རེབ་གོང་རིག་འཛིན།
ངས་ངོ་དེབ་བེད་སྤྱོད་བྱས་ནས་རིང་པོ་འགོར་མེད། ཁ་སང་ངས་ངོ་དེབ་ནས་དགེ་རྒན་བླ་མ་སྐྱབས་ཀྱི་པར་ཞིག་མཐོང་སོང་། ད་ནི་ཁོང་རྒས་འདུག དེ་དུས་ཀྱི་ཁོང་ནི་སོང་ན་ཉམས་ཆེ་བ། བསྡད་ན་བརྗིད་ཆེ་བའི་གསར་རྒོད་ཅིག་རེད། ང་ཚོ་དེ་དུས་ན་གཞོན་རེད། ཡིད་སྨོན་འདྲ་ཞིག་འཆོར་གི་ཡོད། ཨོ། དེ་ནི་སྤྱི་ལོ་ 1983 ནས་ 1989 བར་རེད།དེ་དུས་ཀྱི་དགེ་རྒན་ཚོས་སློབ་མ་ཚོ་གཅུན་སྟངས་ནི་དེང་སང་དང་རྦད་དེ་ལོགས་ཀ་རེད། སློབ་སྦྱོང་མ་བྱས་ན་འབྱོངས་པ་སྟེར་གི་རེད། དེ་ནི་དགེ་རྒན་མང་ཆེ་བའི་རྒྱུན་ལྡན་གྱི་བྱེད་སྟངས་ཤིག་རེད། དེ་ནི་དགེ་རྒན་ཚོའི་ཤ་ཚ་ཞིག་ཀྱང་རེད་ཅེས་བརྗོད་ཆོག སྐབས་དེར་མཚོན་ན། ཕ་མ་ཚོས་ཀྱང་། འགྲོ་འདུག་སྤྱོད་གསུམ་དང་སློབ་སྦྱོང་དང་བཅས་པ་དགེ་རྒན་ལ་བཅོལ་ནས་འབྱོངས་པ་སྟེར་རོགས་ཞེས་དབང་ཆ་ཚང་མ་དགེ་རྒན་ལ་འབུལ། དགེ་རྒན་ཚོས་འབྱོངས་པ་སྟེར་བའི་རྒྱུ་མཚན་གཅིག་འདི་རེད། འབྱོངས་པ་སྟེར་སྟངས་རྣམ་པ་སྣ་ཚོགས་རེད། སློབ་སྦྱོང་མ་བྱས་ན་འབྱོངས་པ་སྟེར་བ་ནི་དགེ་རྒན་ཕལ་ཆེ་བའི་བྱེད་སྟངས་ཤིག་རེད།
དགེ་རྒན་བླ་མ་སྐྱབས་ཀྱིས་འབྱོངས་པ་གཞན་ཡང་སྟེར་གི་རེད། ནམ་སྟེར་ཤེས་ཀི་མ་རེད། དཔེར་ན། འགྲོ་སྟངས་མ་འགྲིག་ན་འབྱོངས་པ་སྟེར་ལ། སྡོད་སྟངས་མ་འགྲིག་ནའང་འབྱོངས་པ་སྟེར་གི་རེད། བརྗེད་དཀའ་བ་ཞིག་ལ། མི་རིགས་ཀྱི་ལ་རྒྱ་དགོས་པ་རེད། མི་རིགས་ཀྱི་རྣ་འཇོག་དགོས་པ་རེད། མི་རིགས་ཀྱི་ང་རྒྱལ་དགོས་པ་རེད་ཅེས་འབྱོངས་པ་སྟེར་གི་རེད། རྣ་མཆོག་གིས་འཐེན་གི་རེད། ཟ་ཀོང་གི་སྤུ་གྱེན་འདེད་བྱེད་ཀི་རེད། འདི་ནི་སློབ་རའི་ནང་གི་སྒྲིག་ལམ་གང་ཡང་མ་རེད། གཅིག་ཐང་ན། སློབ་རའི་སྒྲིག་ལམ་དང་འགལ་བ་ཆགས་ཡོད་སྲིད། ཡིན་ནའང་། དགེ་རྒན་ཁོང་གིས་མུ་མཐུད་ནས་འབྱོངས་པ་སྟེར་གི་ཡོད།
