི་ཁའི་ཆོས་དཔོན་ཆེན་མོ་ཊུ་ཊུ་སྐུ་གཤེགས་ཤིང་། དེ་དང་འདྲ་བའི་རྒྱལ་སྤྱིའི་ནང་བསམ་བློའི་དབུ་ཁྲིད་སྙན་གྲགས་ཅན་དེ་ཚོ་ལོ་ན་མཐོན་པོར་ཕེབས་པ་དང་། སྐུ་གཤེགས་པའི་གནས་ཚུལ་དེ་རིགས་ཀྱིས་ང་ལ་སེམས་ཁྲལ་དམིགས་བསལ་ཞིག་སློང་གིན་འདུག དེའི་རྒྱུ་མཚན་ནི་བརྗོད་མི་དགོས་པ་ཞིག་རེད། ངས་དེ་མ་ཐག་གནས་བརྟན་ཆེན་པོ་ཐིག་ནཏ་ཧཱན་གྱི་གཞུང་ཕྱོགས་ཀྱི་ངོ་དེབ་ཉུལ་བ་ཡིན། ངོ་དེབ་ཀྱི་ཐོག་ཏུ་འདི་ལྟར་བྲིས་འདུག་སྟེ། “འདི་ག་རྒྱལ་སྤྱིའི་ནང་བསྟན་ཚོགས་སྡེའི་ངོས་ནས་གསར་བསྒྲགས་སྤེལ་དོན། ང་ཚོའི་ཆེས་དགའ་ཞིང་གུས་པའི་སློབ་དཔོན་བསམ་གཏན་མཁན་པོ་ཐིག་ནཏ་ཧཱན་མཆོག་ཕྱི་ལོ་ ༢༠༢༢ ཟླ་༡ ཚེས་ ༢༢ གྱི་མཚན་ཕྱེད་ཆུ་ཚོད་དང་པོའི་ཐོག་ཝེ་ཏི་ནམ་གྱི་ཐུ་ཧུའུ་དགོན་པར་དགུང་ལོ་༩༥ འི་ཐོག་ཞི་བའི་ངང་ནས་འཇིག་རྟེན་དང་ཞལ་གྱེས་སོང་།
ད་ནས་རྣམ་པ་ཚོའི་སེམས་ཞི་ལྷོད་དུ་ཕབས་ནས་དྲན་པ་ཉེ་བར་བཞག་པའི་དབུགས་ཀྱི་འབྱིན་རྔུབ་ལ་གནས་པ་གནང་རོགས། རྒྱུ་མཚན་གང་ཡིན་ཟེར་ན། ང་ཚོས་མཉམ་གཅིག་ཏུ་སློབ་དཔོན་ཐིག་ནཏ་ཧཱན་མཆོག་སེམས་ནང་དུ་བཞུགས་སུ་གསོལ་དགོས་ལ། ཞི་ཞིང་ལྷོད་པོའི་ངང་ནས་ཁོང་གིས་འཇིག་རྟེན་འདིར་ཕུལ་བའི་ཡོད་ཚད་དྲན་པར་བྱེད་པའི་དུས་ལ་བབ་པ་ཡིན་ཞེས་གོ་ལ་ཧྲིལ་པོའི་ནང་བསམ་བློའི་ཁྱིམ་ཚང་ཆེན་མོ་འདིའི་ནང་མི་ཡོངས་ལ་ཞུ་བ་འབུལ་གྱི་ཡོད། ” ཅེས་བྲིས་འདུག ལར་ཁོང་གི་ངོ་དེབ་ལ་རྗེས་འབྲངས་པ་ས་ཡ་གཉིས་མ་ཟིན་ཙམ་ཞིག་འདུག འདི་ཡང་ཆོས་ལུགས་མི་སྣ་ཞིག་གི་ངོས་ནས་མང་པོ་རེད། གོང་གི་གནས་ཚུལ་དེར་ཆུ་ཚོད་དྲུག་གི་རིང་ཁོ་ནར་གུས་རྟགས་རྒྱག་མཁན་འབུམ་གཅིག་ལྷག་དང་། ཞབས་མཆན་འགོད་འགན་ཁྲི་ཚོ་བརྒལ་བ། བརྒྱུད་འགོད་ཞུ་མཁན་ཁྲི་དྲུག་ལ་ཉེ་བ་ཞིག་འདུག མི་ལོ་བཅུ་གཅིག་གི་ཡར་སྔོན་དེར། ང་ཐའེ་ཝན་གྱི་ཀྲུང་ཧྲན་གཙུག་ལག་སློབ་ཆེན་དུ་རྒྱ་ཡིག་སྦྱོང་གིན་ཡོད། དགུང་མོ་ཞིག་ལ་སློབ་གྲྭའི་ཚོགས་ཁང་ཆེན་མོའི་འགྲམ་ན་བང་རིང་པོ་ཞིག་སྒྲིག་འདུག་པ་མཐོང་བྱུང་། ང་ཡང་དེའི་སྣེ་ལ་བང་བསྒྲིགས་པ་ཡིན། དགོང་མོ་དེར་གཏམ་བཤད་གནང་མཁན་ནི་གནས་བརྟན་ཆེན་པོ་ཐིག་ནཏ་ཧཱན་རེད་འདུག
