ཚེ་བརྟན་བཀྲ་ཤིས།
ཉིན་དེར་གནམ་གཤིས་དྭངས་བས་མཆོད་རྟེན་བྱ་རུང་ཁ་ཤོར་ལ་སྐོར་རར་ཕྱིན། ལམ་དུ་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་བོད་ཡིག་དགེ་རྒན་ལྷག་པ་ལགས་ནས་ཁ་པར་འབྱོར་ཏེ་དུས་ཁོམ་ཡོད་ན་མཉམ་དུ་ཁ་ལག་བཟའ་བར་འགྲོ་ཟེར། ཁོང་ནི་དེ་སྔོན་ས་རཱ་བོད་ཀྱི་མཐོ་རིམ་གཉེར་ཁང་ནས་སློབ་མཐར་ཕྱིན་པ་དང་། དེ་རྗེས་རྣམ་རྒྱལ་མཐོ་སློབ་ཏུ་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་ནས་ཡུན་རིང་སོང་བའི་དགེ་རྒན་རྙིང་གྲས་ཤིག་རེད། ཁོང་ལ་ཁས་ལེན་གྱིས་ཕྱི་ཉིན་མཆོད་རྟེན་མདུན་སྒོར་ཐུག་རྒྱུར་ཁས་བླངས། ཁ་ཆད་བྱས་པ་ལྟར་ཕྱི་ཉིན་དེར་མཆོད་རྟེན་མདུན་སྒོར་ཐུག་མཚམས་གློའི་ཟ་ཁང་ཞིག་ཏུ་བལ་པོའི་ཁ་ལག་བཟའ་བར་མཉམ་དུ་བསྐྱོད། ཟ་ཁང་དེར་ཁ་ལག་ཟ་ཞོར་སྔ་རྒྱུས་ད་རྒྱུས་སྣ་ཚོགས་གླེང་ནས་ཡུན་རིང་བསྡད།
དེ་ནས་ཐོན་ཁར་ཁོང་གི་འཛིན་གྲྭའི་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་གི་གལ་གནད་སྐོར་ལ་སྐད་ཆ་ཐུང་ཙམ་ཞིག་ཤོད་ཅེས་བརྗོད་པས། འདས་པའི་མི་ལོ་བཅུ་གཅིག་ཙམ་གྱི་རིང་རང་ངོས་ནས་ཐད་ཀར་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ཐོག་དོ་སྣང་གང་ཡང་མ་བྱས་སྟབས། འདི་འདྲ་ཞིག་བཤད་ན་ཕན་ཆེ་སྙམ་པ་གང་ཡང་སེམས་ལ་མ་ཤར་བ་མ་ཟད། ཁོང་གི་སློབ་ཕྲུག་ཁྲོད་བལ་ཡུལ་མཐའ་མཚམས་
ཁུལ་ནས་ཡིན་པའི་ཧི་མ་ལ་ཡའི་བོད་རིགས་ཀྱང་མང་དུ་ཡོད་པར་བརྟེན་དེ་བས་བསམ་གཞིགས་དགོས་པ་ཆགས། འོན་ཀྱང་ཁོང་གིས་རང་མི་རིགས་ཀྱི་སྐད་ཡིག་ལ་བཅངས་པའི་ལྷག་བསམ་དེར་རྒྱབ་སྐྱོར་མཚོན་ཕྱིར་དང་། རང་ཡང་མཐོ་སློབ་དེ་མཐོང་འདོད་པས་གཤམ་གྱི་རྩོམ་ཡིག་འདི་ཁོང་གི་སློབ་ཕྲུག་ཚོར་གྲ་སྒྲིག་ཞུས།