དེ་དུས་རེབ་གོང་མི་རིགས་སློབ་འབྲིང་ན་དགེ་རྒན་ཁོང་དང་ད་དུང་འབྱོངས་པ་འདི་འདྲ་སྟེར་མཁན་གྱི་དགེ་རྒན་གཞན་དགེ་རྒན་སྣ་རི་པིན་སོགས་རེ་གཉིས་ཤིག་ཀྱང་ཡོད། སྐབས་ཤིག ང་ཚོས་སློབ་མའི་ཡར་ཡངས་ཤིག་བྱས་པ་རེད། མི་རིགས་སློབ་འབྲིང་ནས་རེབ་གོང་རྫོང་མི་དམངས་སྲིད་གཞུང་དང་། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་བར་ཁྲོམ་སྐོར་བྱས། རྗེས་ནས་གོ་ཐོས་ལྟར་ན། སྐབས་དེའི་སློབ་མའི་ཡར་ལངས་དེ་བཀོད་སྒྲིག་བྱེད་མཁན་དགེ་རྒན་འགའ་ཡོད་སྐད་དེའི་ནང་གི་གཙོ་བོ་དེ་ནི་དགེ་རྒན་བླ་མ་སྐྱབས་ཡིན་འདུག མི་རིགས་ཀྱི་ལ་རྒྱ་དགོས་པར་སྐུལ་ནས་འབྱོངས་པ་སྟེར་མཁན་ཁོང་གིས་སློབ་མའི་ཡར་ལངས་དེའི་སྣེ་ཁྲིད་པ་རེད། འདི་ལྟར། སློབ་གྲྭ་ནས་གྲོང་སྡེ། དགོན་པ་སོགས་སུ་སློབ་མའི་ཡར་ལངས་ཀྱི་སྐོར་གླེང་བར་གྱུར། དེ་དང་ཆབས་ཅིག་འབྱོངས་པ་སྟེར་མཁན་ཁོང་ཡང་གྲགས་པར་གྱུར།
དེ་དུས་ཀྱི་ཁོང་ཚོའི་ཤུགས་རྐྱེན་ནི། ཁུལ་དགེ་ཐོན་སློབ་གྲྭའི་སློབ་མ་དང་ཁུལ་འཕྲོད་བསྟེན་སློབ་གྲྭའི་སློབ་མའི་ནང་ལའང་ཡོད་པ་ཞིག་རེད། དེ་སྔ་རེབ་གོང་ས་ཁུལ་གྱི་བོད་རིགས་སློབ་འབྲིང་དང་རྨ་ལྷོ་ཁུལ་གྱི་དགེ་ཐོན་སློབ་གྲྭ་སོགས་ཀྱི་ལས་འགུལ་གྱི་སྣེ་ཁྲིད་བྱེད་མྱོང་མཁན་སློབ་ཟུར་ཞིག་རྒྱ་གར་དུ་འབྱོར་སོང་བ་ཁོང་གིས་བཤད་སྟངས་ལྟར་ན། དགེ་རྒན་བླ་མ་སྐྱབས་མྱི་ངར་ཞིག་ཡིན། བུ་ངར་ཞིག་ཡིན། སློབ་མའི་ངོ་རྒོལ་གྱི་མགོ་མཇུག་བར་གསུམ་བཀོད་སྒྲིག་དཔེར་ན། སློབ་རའི་ནང་ནས་སྐད་འབོད་བྱེད་སྟངས། ཁྲོམ་སྐོར་ལ་འགྲོ་སྟངས། རྫོང་དང་ཁུལ་རིམ་པའི་ལས་ཁུངས་མདུན་ནས་སྐད་འབོད་བྱེད་སྟངས། དཔོན་པོ་ཚོའི་མཉམ་རྩོད་གླེང་བྱེད་སྟངས་སོགས་ལ་དགེ་རྒན་བླ་མ་སྐྱབས་གཙོ་བོར་བྱས་པའི་དགེ་རྒན་འགའ་ཡིས་དམིགས་བསལ་གྱིས་བཀོད་འདོམས་དང་མཉམ་ཞུགས་བྱས་ཡོད་པ་རེད་འདུག