དེའི་སྔོན་དུ་ངས་ཕལ་ཆེར་ཁོང་གི་སྐོར་ལ་གོ་ཐོས་བྱུང་ཡོད་པ་མི་དྲན། མཚན་མོ་དེའི་ཁོང་གི་གསུང་སྟངས་འགའ་ཞིག་གིས་ང་ལ་དོ་ཧ་མཛོད་ཀྱི་མཆོད་བརྗོད་ཀྱི་ཚིག །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་དེ་དྲན་དུ་བཅུག །ནང་ཉམས་ལེན་ལ་བརྩོན་པ་རྣམས་ཀྱི་ངོ་ཁར་སངས་རྒྱས་ཀྱི་གསུང་མཐའ་དག་གི་དགོངས་པ་གཅིག་ཏུ་འབབ་པ་ཞིག་ཡོང་བ་འདུག་སྙམ་པ་བྱུང་།
ཕྱི་ཉིན་ཁོང་ཚོར་འཆག་སྒོམ་(འདི་《སྤྲིན་དཀར་ལམ་རྙིང་》སྒྱུར་མཁན་གྱིས་ཕེབས་སྒོམ་ཞེས་བསྒྱུར་ཀྱང་འཆག་སྒོམ་རང་བདེ་སྙམ)དང་། ཟ་སྒོམ་(ཐ་སྙད་འདི་གནས་སྐབས་བེད་སྤྱོད་བྱས་པ་ཙམ་ཡིན་)གྱི་ལས་རིམ་ཞིག་འདུག ང་ཡང་དེར་མཉམ་ཞུགས་བྱས། ཁོང་རྣམ་པའི་འགྲོ་སྟངས་ནི། སྔ་དྲོ་ཁོར་ཡུག་ཏུ་གོམ་བགྲོད་བྱེད་པ་དང་། ཉིན་གུང་གི་གུང་ཚིགས་ཀྱང་ངེས་པར་དུ་བསྒོམ་གྱི་ངང་དང་མ་བྲལ་བས་ཟ་དགོས་པ་སྟེ། མདོར་ན། དེ་ནི་ཟ་བ་དང་འཆག་པ་གཉིས་ཆར་བསྒོམ་དུ་འཁྱེར་བའི་ལག་ཁྲིད་ཅིག་ཡིན། དེ་ཡང་མདོ་ལས། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེར་བཞག །ཅེས་གསུངས་པ་ལྟར། ཁོང་གིས་སློབ་མ་ཚོར། འགྲོ་ན་འགྲོ་བའི་རྗེས་སུ་ལྟ་བའི་དྲན་པ་ཉེར་བཞག །ཟ་ན་ཟ་བའི་རྗེས་སུ་ལྟ་བའི་དྲན་པ་ཉེར་བཞག །གོམ་པ་འགོམ་པ་ན་གོམ་པ་འགོམ་པའི་རྗེས་སུ་འགྲོ་བའི་དྲན་པ་ཉེར་བཞག །ས་ལ་འདུག་པ་ན་ས་ལ་འདུག་པའི་རྗེས་སུ་ལྟ་བའི་དྲན་པ་ཉེར་བཞག །ཟས་ཀྱི་དྲི་ཚོར་བ་ན་ཟས་ཀྱི་དྲི་ཚོར་བའི་རྗེས་སུ་འགྲོ་བའི་དྲན་པ་ཉེར་བཞག །ཟས་ཀྱི་སྣོད་དལ་བུས་ཚུར་ལག་ཏུ་ལེན་པ་ན་ཟས་ཀྱི་སྣོད་དལ་བུས་ཚུར་ལག་ཏུ་ལེན་པའི་དྲན་པ་ཉེར་བཞག །ཟས་ཁམ་དུ་བཅད་དེ་མིད་པ་ན་ཟས་ཁམ་དུ་བཅད་དེ་མིད་པའི་དྲན་པ་ཉེར་བཞག །ཟས་མིད་པར་འགྲོ་བཞིན་པ་ན་ཟས་མིད་པར་འགྲོ་བཞིན་པའི་དྲན་པ་ཉེར་བཞག །དབུགས་ནང་དུ་རྔུབ་པ་ན་ནང་དུ་རྔུབ་པའི་དྲན་པ་ཉེར་བཞག །དབུགས་ཕྱིར་འགྲོ་བ་ན་དབུགས་ཕྱིར་འགྲོ་བའི་དྲན་པ་ཉེར་བཞག་བཅས་ལ་སློབ་ཀྱིན་འདུག
འདི་ནི་ལུས་དང་སེམས་ཀྱི་བདེ་ཐང་ལ་ཤིན་ཏུ་ཕན་པའི་ལག་ལེན་ཞིག་ཡིན་པས་ནུབ་ཕྱོགས་སུའང་ནང་པའི་ཆོས་ཀྱི་ཉམས་ལེན་ཞིག་ལ་སྒོམ་འདི་ལས་བྲིན་པ་ཞིག་མེད་པ་ལྟ་བུ་ཡིན། དོན་ངོ་མའི་ཉམས་ལེན་གྱི་མངོན་རྟོགས་རང་རྒྱུད་ལ་སྐྱེ་དགོས་ནའང་འདི་ནི་མེད་དུ་མི་རུང་བ་རེད། འདི་ལ་དགོངས་ནས་ཞི་བ་ལྷས་ཀྱང་། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམ་པ་ཤེས་བྱས་ནས། །ཞེས་གསུངས་པ་རེད། འོན་ཀྱང་མཚམས་རེར་ངའི་རྨོངས་འཆར་ལ། བོད་པ་ཚོའི་ཉམས་ལེན་ནི་ལྷག་མཐོང་བཟང་ཡང་ཞི་གནས་ལས་གཡེལ་ཆེ་ཙམ་དང་། ལྷོ་བརྒྱུད་དང་བྱང་བརྒྱུད་པ་དེ་དག་ཞི་གནས་བཟང་ཡང་། ལྷག་མཐོང་ལས་གཡེལ་ཙམ་ཡོད་སྲིད་དམ་སྙམ་པའང་ཡོང་གིན་འདུག་པས། ཕན་ཚུན་ལག་ལེན་གྱི་འགྲོ་སྟངས་ཐད་ལེགས་ཆ་ལེན་རེས་བྱ་རྒྱུ་ཡོད་ངེས་རེད་སྙམ་པའང་སེམས་ལ་ཡང་ཡང་འཁོར། སྔར་ཞིག་བོད་ཀྱི་སྒོམ་ཁྲིད་པ་གྲགས་ཅན་མི་འགྱུར་རིན་པོ་ཆེ་དང་བཀའ་མོལ་ཞུ་སྐབས་ཤིག་ལ་ཁོང་གིས། ལྷོ་བརྒྱུད་པ་དེ་དག་གི་དྲན་པ་ཉེར་བཞག་དང་དབུགས་འབྱིན་རྔུབ་སོགས་སྒོམ་སྟངས་ལ་དམིགས་བསལ་གྱི་མན་ངག་དང་ལག་ལེན་ཞིབ་ཚགས་པོ་ཡོད་ངེས་ཡིན་པ་རིན་པོ་ཆེ་ཁོང་གིས་ཁོང་དག་གི་སྒོམ་ཆེན་དག་དང་བསམ་བློ་བརྗེ་རེས་གནང་བའི་མྱོང་ཚོར་ཡིན་གསུང་མྱོང་། དེ་བཞིན་༧སྐྱབས་རྗེ་འབྲི་གུང་སྐྱབས་མགོན་རིན་པོ་ཆེས་ཀྱང་དྲན་པ་ཉེར་བཞག་བསྒོམ་རིམ་སྟོན་པའི་མདོ་བོད་བསྒྱུར་གནང་ནས་ལག་ལེན་མི་འདྲ་བའི་རྒྱབ་ལྗོངས་དག་ལ་མཁྱེན་རྟོགས་ཀྱི་སྒོ་མོ་འབྱེད་བཞིན་པ་མཇལ་བྱུང་། དེ་དག་ནི་ངེས་པར་དུ་དགོས་ངེས་ཤིག་རེད་སྙམ།