རྣམ་ཀུན་སྐད་ཡིག་གི་གལ་གནད་གླེང་ཚེ་སྐད་ཡིག་གང་ལ་དབང་སའི་མི་རིགས་དེ་མ་གླེང་ཐབས་མེད་བྱེད་ཅིང་། དེའི་རྒྱུ་མཚན་ནི་མི་རིགས་གང་དེ་གྲངས་མང་མི་རིགས་ཁོངས་སུ་མངོན་མེད་སིམ་ཡལ་དུ་མི་འགྱུར་བ་དང་། རང་བཞིན་རྩ་བརླག་ཏུ་མི་འགྲོ་བའི་དོན་དུ་སྐད་ཡིག་དེ་སྲུང་སྐྱོབ་དགོས་པར་ནན་བརྗོད་བྱེད། དེ་ནི་སྐད་ཡིག་སྲུང་སྐྱོབ་དགོས་པའི་སྤྱི་ཡོངས་ཀྱི་རྒྱུ་མཚན་ཞིག་ཀྱང་རེད། མཐར་གཏུགས་ན་སྐད་ཡིག་སྲུང་སྐྱོབ་ཅེས་པ་མི་རིགས་དེ་མ་བརླག་པའི་དོན་དུ་ཡིན་པས། དེ་ནི་ཆབ་སྲིད་འཐབ་རྕོད་ཀྱི་ལྟ་བའི་ཆ་ནས་འགྲེལ་ཚུལ་ཞིག་ཀྱང་ཡིན་ངེས།
འོ་ན་མི་རིགས་དེ་བརླག་ན་གང་ཡོད་དམ་ཞེས་དྲིས་ཚེ་འགའ་ཞིག་རྒྱུ་མཚན་བགྲང་རྒྱུ་མེད་པར། ཁོང་ཁྲོས་མུར་རྫོག་ཀྱང་བསྒོང་སྲིད་མོད། བསམ་བློ་ཞིབ་ཏུ་བཏང་ན། མི་རིགས་གང་དེར་འཛམ་གླིང་སྐྱེ་འགྲོ་སྤྱི་བྱེའི་ཕན་བདེའི་གསོས་སུ་འགྱུར་ངེས་པའི་ལེགས་བྱང་ཞིག་མེད་ཚེ། དེ་ལྟ་བུའི་མི་རིགས་དེ་མི་གནས་ཀྱང་གནད་འགག་མེད་ཅིང་། དེ་ལྟ་བུའི་མི་རིགས་དེ་རྒྱུན་གནས་ཡོང་ཕྱིར་གང་དེའི་སྐད་ཡིག་སྲུང་སྐྱོབ་དགོས་གལ་ཡང་དེ་ཙམ་མ་མཆིས་སྙམ།
སྐད་ཡིག་སྲུང་སྐྱོབ་ཀྱི་རིན་ཐང་ཞེས་པ་ཡང་མི་རིགས་དེ་དང་དེའི་རིག་གཞུང་གི་སྟེང་ན་ཡོད་ལ། མི་རིགས་དེ་དང་དེའི་རིན་ཐང་ཡང་མི་རིགས་གང་དེའི་རིག་གཞུང་གི་སྟེང་ན་ཡོད། དེ་ལྟ་བུའི་རིག་གཞུང་དེ་ཉམས་ན་མི་རིགས་དང་སྐད་ཡིག་ཡོད་པ་ཙམ་ལ་ཧ་ལས་དགོས་དོན་གང་ཡང་མེད། དོན་དེར་དགོངས་ནས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཀྱང་དེ་སྔོན་འདི་འདྲ་ཞིག་གསུངས་ཡོད་དེ། “བོད་མི་རིགས་ཀྱི་རིག་གཞུང་འདི་གནས་ན་བོད་མི་རིགས་ཞེས་པ་གོ་ལ་འདི་ནས་རྩ་གཏོང་དུ་སོང་ཡང་སྐྱོན་མེད།”ཅེས་དོན་ལ་དེ་འདྲ་ཞིག་གསུངས་ཡོད། བཀའ་སློབ་འདིའི་དགོངས་དོན་ནི། བོད་མི་རིགས་ལ་རིན་ཐང་ཞིག་ཡོད་པ་དེ་ནི་བོད་ཀྱི་རིག་གཞུང་གི་སྟེང་ན་ཡོད་ཅིང་། གལ་ཏེ་རིག་གཞུང་འདི་གནས་ན་བོད་མི་རིགས་ཞེས་པ་མི་གནས་ཀྱང་རིག་གཞུང་དེས་མུ་མཐུད་སྐྱེ་འགྲོ་སྤྱི་བྱེར་ཕན་བདེ་བསྐྲུན་ངེས་པ་དང་། བོད་མི་རིགས་གནས་ཀྱང་བོད་ཀྱི་རིག་གཞུང་དེ་མི་གནས་ན། བོད་མི་རིགས་གནས་ཀྱང་དགོས་པ་དེ་ཙམ་མེད་ཅེས་པའི་དོན་རེད།