དུས་རབས་སྔ་མའི་ལོ་རབས་དགུ་བཅུའི་སྨད་ཙམ་ལ། དགེ་རྒན་བླ་མ་སྐྱབས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། རྡ་རམ་ས་ལའི་རེབ་གོང་གི་མྱི་རྐྱང་ཚོས་མཚམས་རེར་ཆབ་སྲིད་གླེང་། མཚམས་རེར་རིག་གནས་གླེང་། སྐབས་སྐབས་ལ་གླེང་མོལ་སྣ་ཚོགས་པ་བྱེད། ཡིན་ནའང་། ཁོང་ཚོའི་མཉམ་འཛོམས་དེ་ཚོའི་སྐབས་ལ་དགེ་རྒན་བླ་མ་སྐྱབས་ཕལ་ཆེར་ཚུད་ཀྱི་མེད། དེ་ནི། དགེ་རྒན་བླ་མ་སྐྱབས་ནི་སྐབས་དེའི་ཁོང་ཚོའི་གླེང་གཞིའི་གྲས་ཀྱི་གཅིག་ཡིན་པས་རེད། གལ་སྲིད། མྱི་རྐྱང་བཞི་ལྔ་ཞིག་འཛོམས་ནས་ཅི་ཞིག་གླེང་བཞིན་པའི་སྐབས་དགེ་རྒན་བླ་མ་སྐྱབས་འབྱོར་བའི་དབང་དུ་བཏང་ན། དེའི་ནང་གི་མི་གཉིས་ནས་གསུམ་གྱི་སྨྲ་ལྕེ་ལྐུགས་འགྲོ་བ་རེད། གང་ལ་ཟེར་ན། ཁོང་གི་སློབ་མ་བྱས་མྱོང་ནའང་འདྲ་མ་མྱོང་ནའང་འདྲ། སློབ་མའི་གནས་སྐབས་སུ་ཁོང་གིོས་འབྱོངས་པ་བྱིན་མྱོང་བ་ཞིག་ཡིན་ན། ད་དུང་ཡང་ཁོང་ནི་འབྱོངས་པ་དེ་སྟེར་མཁན་དང་། མྱི་རྐྱང་གླག་འདྲ་བ་དེ་ཚོ་ནི་འབྱོངས་པ་གཟེད་མཁན་གྱི་སྔོན་མའི་སེམས་ཁམས་ཅན་ཆགས་འགྲོ་བ་རེད། དེ་རིང་ག་ཤེད་ཅིག་ནས་དགེ་རྒན་བླ་མ་སྐྱབས་དང་འཕྲད་སོང་། མཐོང་བ་དང་ཡེར་སེར་བཏང་སོང་བ་འདྲ་ཞིག་བྱུང་ཟེར་ནས་རང་ཉིད་ཅིག་ནས་ཐར་སོང་བ་ལྟ་བུར་བཤད།
