ཤེད་བུ།
ལྟ་གྲུབ་རིག་པ་སྟོང་ཕྲག་གི་བསྒྲུབ་བྱ་གཞན་ལ་བརྩེ་བ་དང་། །
གཞན་ལ་བརྩེ་བའི་རིགས་ལམ་གྱི་རྒྱལ་བོ་བརྟེན་ནས་འབྱུང་བ་གཉིས། །
རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་སྟོན་པར་དབང་ཐོབ་པ། །
ཡེ་ཤེས་རང་སྣང་གི་གངས་རི་དཀར་པོ་ཞིག་ཡིད་ལ་འཁོར་སོང་། །
རི་མགོ་ཁ་བས་གཡོག་ཐེངས་རེར་དུང་མདོག་གི་སྨིན་མའི་འོག་ནས། །
གང་ཞིག་ལ་རྒྱང་གཟིགས་གནང་ཞིང་ཅི་ཞིག་ལ་ཐུགས་གཡེང་གནང་ཡོད། །
རང་ངོ་མི་ཟིན་པའི་ནོར་ནག་སྟོང་གི་རིགས་ཀྱི་བདག་པོ་ཀྱེ། །
བདེན་པ་འཚོ་བའི་སངས་རྒྱས་ཀྱི་ཚོ་བ་ཞིག་ཇག་པས་བཟུང་སོང་། །
བདེན་པ་ལ་རྙིང་བ་མེད་ཀྱང་ཀླ་ཀློ་ལ་ཟིང་ཆ་ཆེ་ཞིང་། །
དྲག་པོ་ལ་གདུག་རྩུབ་ཆེ་བས་བདེན་པའི་ཕུ་ཐག་རིང་ཐལ་སོང་། །
བྱམས་བརྩེའི་ཆེ་ཤེལ་ལས་གཟིགས་པའི་ཐེར་ཆེན་བདུན་ཅུ་དོན་ལྔ་བོ། །
ཤེས་རབ་ཀྱི་ས་བོན་ཅན་ཞེ་གཅིག་ཡིན་པར་ཐེ་ཚོམ་སྐྱེ་ཨང་། །
“རྒྱ་མཚོའི་ངོས་ལས་རྨིད་ཉིས་སྟོང་བརྒལ་བའི་འཁྱག་ཀླུང་ཆེན་པོ་དེ། །
རི་དྭགས་གཅན་གཟན་གྱི་གླིང་ག་ལས་མི་འཚོ་སྡོད་བྱེད་ས་མིན། །”
ཚན་རིག་པས་མིའི་ལུང་བ་ནས་རྒྱང་ཕུད་བཏང་བའི་གངས་དཀར་ལྗོངས། །
ཁྱེད་ཀྱི་བརྩེ་བའི་སྙིམ་པ་རུ་རུམ་ནས་མི་ལོ་ཉིས་སྟོང་བརྒལ། །
རང་ས་ནས་བཙན་ས་མ་ཟིན་པའི་བཙན་བྱོལ་བ་ཁྲི་འབུམ་ཁྲོད། །
རང་དབང་གི་དབང་རྩོད་ཀྱང་ཡོད་པའི་ནོར་ནག་བསོད་ནམས་ཅན་ཚོ། །
ཁྱེད་ཀྱིས་མི་གྲལ་ལ་དེད་ནས་མི་ལོ་དྲུག་ཅུ་བརྒལ་སོང་བས། །
བསམ་མི་ཕོད་པའི་འདུལ་སྦྱོང་གི་གོ་རིམ་དེ་ཅི་འདྲའི་གཟར་ཨང་། །
ཧྥེ་གླིང་བྱེ་ཐང་ན་གཅན་གཟན་གྱི་བྲན་དུ་གྱུར་བ་དག་དང་། །
གདོད་མིའི་མིའི་རིགས་སུ་གྱུར་བའི་དབུལ་ཕུང་གི་མི་རྣམས་མཐོང་ན། །
གཅན་གཟན་དང་ས་རྒོད་འདུལ་སྦྱོང་མཁན་གྱི་མེས་པོའི་བློ་རྩལ་དང་། །
བདག་གི་དྲན་ལྗོངས་ཡངས་པོར་ཁྱེད་ཀྱི་བྱས་པ་ཅི་འདྲའི་མོད་ཨང་། །
མཁས་དབང་གི་ཅོ་པན་ཅན་ཚོས་བསྒྱུར་བའི་འགྱུར་དེབ་རེ་བཀླགས་དུས། །