གནད་དོན་འདིའི་ཐོག་ནས་གང་ཞིག་གོ་ཐུབ་བམ་ཞེ་ན། དེ་ནི་མི་རིགས་དེའི་རིན་ཐང་ནི་མི་རིགས་ཡོད་པ་ཙམ་ལ་གོ་མི་རུང་བར་མི་རིགས་དེ་དང་དེའི་རིག་གཞུང་གིས་སྐྱེ་འགྲོ་སྤྱི་བྱེར་ཕན་བདེ་ཇི་ཙམ་འདྲེན་ཐུབ་མིན་གྱི་སྟེང་ནས་མི་རིགས་དེའི་རིན་ཐང་གི་ཚད་འཇལ་བྱེད་པ་ཤེས་ཐུབ་པས། སྐད་ཡིག་སྲུང་སྐྱོབ་དགོས་གལ་ཆེ་མིན་ཡང་མི་རིགས་དེའི་རིན་ཐང་གི་སྟེང་ནས་གླེང་དགོས་པ་དང་། མི་རིགས་དེའི་རིན་ཐང་ཡང་མི་རིགས་གང་དེའི་རིག་གཞུང་གི་ཆ་ནས་གླེང་དགོས་པ་ཆགས་ཡོད། དེས་ན་མི་རིགས་ཡོད་པ་ཙམ་སྒྲུབ་བྱེད་དུ་བྱས་ཏེ་སྐད་ཡིག་སྲུང་སྐྱོབ་དགོས་ཚུལ་བརྗོད་ན་དེ་ནི་གཏིང་ཟབ་པའི་རྒྱུ་མཚན་གང་ཡང་ཆགས་མེད།
འོ་ན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་གལ་ཆེའམ་ཞེ་ན། གོང་དུ་བརྗོད་པ་བཞིན་སྐད་ཡིག་གི་རིན་ཐང་དེ་སྐད་ཡིག་གང་དེའི་ཕྲེང་བར་བརྒྱུས་པའི་རིག་གཞུང་གི་ཆ་ནས་འཇོག་པས། བོད་ཀྱི་རིག་གཞུང་འདི་སྐྱེ་འགྲོ་སྤྱི་བྱེའི་ཕན་བདེའི་གཞི་མར་གྱུར་ཡོད་པ་དངོས་ཡོད་ཚན་རིག་ལམ་ནས་དཔྱད་འབྲས་རྙེད་པ་ཞིག་ཡིན་པས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་པ་རང་བཞིན་གྱིས་ཆགས་ཡོད། བོད་ཀྱི་རིག་གཞུང་འདི་ནི་བོད་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་བརྒྱུད་ཡོངས་ལ་ཁྱབ་པ་ཞིག་ཡིན་པས། ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་བོད་རིགས་ཚོས་ཀྱང་རང་གི་ཕ་མེས་རིག་གཞུང་གི་རྩ་བར་གནས་པའི་བོད་སྐད་དང་བོད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དགོས་པ་གལ་གནད་ཆགས་ཡོད།