མྱི་རྐྱང་ཚོས་དགེ་རྒན་བླ་མ་སྐྱབས་གླེང་སྐབས། གཙོ་བོ་འབྱོངས་པ་སྟེར་སྟངས་དེ་གླེང་བར་བྱེད། ཁོང་ཚོས་རྡ་ས་ནས་དགེ་རྒན་བླ་མ་སྐྱབས་མཐོང་ན། དུ་བ་འཐེན་མི་ཐུབ། ཕལ་ཆེར་བྲོས་ནས་འགྲོ་བ་ནི་བྱེད་ཀྱི་མེད་ཚོད་ཙམ་ལས། དུ་བ་ལག་པར་ཡོད་ན་མྱུར་དུ་ས་ལ་གཡུགས་པ། ཡང་ན། ཁུག་མའི་ནང་ནས་མེ་གསོད་ཐབས་བྱེད། ད་དུང་རང་རང་གི་ལྭ་བ་གྱོན་སྟངས་ཏག་ཏག་ཡིན་མིན་བཅས་ལ་རང་བཞིན་གྱིས་བལྟ་དགོས་པ་ཞིག་ཆགས་ཀི་ཡོད་རབས་གླེང་། དེ་ནི་དགེ་རྒན་ཁོང་གི་རེབ་གོང་ནས་འབྱོངས་པ་བྱིན་པའི་ཤུགས་རྐྱེན་ནམ་ཚོར་སྣང་གསོན་པོ་རེ་ད་དུང་ཡང་ཁོང་ཚོའི་སེམས་ཁམས་ན་གནས་པས་རེད།
དེ་དུས་དགེ་རྒན་བླ་མ་སྐྱབས་ཀྱིས་ང་ཚོར་འབྱོངས་པ་བྱིན་པ་རེད། གཙོ་བོ་སློབ་སྦྱོང་དམ་འཛིན་རེད། དེ་ནས་མི་རིགས་ཀྱི་ལ་རྒྱ་མི་འདུག་ཅེས་འབྱོངས་པ་སྟེར་གི་རེད། རྗེས་ཤིག་ལ་རྒྱལ་ཁབ་ཀྱི་ཉེན་རྟོག་པས་དགེ་རྒན་བླ་མ་སྐྱབས་འཛིན་བཟུང་བྱས་ནས་འབྱོངས་པ་བྱིན་ཡོད་པ་རེད། ཁོང་གི་ནག་ཉེས་ནི། རྒྱལ་ཁབ་ཀྱི་སློབ་གསོ་ལས་ལོག་པའི་སློབ་གསོ་བརྒྱབ་པའི་ཉེས་མིང་འོག་ནས། དགེ་གྲོགས་མང་པོ་དཔུང་སྒྲིལ་བྱས་པ། སློབ་མ་ལ་སློབ་དེབ་ལས་བརྒལ་བའི་བོིད་ཀྱི་རྒྱལ་རབས་ལོ་རྒྱུས་སློབ་ཁྲིད་བྱས་པ། སློབ་མ་ལ་ཤ་ཚ་བྱས་པ། མི་རིགས་ཀྱི་ལ་རྒྱ་གླེང་ཞིང་སྐུལ་སློང་བྱས་པ་སོགས་ནི་ཁོང་གི་བྱས་ཉེས་ཆགས་ཏེ་འབྱོངས་པ་རག་ཡོད་པ་རེད། སྐབས་དེའི་ང་ཚོ་ནི་སློབ་མ་རེད། དགེ་རྒན་བླ་མ་སྐྱབས་ལ་འབྱོངས་པ་སྟེར་མཁན་ཞིག་ཡོད་སྣང་རྩ་བ་ནས་ཡོད་པ་མ་རེད།
ད་ནི་ང་ཚོའི་དགེ་རྒན་ཁོང་ཏོག་ཙམ་རྒས་འདུག ཡིན་ནའང་། ཁོང་གི་མི་རིགས་ཀྱི་ལ་རྒྱ་དང་། མི་རིགས་ཀྱི་སྤོབས་པ་ལ་རྒས་ཉམས་རྩ་བ་ནས་མེད། ཁོང་རྡ་རམ་ས་ལ་ནས་ཨ་རིར་མ་ཕེབས་སྔོན་ལ། ཕལ་ཆེར་ཁོང་གི་སློབ་མ་དང་། ཡང་ན། ཁོང་གིས་འབྱོངས་པ་བྱིན་མྱོང་བའི་སློབ་མ་ཚོ། ཡང་ན། ཁོང་གིས་དེ་སྔ་དགེ་རྒན་བྱེད་སའི་ཁོར་ཡུག་ནས་མཐོང་མྱོང་བ་ཚོར་ཆེད་མངགས་ཐུག་འཕྲད་ཅིག་བྱས་ཡོད་ཚོད་ཡིན།