འགྱུར་རྩོམ་ཞེ་གཅིག་གི་དུམ་ཆེན་སུམ་བརྒྱ་ཐམ་པ་ཡིད་ལ་འཁོར། །
བསྲེགས་བཅད་བརྡར་གསུམ་གྱི་ཡིག་འབྲུ་རེ་རེའི་རྒྱབ་ཀྱི་རྔུལ་ཆུ་དང་། །
བླང་དོར་གསལ་བའི་ཤེས་རབ་ལས་སུ་ཞིག་གི་མཁས་མཛངས་གསལ་ཨང་།
སྣང་ཞིང་སྟོང་ལ་སྟོང་ཞིང་བྱ་བྱེད་ཀྱི་རྣམ་གཞག་གྲུ་མ་བཤིགས། །
རྒྱུ་འབྲས་ཀྱི་བླང་དོར་འཁྲུལ་མེད་དུ་འཇོག་པའི་རིག་པའི་གཞུང་ལུགས། །
ཤེས་རབ་ཅན་རྣམས་བགྲོད་པའི་ལམ་མཆོག་ཐར་འདོད་སྟོང་གི་སྤྱི་ནོར། །
རྟེན་འབྱུང་རིགས་ལམ་གྱི་དགོས་འདོད་གཏེར་ཆེན་གང་དུ་སྦས་ཡོད་ཨང་། །
བདག་གང་དུ་ཡོད་དམ་བདག་ལ་ཐོག་མ་དང་ཐ་མ་ཡོད་དམ། །
དུམ་ཆེན་སུམ་བརྒྱ་བོས་དྲི་བ་འདི་གསུམ་ལ་ལན་བཏབ་ཡོད་པས། །
རང་རྐྱ་བ་དང་རྫས་སུ་གྲུབ་པ་ངོ་བོ་ཉིད་ཀྱིས་གྲུབ་པ། །
གང་དུའང་མ་རྙེད་པའི་བདག་གི་འཛིན་པ་ཇི་འདྲའི་ཉམ་རེ་ཆུང་། །
བདག་གི་ཐོག་མ་བཟོ་བའི་དཀོན་མཆོག་ཅིག་ང་ལ་མི་དགོས་ལ། །
ཐོག་མཐའ་མེད་པའི་བདག་ཤེས་རིག་གི་སྐྱེས་བུའང་ང་ལ་མི་དགོས། །
རྟེན་འབྱུང་རང་དབང་གིས་གསུངས་པར་ལྗགས་ལ་དངོས་གྲུབ་བརྙེས་པའི་ཁྱེད། །
བདག་གིས་བསྐལ་ཆེན་གྲངས་མེད་ལ་བསགས་པའི་བསོད་ནམས་ལས་རྙེད་ཡོད། །
མི་རུ་སྐྱེས་ཀྱང་བོད་པར་མ་སྐྱེས་བོད་ལུས་ཙམ་བླངས་ན་ཡང་། །
བོད་ཀྱི་ཆེ་བ་མ་མཐོང་བའི་ལས་ཀྱི་བརྩེ་བའི་སྤུན་ཟླ་ཚོས། །
ང་ཚོ་རྗེས་ལུས་དང་ཀླ་ཀློ་ཞེས་གནམ་ལ་ངུ་འབོད་བྱེད་དུས། །
ངས་ཁྱེད་ཀྱི་ཆོས་སྒྲ་ལ་ཉན་ཞིང་ཟད་མེད་ཀྱི་བདེ་བས་མྱོས། །
སྐྱེས་བུ་དམ་པ་ལ་བརྟེན་ནས་ཁེ་ཕན་དང་མཚན་གྲགས་འཚོལ་མཁན། །
དྲིན་གཟོའི་རིགས་ཆད་ཀྱི་ནང་བ་ཞིག་ལས་མགོ་བོ་གས་ཀྱང་བླ། །
ཁྱེད་ལ་ཤོ་ལོ་ཀ་གཅིག་ཕུལ་ནས་འདུ་བྱེད་དོར་ན་འགྲིག་པས། །
རིགས་ཀྱི་བླ་དང་དྲིན་གྱི་ཁྲག་མེད་མཁན་རྣམས་ཡ་ང་བ་ལ། །
སྔོན་ཐོན་དང་ཤེས་རིག་ཅན་དུ་གྲགས་པའི་ནུབ་ཕྱོགས་པ་རྣམས་ཀྱང་། །
རང་སེམས་ཀྱི་ཚོར་ཡན་རེས་གདུང་བར་བྱེད་ཅིང་སྨྱོ་བར་བྱེད་ལ། །
འབད་སྦྱངས་ཀྱི་ཤེས་རབ་རྣོན་པོ་ཧམ་སེམས་ཀྱི་དབང་ལ་གྱུར་དུས། །