བོད་ཀྱི་རིག་གཞུང་ཞེས་གླེང་དུས་བརྗོད་གཞི་ཧ་ཅང་རྒྱ་ཆེ་མོད་ཉིན་རེའི་འཚོ་བའི་དགོས་མཁོ་དང་བསྟུན་ནས་བཤད་ན། ནང་ཆོས་ཀྱི་སྙིང་པར་གྱུར་པའི་བྱམས་སྙིང་རྗེ་དང་། འདོད་ཆུང་ཆོག་ཤེས། ལས་འབྲས། འཆི་བ་མི་རྟག་པ། རྟེན་འབྲེལ་གྱི་ལྟ་བ་འདི་དག་རེད། འདི་དག་ནི་བོད་ཀྱི་རིག་གཞུང་སྤྱིར་དོ་དབྱིངས་དེ་ཙམ་མེད་མཁན་ཞིག་ཡིན་ཀྱང་། ཉིན་རེའི་འཚོ་བའི་ནང་མེད་ཐབས་མེད་པ་ཤ་སྟག་ཆགས་ཡོད། ཆོས་ཀྱི་སྙིང་པོ་འདི་དག་ལ་གོ་བ་རག་ཙམ་དང་། འདི་དག་གིས་བཞག་པའི་བག་ཆགས་ཏོག་ཙམ་ཡོད་ཕྱིན་ཉིན་རེའི་འཚོ་བའི་ནང་དཀའ་ངལ་གང་ཞིག་འཕྲད་ཀྱང་། ཏན་ཏན་སེམས་ཁམས་ལ་བཟང་ཕྱོགས་ཀྱི་ཁྱད་པར་བཟོ་ངེས་པ་ཡིན།
འོ་ན་འདི་དག་དབྱིན་སྐད་ཐོག་ནས་ཀྱང་སྦྱོང་ཐུབ་པས་བོད་སྐད་སྦྱོང་དགོས་དོན་མེད་ཟེར་ན། དེ་ལ་བདེན་པའི་ཆ་ཡོད་མོད། འོན་ཀྱང་ཐ་སྙད་འདི་དག་གི་གོ་དོན་དཔྱིས་ཕྱིན་པ་ཞིག་དབྱིན་སྐད་ཐོག་ནས་རག་གི་མེད་པ་ཧ་ཅང་གསལ་པོ་ཡིན། དེའི་རྒྱུ་མཚན་ཡང་དབྱིན་ཇིའི་སྐད་ཡིག་དང་མཉམ་དུ་འཚར་ལོངས་བྱུང་ཞིང་། དེའི་སྐད་ཡིག་ལ་བྱང་ཆུབ་པའི་དགེ་རྒན་ཆེན་མོ་ཚེ་རིང་ཤཱཀྱ་ལགས་ནས་འདི་འདྲ་ཞིག་གསུངས་ཡོད་དེ། “བྱང་ཆུབ་སེམས་ཞེས་པར་དབྱིན་སྐད་ནང་ཁམ་ཕས་ཤུན་ Compassion ཞེས་པ་ཡོད་ཀྱང་། དེའི་དོན་བོད་སྐད་ནང་ཡོད་པ་བཞིན་དབྱིན་སྐད་ནང་གོ་དོན་ཏག་ཏག་ཅིག་གཏན་ནས་ཡོད་པ་མ་རེད།” ཅེས་གསུངས་ཡོད། གནད་དོན་འདིའི་ཐོག་ནས་ཐ་སྙད་དེ་དག་དབྱིན་སྐད་ནང་སྒྱུར་ཡོད་ཀྱང་། དེ་དག་གི་གོ་དོན་བོད་སྐད་ནང་ཡོད་པ་བཞིན་དབྱིན་སྐད་ཐོག་ནས་རག་གི་མེད་པ་ཤེས་ཐུབ།
དེ་ལྟ་བུའི་ནང་ཆོས་ཀྱི་སྙིང་པོ་དེ་དག་ནི་དེང་སང་ནུབ་ཕྱོགས་སེམས་ཁམས་རིག་པ་ཞེས་གྲགས་པ་ཇི་ཙམ་ཆེ་ཡང་། ལག་ལེན་ལ་འགེལ་ཤེས་ན་སྙིང་པོ་དེ་དག་ནི་ཉི་མ་ལྟ་བུ་དང་། ནུབ་ཕྱོགས་སེམས་ཁམས་རིག་པ་ནི་སྐར་མ་ལྟ་བུ་རེད་ཟེར་ཆོག