འོ་རེད། སྐད་ཆའི་དཀྱུས་ལ་ཚུར་ཡོང་ན། གནས་བརྟན་ཐིག་ནཏ་ཧཱན་ཁོང་ནི་རྒྱལ་སྤྱིའི་རིང་ལུགས་ཀྱི་ལྟ་བ་ཡོད་པ་ཞིག་ཡིན་ཞིང་། ཁོང་གི་འཁོར་ཕོ་མོ་ཚང་མ་འདྲ་མཉམ་ཡིན། ཁོང་དང་མཉམ་དུ་གསོལ་ཚིགས་ལ་རོལ་སྐབས་ཀྱང་། ཕྱི་ལོགས་ཀྱི་སྤང་ཁ་ཞིག་ཏུ་ཚང་མ་ཁོང་གི་མཐའ་སྐོར་ནས་སྡོད་ཀྱི་འདུག ཁོང་ལ་དམིགས་བསལ་གྱི་ཁྲི་མཐོན་པོ་དང་གདན་རིང་པོ་གང་མེད། ཡིན་ན་ཡང་། སྒྲ་དང་གཡེངས་པ་མེད་པའི་རང་བཞིན་གྱི་བསྒོམ་ལ་གནས་བཞིན་པ་ཡིན་པས། མཉམ་དུ་ཡོད་ཀྱང་ཕན་ཚུན་བཀའ་མོལ་ཞུ་བ་སོགས་སྤྱིར་བཏང་གི་འགྲོ་སྟངས་དེ་ཚོ་མི་ཆོག །འགྲོ་བའི་སྐབས་སུའང་། གཉའ་ཤིང་གང་ཙམ་ལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་པ་དེ་ཉམས་སུ་ལེན་ཞིང་འདུག ད་དུང་ཁོང་གིས། སྒོམ་ཁྲིད་འདི་ལ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཐེ་བའི་ནུབ་ཕྱོགས་པ་མཆོག་དམན་འབྲིང་གསུམ་ཧ་ཅང་མང་པོས་དོ་སྣང་གནང་གིན་ཡོད་པ་དང་། དེ་ཡང་ནང་པ་ཡིན་མིན་གཉིས་ཆར་གྱིས་སྦྱོང་བཞིན་ཡོད་པའི་སྐོར་གསུངས་པ་སོགས་ལམ་ཙམ་དྲན།
དེ་རྗེས་ཁོང་གི་སྐོར་ལ་དོ་སྣང་མང་ཙམ་བྱས། ཁོང་གི་སློབ་མ་བཙུན་མ་ཞིག་གིས་བྲིས་པའི་དེབ་ཅིག་ཀྱང་བཀླགས། ལྷག་ཏུ་ཁོང་ལ་དོ་སྣང་ཆེས་ཆེར་བྱུང་བ་ནི་《སྤྲིན་དཀར་ལམ་རྙིང་》བརྒྱུད་ནས་ཡིན། ང་གཅིག་པུ་མ་རེད། བོད་པ་མང་ཆེ་བས་དམ་པ་ཁོང་ངོ་ཤེས་པའང་དེབ་འདི་བརྒྱུད་ནས་བྱུང་བར་ངེས། ངས་ཀྱང་དཔེ་དེབ་དེ་ཉིད་ཞིབ་ཚགས་པོས་བཀླགས་ཤིང་། དེ་ལས་ཁོང་གི་ཡོན་ཏན་དང་བསྟན་པ་ལ་བཀའ་དྲིན་ཆེ་བའི་ངང་ཚུལ་རྟོགས་པ་ཞིག་བྱུང་། ཁོང་གིས་དེབ་དེར་བསམ་གཏན་ཆོས་ལུགས་ཀྱི་རྩ་བའི་བཞེད་གཞུང་《དམ་ཆོས་རིན་པོ་ཆེ་སྟེགས་བུའི་མདོ་》སོགས་ཀྱི་ཤུགས་རྐྱེན་ཐེབས་པར་དོ་སྣང་བྱུང་ལ། ངས་རྩོམ་ཡིག་ཅིག་ཏུའང་དེའི་སྐོར་གླེང་ཡོད།