ང་རང་སྣང་མེད་ཀྱིས་བསྡད་ཡོད་པའི་སྐབས་ཤིག་ལ། དགེ་རྒན་བླ་མ་སྐྱབས་ཕེབས་སོང་། དེ་ནི་ཁོ་རང་རྡ་ས་ནས་ཨ་རིར་ཕེབས་ལ་ཉེ་བའི་སྐབས་ཀྱི་ཉིན་ཞིག་རེད། དེ་དུས་ཀྱི་ང་ནི་སེམས་པ་འཚབ་ནས་ཅི་ཞིག་བྱེད་དགོས་པ་མི་ཤེས་པ་ལྟ་བུར་གྱུར། ཁོང་གི་སྒམ་ཚུགས་དེ་ནི་སྔ་མོའི་སྒམ་ཚུགས་དེ་ག་རང་དུ་འདུག ཕལ་ཆེར་ཆུ་ཚོད་གཅིག་ཡས་མས་ཤིག་ལ་གླེང་མོལ་བྱས། ནང་གཏམ་མང་པོ་ཞིག་གླེང་།
མི་རིགས་ཀྱི་ལ་རྒྱ་དགོས་པ་རེད། མི་རིགས་ཀྱི་སྤོབས་པ་དགོས་པ་རེད་ཅེས་འབྱོངས་པ་སྟེར་མཁན་གྱི་དགེ་རྒན་ཁོང་ནི། དེང་སང་ཁོང་གི་སློབ་མ་ཚོས་སློབ་མའི་དུས་སྐབས་གླེང་དུས་ཀྱི་བརྗོད་གཞི་དམིགས་བསལ་བ་ཞིག་ཆགས་ཡོད། ཡིན་ནའང་། ང་ཚོས་ཁོང་གིས་སྒྲུབ་གནང་བའི་ལས་དོན་གྱི་ཆ་ཤས་རེ་ལས་མི་ཤེས། ཁོང་ཟི་ལིང་ན་ཡོད་སྐབས། ཁོང་དང་འདྲ་བ་བཅུ་གྲངས་ཤིག་འཛིན་བཟུང་བྱས་པ་གོ་མྱོང་ཡང་། ཅི་དང་གང་གི་དོན་དུ་ཡིན་པ་སོགས་ང་ཚོས་ཤེས་ཀྱི་མེད།
དེར་བརྟེན། ང་ཚོས་དགེ་རྒན་ཁོང་གིས་ཁོང་གི་ལོ་རྒྱུས་དེབ་ཅིག་འབྲི་བར་རེ་བ་བྱེད་ཀྱིན་ཡོད། དེ་ནི། ལོ་རྒྱུས་ཀྱི་དྲན་པ་ཞིག་གི་ཆེད་དང་། ཁོང་དང་ཁོང་དང་འདྲ་བའི་དགེ་རྒན་ཚོ་དྲན་གསོ་ཡོང་ཆེད་དུ་ཡིན། ཁོང་ཚོའི་བྱས་རྗེས་རྣམས་ལོ་རྒྱུས་ཀྱི་ཡིག་ཚང་ནང་གནས་ཆེད་ཡིན།
སྐབས་དེའི་བོད་དགེ་མང་ཆེ་བའི་གཤིས་ཀ་དེ་འདྲ་རང་རེད། སྐྱེས་དམན་ལ་སྟེར་རྒྱུའི་འབྱོངས་པ་དེའང་སློབ་མ་སྟེར་གི་ཡོད་རེད། ཁ་གཡོར་ས་ནི་མི་རིགས་ཀྱི་ལ་རྒྱ་དང་སློབ་གྲའི་སྒྲིག་ལམ་སོགས་ཡིན་པ་རེད།
རེབ་གོང་རིག་འཛིན་ལགས། དངོས་ནས་ཡག་པོ་བྲིས་འདུག བཀའ་དྲིན་ཆེ། ཁྱེད་ཀྱི་དགེ་རྒན་འདི་དངོས་ནས་དེང་རབས་བོད་ཀྱི་ལོ་རྒྱུས་ནས་འཁོད་རིན་ཡོད་པའི་མི་ཞིག་ཡིན།