དེས་ན་དེང་དུས་སྤྱི་ཚོགས་ཁྲོད་མི་རྣམས་སེམས་ཀྱི་འཕྲོད་བསྟེན་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་པའི་དུས་འདིར། བོད་སྐད་དང་བོད་ཡིག་ཤེས་ན་ནང་ཆོས་ཀྱི་སྙིང་པོ་དེ་དག་ལ་གོ་བ་ཆ་ཚང་བ་ཞིག་ལེན་ཐུབ་པ་དང་། གོ་བ་དེས་ཉམས་ལེན་ལ་འགེལ་རྒྱུར་ཡང་ཕན་ཐོགས་ཡོད་ངེས་པས། གལ་ཏེ་སྙིང་པོ་དེ་དག་ལ་ཉམས་ལེན་ཐུབ་ན་དེ་ལས་ལྷག་པའི་སེམས་ཁམས་འཕྲོད་བསྟེན་གཞན་གང་ཡང་མེད་པས། དོན་མེད་དགོས་མེད་ལ་རིན་གོང་ཆེན་པོ་སྤྲད་དེ་དེང་དུས་སེམས་ཁམས་སྨན་པ་བསྟེན་དགོས་པ་གང་ཡང་མེད། དོན་དེ་ནི་ཉིན་རེའི་འཚོ་བའི་དགོས་མཁོ་ཙམ་གྱི་དབང་དུ་བྱས་ཀྱང་བོད་སྐད་དང་བོད་ཡིག་ཤེས་ན་ཁེ་ཕན་ཆེན་པོ་ཡོད་པ་ཤེས་ཐུབ།
ཕྱོགས་གཞན་ཞིག་ནས་བཤད་ན་དེང་དུས་ཞིབ་འཇུག་གི་ཁ་ཕྱོགས་དེ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཧི་མ་ལ་ཡའི་ཕྱོགས་སུ་ཁ་སྤོ་བཞིན་ཡོད་པས། བོད་སྐད་དང་བོད་ཡིག་ཤེས་ན་མ་འོངས་པར་ཞིབ་འཇུག་བྱེད་པའི་གནས་སྐབས་སུ་ཞིབ་འཇུག་གི་བརྗོད་གཞི་རྒྱ་ཆེ་བ་དང་། གང་ལ་ཞིབ་འཇུག་བྱས་པ་དེ་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཡོང་ཐུབ་པར་ཕན་ཐོགས་ངེས་ཅན་ཡོང་ངེས་ཡིན། ད་ལྟ་ཁྱོད་ཚོས་བོད་སྐད་དང་བོད་ཡིག་ཏོག་ཙམ་ཤེས་པ་དེ་མ་རྩ་ཆེན་པོ་ཞིག་ཡིན་པས་མུ་མཐུད་ཡར་རྒྱས་གཏོང་ཐབས་ལ་འབད་དགོས་པ་ནི་རང་གི་ཕ་མེས་རིག་གཞུང་དང་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། སོ་སོའི་གཉེན་ཉེ་སོགས་དང་འབྲེལ་བ་དམ་ཟབ་ཡོང་ཆེད་དུའང་ཡིན་པས། ངེས་པར་དེའི་ཐོག་ཤུགས་རྒྱག་དགོས་པ་ཆགས་ཡོད།
དེ་ཙམ་དུ་མ་ཟད་ད་ལྟའི་དུས་སྐབས་ནི་ནུབ་ཕྱོགས་རིག་གཞུང་གི་ཤུགས་རྐྱེན་འོག་ང་སུ་ཡིན་ནམ་ཞེས་རང་ཉིད་ངོས་འཛིན་བྱེད་པའི་ལྟ་བ་འདི་གལ་ཆེར་འཛིན་པས། གལ་ཏེ་ཁྱེད་ཀྱིས་རང་ཉིད་སུ་ཡིན་པ་དང་། རང་ཉིད་གང་ནས་ཡིན་པ་དེར་ངོས་འཛིན་ཐུབ་དགོས་ན། རང་ཉིད་གང་ནས་ཡིན་པ་དེའི་སྐད་དང་ཡི་