ཁོང་ནི་རྒྱལ་སྤྱིའི་ཐོག་སྙན་གྲགས་ཤིན་ཏུ་ཆེ་བའི་ནང་པའི་སློབ་དཔོན་ཞིག་ཡིན་ལ། ཁོང་གི་སྐུ་ཚེ་འདིར། མ་ཊིན་ལི་ཐར་ཁིན་དང་། འཕགས་མཆོག་མིག་མི་འཛུམ་པ་སོགས་ཞི་བའི་དེད་དཔོན་དག་དང་ཡང་ཧ་ཅང་ཉེ་ཞིང་ཕན་ཚུན་མཇལ་མོལ་གནང་བ་སོགས་བྱུང་འདུག
ཁོང་ནི་བསྒོམ་ཉམས་ལེན་རང་ལ་གཞོལ་མཁན་དང་། མཐོང་ན་མི་མཐུན་པ་མེད་པའི་སྐྱེས་བུ་ཞིག་ཏུ་ཡོངས་ཁྱབ་ཏུ་ཁས་ལེན། ཁོང་གི་རྩོམ་རིག་གི་བྱང་ཚད་དང་། རྒྱལ་སྤྱིའི་གཟིགས་རྒྱང་། ནང་གི་སེམས་དོན་ལ་གཞོལ་བ་བཅས་ཀྱིས་འཛམ་བུ་གླིང་འདིར་ནང་སེམས་ཀྱི་ཞི་བདེ་བསྐྲུན་པར་མཛད་པ་རླབས་ཆེན་བསྐྱངས།
ཁོང་གིས་མཛད་པའི་《སྤྲིན་དཀར་ལམ་རྙིང་》གཅིག་པུའང་། འཛམ་བུ་གླིང་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་འཆད་པའི་དཔེ་དེབ་སྐད་གྲགས་ཆེ་ཤོས་སུ་གྱུར། འགྲོ་དོན་དང་འཕྲིན་ལས་གཞལ་མཐའ་དང་བྲལ། ངས་ཁོང་ཉིད་མཇལ་སྐབས་ཁོང་དགུང་གྲངས་བརྒྱད་ཅུ་གྱ་ལྔ་ཡས་མས་ཡིན་པར་འདུག་སྟེ། ཕལ་བལྟས་ན། རང་རེའི་བོད་ཀྱི་གྲྭ་པ་ལོ་དྲུག་ཅུར་བསླེབས་པ་ཞིག་ལས་ཀྱང་སྐྱོད་པ་ཡང་ཞིང་ཟོ་མདོག་བདེ། ཕེབས་བཞུད་ལ་གཞན་གྱིས་གཡས་སྐྱོར་གཡོན་སྐྱོར་དེ་འདྲ་ལྟ་ཅི། ཕྱག་འཁར་ཙམ་ལ་ཡང་རྟེན་མི་དགོས། ཁོང་གིས་ཕྱི་དྲོའི་ཁ་ཟས་མི་བཞེས་པ་དང་། འཆག་སྒོམ་ལ་རྩེ་གཅིག་ཏུ་གཞོལ་བ་སོགས་ཀྱི་ཕན་ཡོན་སོ་སོ་རང་སྟེང་ནས་མངོན་པར་བྱས་པར་སྣང་། ལར་དེང་སང་ནི་མི་རྣམས་ཀྱིས་ལུས་ཀྱི་བདེ་ཐང་ལ་ཡང་དོ་སྣང་ཆེན་པོ་བྱེད་པ་ཡིན་པས། རང་སྟེང་ནས་འཕྲོད་བསྟེན་དང་སྒོམ་ཉམས་ལེན་དང་འབྲེལ་བའི་དངོས་ཡོད་ཀྱི་ཕན་ཐོགས་དེ་ཚོ་འཚོ་བའི་ནང་དུ་གང་ཡང་མེད་པར། རྒྱ་ཆེན་པོ་རྐྱང་པ་བཤད་ནས་གཞན་དག་དང་བ་འདྲེན་པའི་དུས་ཚོད་དེ་སྔར་བཞིན་བསྡད་མེད་པ་ཡང་གོ་དགོས།