བཟོད་བརྩེའི་སྙིང་བོ་ཅན་གྱི་ཤེས་རབ་ཀྱི་ལྷ་མཆོག་ཁྱེད་དྲན་ཨང་། །
ཀྱེ་ང་ཡི་གངས་རི་སྐྱེ་བ་ཐོག་མེད་ནས་བྱམས་པས་སེམས་བསྐྱེད། །
ལན་གྲངས་སྟོང་ཕྲག་ལ་ཁ་བ་ཅན་གྱི་རྗེ་དང་མགོན་དུ་བྱོན། །
རྒྱལ་བོའི་ཚུལ་དང་བློན་པོའི་ཚུལ་བླ་མའི་ཚུལ་དང་བཤེས་ཀྱི་ཚུལ། །
ཐབས་ཚུལ་མཐའ་ཡས་པས་གཅེས་པར་བསྐྱངས་པའི་ཁ་བ་ཅན་གང་དུ། །
བོད་ལྭའི་ཁུད་ཀྱི་རྒྱ་བྱིས་ཚོས་བོད་སྐད་ལྷང་ལྷང་རྒྱ་གཤིས་ངོམ། །
བོད་མིང་ཐོགས་པའི་དབྱིན་ཕྲུག་ཚོས་བོད་སྐད་ཀྱང་ཁྲོལ་གྱི་མི་འདུག །
གཟན་ཤམ་ཐབ་འོག་ནས་ཆབ་སྲིད་ཀྱི་ཇུས་བཤམས་པའི་གྲྭ་པ་ཚོས། །
ཆོས་ཚུལ་དང་ཆོལ་ཁ་ནོར་ཞིང་ལུང་རིགས་དང་ལུང་ཚན་བརྗེས་སོང་། །
བོད་རིག་པའི་མིང་བྱང་ཁུར་བའི་མཁས་པ་སྙན་གྲགས་ཅན་ཚོས་ཀྱང་། །
རང་དབང་ལུང་བར་ངག་བཅད་ལ་བཞུགས་ཤིང་རྒྱའི་དཔར་ཁང་དག་ནས།
གསུང་འབུམ་གྱི་བམ་ཁ་བརྩེགས་ཏེ་རྒྱ་ནག་གི་སློབ་ཆེན་སོ་སོར། །
མཁས་པའི་རྐུབ་སྟེགས་བརྩད་ནས་གཏམ་བཤད་ཀྱི་འགྲན་བསྡུར་བྱེད་ཀྱིན་འདུག
དམར་དྲི་ཅན་གྱི་གཟན་ལ་འཁོར་གྱིན་རིག་གཞུང་གླེང་མཁན་ཚོ་ནི། །
རིག་གཞུང་ཞིབ་འཇུག་གི་ལས་འབྲས་དང་འགལ་བས་སྙིང་རེ་རྗེ་ལ། །
ལོག་བཤད་དར་སྤེལ་ལ་གཞོལ་བས་ཞེ་སྤོ་ཞེ་རུ་རྣག་ན་ཡང་། །
ང་ལ་ཡེ་ཤེས་རང་སྣང་གི་གངས་རི་ཡོད་པས་ཅི་ལ་སྐྱོ། །
རིགས་ཀྱི་མདའ་གཞུ་ཐོགས་པའི་དཔའ་རྒོད་རེ་རེ་བཞིན་མེ་ལ་འབར། །
ཤེས་བྱའི་གཤོག་རྩལ་རྒྱས་པའི་མཁས་པ་རེ་རེ་བཞིན་བཙོན་ལ་བཅུག །
རྒྱ་ནག་གི་དཔལ་འབྱོར་ཉམས་གསོའི་ཐབས་ཚུལ་བོད་ཁུལ་ལ་ཕྱོགས་ནས། །
འབྲོག་ལས་བཟོ་ལས་ཅན་དུ་བསྒྱུར་བའི་ཇུས་གཞི་ཁད་ཀྱིས་སླེབས་སོང་། །
བོད་ཆོས་ལྡན་གྱི་ཞིང་ཁམས་འཚེ་མེད་ཞི་བའི་བསྟི་གནས་ཤིག་ལས། །
མཚམས་མེད་ཀྱི་འཚེ་བའི་བཟོ་གྲྭ་ཆེན་པོ་ཞིག་ལ་འགྱུར་སྲིད་པས། །
འཕགས་པའི་སྨོན་ལམ་ལས་འཁྲུངས་པའི་ཆོས་ཀྱི་ཞིང་ཁམས་རྒུད་ཀྱིན་འདུག
ང་ཚེར་མ་ཅན་གྱི་བསམ་གཞིག་དང་ཞེད་སྣང་གི་མལ་དུ་ཡོད། །
སྤྱི་ལོ་༢༠༢༢ ལོའི་ཟླ་ ༠༡ ཚེས་ ༢༧ ཉིན།