མདོར་ན། ཁོང་གི་སྒོམ་ཉམས་ལེན་གྱི་ཕན་ནུས་དེ་དག་ཁོང་གི་སྐུ་ལུས་ཀྱི་ཐོག་ནས་ཀྱང་ར་སྤྲོད་ཐུབ་པ་ལྟ་བུ་ཞིག་འདུག དེ་ནི་ཁོང་དང་ཁོང་གི་སྒོམ་གྱིས་ནུབ་ཕྱོགས་པ་སོགས་དེང་དུས་ཀྱི་སྐྱེ་བོ་རྣམས་ཀྱི་ཡིད་དབང་འཕྲོག་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ལོས་ཡིན། ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་དགོས་པ་ནི་དེང་དུས་ཀྱི་མི་རྣམས་ཀྱི་མངོན་འདོད་བླ་ན་མེད་པ་ཡིན། ལར་གནས་བརྟན་ཆེན་པོ་ཁོང་ནི། ཕྱི་ལོ་༡༩༢༦ གི་ལོར། ཝེ་ཏི་ནམ་གྱི་དབུས་ཁུལ་ཞིག་ཏུ་འཁྲུངས་ཤིང་། ཁོང་ནི་དགེ་འདུན་པ་དང་། རྩོམ་པ་པོ། སྙན་ངག་པ། ཤེས་ཡོན་པ། ཞི་བདེ་རིང་ལུགས་པ། མི་ཡུལ་གྱི་ནང་ཆོས་(人間佛教)སམ་འཇིག་རྟེན་མཐུན་འཇུག་གི་ནང་ཆོས་སྤེལ་མཁན་བཅས་ཡིན་པར་བཤད།
ཕྱི་ལོ་༡༩༦༡ ལོ་ནས་མགོ་བཙུགས་པའི་ཝེ་ཏི་ནམ་གྱི་དམག་འཁྲུག་གི་དུས་རབས་དེར་ཁོང་ཉིད་ནུབ་ཕྱོགས་སུ་ཡུལ་བྱོལ་དུ་ཕེབས་ཏེ་ཧྥ་རན་སིར་གཏན་བཞུགས་གནང་། ཕ་ཡུལ་དང་ཞལ་གྱེས་ནས་མི་ལོ་ལྔ་བཅུ་ཡས་མས་ཀྱི་རྗེས་ཏེ། ཕྱི་ལོ་ ༢༠༠༥ ལོར་གཞི་ནས་ཕ་ཡུལ་དུ་ཕེབས་རྒྱུའི་ཆོག་མཆན་ཐོབ། ཁོང་གི་ཆོས་ཀྱི་བསྟི་གནས་གཙོ་བོ་ནི། ཧྥ་རན་སིར་ཡོད་པའི་ཤིང་ཅུ་ལི་གྲོང་གི་བསམ་གཏན་གྱི་བསྟི་གནས་(梅村禪修中心)ཞེས་པ་དེ་ཡིན་འདུག མ་ཊིན་ལི་ཐར་གང་གིས་ཁོང་ཉིད་ནོ་བྷེར་ཞི་བདེའི་གཟེངས་རྟགས་ཀྱིས་འོས་མིར་མཚན་འདོན་གནང་བ་སོགས་བྱུང་ཡོད། གསུང་རྩོམ་ཡང་ཤིན་ཏུ་མང་།
ཁོང་ནི་རྒྱལ་སྤྱིའི་ཁྲོད་དུ་ཞི་བདེ་དང་ནང་སེམས་ཀྱི་བདེ་སྐྱིད་ཀྱི་སློབ་སྟོན་པ་ཞིག་དང་། དུས་རབས་ཉེར་གཅིག་པའི་གལ་ཆེ་བའི་ཆོས་ཀྱི་སློབ་དཔོན་ཞིག་བཅས་ཡིན་ལ། ཁོང་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐོར་ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་ཤེས་སུ་འཇུག་མཁན་གྱི་ཆོས་ཀྱི་ཕོ་ཉ་མེད་དུ་མི་རུང་བ་ཞིག་ཀྱང་ཡིན། ལྷག་པར་དུ། མགོན་པོ་འཕགས་པ་ལྷས། ཁྲིམས་ལྡན་ཡུན་རིང་འཚོ་བ་ནི། །དེ་བས་བསོད་ནམས་ཆེན་པོ་བྱེད། །ཅེས་ལྟར་ཡིན་པས། ཅིས་ཀྱང་སྐུ་ཚེ་བརྟན་དགོས་པ་འདི་བསྟན་པ་སྤྱི་ལ་གལ་ཆེ། རེད་དེ། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་འདུལ་བ་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ་ལས། འདིར་སྟོན་ཟླ་ཐ་ཆུངས་ཀྱི་ཡར་ངོའི་ཚེས་བརྒྱད་ཀྱི་མཚན་གྱི་ཐུན་བར་མ་ལ་ཟླ་བ་ནུབ་ཀྱི་རིའི་རྩེ་མོར་ཞུགས་པ་དང་། །བཅོམ་ལྡན་འདས་ཀྱང་བསམ་གཏན་གྱི་རིའི་རྩེ་མོ་ལས་བསྐྱོད་པར་གྱུར་པ་དང་། །ཟླ་བ་ནུབ་པར་གྱུར་ཅིང་བཅོམ་ལྡན་འདས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏེ། འཇིག་རྟེན་དུ་མུན་པ་གཉིས་འབྱུང་བར་འགྱུར་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་དག་ཤིན་ཏུ་སྐྱོ་བ་བསྐྱེད་པའི་དོན་ཡིན་ནོ་ཞེས་སྟོན་ཏོ། །ཞེས་གསུངས་པ་ལྟར། གང་ལྟར་མི་རྟག་པའི་དུས་ཀྱི་ཆོས་ཉིད་འདི་ལས་སུ་ཡང་འདའ་བར་མི་ནུས་ཏེ། དགེ་བའི་བཤེས་གཉེན་ཆེན་པོ་ཁོང་ཡང་དེ་ལྟར་བཞུད་པ་རེད།
ལར་གནས་ཚུལ་འདི་ལ། ང་ཚོ་བོད་ཀྱི་སྤྱི་ཚོགས་བྱེ་བྲག་པའི་ངོས་ནས་ཚོར་བ་ཆེར་ཡོད་མི་སྲིད་ན་ཡང་། སངས་རྒྱས་ཀྱི་བསྟན་པ་སྤྱིའི་ངོས་ནས་ཅིས་ཀྱང་གྱོང་གུད་ཅིག་ཡིན་ངེས་མོད། ང་ཚོས་དེ་ཡང་གྱོང་གུད་ཁོ་ན་ཞིག་གི་ངོས་ནས་མི་ལྟ་བར། ཁོང་ལྟ་བུ་ཞིག་འཇིག་རྟེན་འདིར་ཕེབས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་བྱ་བ་བྱས་པའི་རླབས་ཆེན་གྱི་འོད་སྣང་ལ་མཇལ་དགོས། དེ་ཡང་འོད་ཀྱི་ཉག་མ་གསལ་ལ་འཚེར་བ་ཞིག་ཐོལ་གྱིས་ནམ་མཁའ་ལ་འཕགས་ནས་ནམ་མཁའི་དཀྱིལ་དུ་ཐིམ་པ་ལྟར་ལྟ་དགོས། འོད་སྣང་དེ་རེ་ཞིག་མཐོང་ལམ་ནས་ཡལ་ན་ཡང་། མཛེས་སྡུག་ལྡན་པའི་འོད་སྣང་གི་དྲན་ཤེས་དེ་གཏན་དུ་སེམས་ཀྱི་ཆ་ཤས་སུ་གནས་རྒྱུ་རེད། མ་ཟད་གོ་ལ་གཅིག་གྱུར་གྱི་དུས་རབས་འདིར། ང་ཚོས་གནས་བརྟན་ཆེན་པོ་ཐིག་ནཏ་ཧཱན་ལྟ་བུའི་ཁྱོན་ཡོངས་ལ་གལ་འགང་ཆེ་བའི་ནང་པའི་སྐྱེས་ཆེན་དམ་པ་མང་པོ་ཞིག་འཇིག་རྟེན་འདིར་མུ་མཐུད་ཕེབས་ནས་ཁོང་རྣམ་པའི་རླབས་ཆེན་ཕྲིན་ལས་ཀྱི་རྒྱུན་འཐུད་ངེས་ཡིན་པར་ཡིད་ཆེས་ཞུ་དགོས། ། རྫོགས་སོ། །
རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་རི་བོ་སྔོན་པོར་ཕྱི་ལོ་༢༠༢༢ ཟླ་༡ ཚེས་ ༢༢ ཉིན་གྱི་ཕྱི་དྲོ་བྲིས་སོ།།
<>་ནི་དང་ཐོག་དབྱིན་ཇིའི་ཐོག་བཀླགས་ཤིང་། ཕྱིས་སུ་རྡ་ས་དཔེ་མཛོད་ཁང་གི་བོད་འགྱུར་མ་བོད་ནང་དུ་ཨམ་སྐད་ཐོག་ལྗགས་བསང་གཉན་པོས་ལྗགས་ཀློག་གནང་ཡོད་པ་དེའང་ལེའུ་ཁ་ཤས་ཉན་རྒྱུའི་སྐལ་བཟང་ཐོབ།
གླེགས་བམ་འདི་ཐོག་མར་ཀློག་དུས་ནས་ཡིད་དབང་འཕྲོག་པ་ཞིག་བྱུང་ལ། དེ་མཚུངས་དེབ་འདི་རྟོག་སྒྲུང་ཞིག་ཡིན་ནམ། ཡང་ན་རྣམ་ཐར་ངོ་མ་ཞིག་གང་ཡིན་ཐད་ལའང་དྲི་བ་ཞིག་སེམས་ལ་འཁོར།
དེབ་ཀྱི་གཞུག་ཏུ་ལེའུ་རེ་རེའི་ཁུངས་བཅོལ་སའི་མདོ་དང་བསྟན་བཅོས་ཀྱི་མཚན་ལུང་འདྲེན་བགྱིས་ཡོད་པ་དེ་མཇལ་ནས་རྣམ་ཐར་དངོས་བྲིས་མ་རང་སྙམ་སོང་ལ། རྡ་ས་དཔེ་མཛོད་ཁང་གིས་ཀྱང་བོད་འགྱུར་མ་དེ་རྣམ་ཐར་དེབ་ཕྲེང་གི་ཁོངས་སུ་བཙུད་འདུག་ལ། ད་ལམ་གོང་གི་རྩོམ་འདི་མཛད་པ་པོས་ཀྱང་རྣམ་ཐར་ཞེས་གསུངས་འདུག།
ཡིན་ནའང་ཟླ་འདིའི་ཕྱི་ཚེས་༢༦་ཉིན་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལེ་ཚན་ནང་དེབ་འདིའི་སྐོར་ལ་སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་”ཁོ་རང་གིས་སྟོན་པའི་རྣམ་ཐར་ཡག་པོ་ཞེ་བོ་ཞིག་བྲིས་ཡོད་རེད། སྟོན་པའི་རྣམ་ཐར་ངོ་མ་རང་ད་མ་རེད། རྟོག་བཟོ་བཅོས་སྒྲུང་གི་ཆ་རྐྱེན་བེད་སྤྱོད་བྱས་ཏེ་གཙོ་བོ་གནས་བསྟན་སྡེ་བའི་གཞུང་གི་སྟོན་པའི་རྣམ་ཐར་དེ་ཚོ་གཞི་ལ་བཞག་ཏེ་སྙིང་རྗེ་བོ་བྲིས་ཡོད་རེད། ‘ ཅེས་གསུངས་འདུག་ན། དེབ་འདི་དངོས་སྒྲུང་དང་རྟོག་སྒྲུང་གང་གི་ཁོངས་སུ་བཙུད་དགོས་ཐད་ལ་དོགས་པ་ཇེ་ཆེར་ཕྱིན་སོང་།