གེ་ཤེས་དགོས་པ་ཧ་ཅང་གལ་གནད་ཆགས་ཡོད། གལ་ཏེ་ཁྱེད་ཀྱིས་རང་ཉིད་གང་ནས་ཡིན་པ་དེའི་སྐད་དང་ཡི་གེ་མི་ཤེས་ན། རང་ཉིད་སུ་ཡིན་པ་དེར་སྤོབས་པ་ཇི་ལྟར་སྐྱེ་ཐུབ་བམ། དེས་ན་རང་གི་ཕ་སྐད་དང་ཡི་གེ་གཏན་ནས་བརྗེད་མི་རུང་བ་ནི། དེང་དུས་ཀྱི་ཁོར་ཡུག་འདིར་སྤོབས་པས་འཚོ་འདོད་པའི་ཆ་རྐྱེན་གཙོ་བོ་ཞིག་ཡིན། དོན་འདི་ནི་ནུབ་ཕྱོགས་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་དགེ་རྒན་ཆེན་མོ་ཚེ་རིང་ཤཱཀྱ་ལགས་ཀྱིས་ཀྱང་ “རང་ཉིད་ཀྱི་སྐད་དང་ཡི་གེ་ཤེས་ན་སྤོབས་པ་ཡོད་པ་རེད།” ཅེས་གསུངས་དོན་ཡང་གནད་འདིར་ཐུག་ཡོད་སྙམ། དེས་ན་རང་ཉིད་ལ་རང་ཉིད་ཀྱི་ཕ་མེས་ཀྱི་སྐད་དང་ཡི་གེ་ཡོད་པ་འདིར་དོ་སྣང་བྱོས་དང་འདིས་ནམ་ཞིག་ཁྱེད་རང་སྤོབས་པས་བསྒྲེང་དུ་འཇུག་ངེས་ཡིན།
བོད་ཀྱི་སྐད་ཡིག་གི་རིན་ཐང་གཞན་ཞིག་ནི་ལོ་རྒྱུས་ཡུན་རིང་ལྡན་ཡོད་པ་དང་། སྐད་དང་ཡི་གེ་མཉམ་དུ་ཡོད་པས་ཀྱང་ཡིན་ཏེ། བོད་ཀྱི་སྐད་བརྡ་རིག་པར་མི་ལོ་ཞེ་གསུམ་ཙམ་ཞིབ་འཇུག་གནང་མྱོང་མཁན་བོད་མིང་ལ་བདེ་ཆེན་རབ་བརྟན་དང་དབྱིན་མིང་ལ་ Nicolas Tournadre ཞུ་བ་ཁོང་གིས། “སྤྱིར་འཛམ་གླིང་ཐོག་སྐད་རིགས་མི་འདྲ་བ་བདུན་སྟོང་ཡོད་པ་དང་། དེའི་ཁྲོད་དམིགས་བསལ་ཡི་གེ་དང་ལྡན་པའི་སྐད་རིགས་ལྔ་བཅུ་ལས་མེད། དེའི་ནང་ནས་ཀྱང་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་སྐད་ཡིག་བཅོ་ལྔ་ལས་མེད་ཅིང་། བོད་སྐད་དང་བོད་ཡིག་དེའི་ནང་གི་གཅིག་ཡིན།” ཞེས་དང་། ཁོང་གིས་མུ་མཐུད་ནས། “འབྲུག་གི་སྲིད་བློན་མཆོག་ལ་བོད་ཡིག་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་རིན་ཐང་སྐོར་གསུང་དུས། དེ་ལྟ་བུའི་རིན་ཐང་ཡོད་དམ་”ཞེས་འབྲུག་གི་སྲིད་བློན་ཡང་ཧང་སངས་བར་གསུངས། དེ་ནི་རང་གི་ཕ་མེས་ཀྱི་རིག་གཞུང་གསེར་ལྟ་བུ་ཡོད་ཀྱང་དེའི་རིན་ཐང་ད་བར་མ་མཐོང་བས་ཡིན་སྲིད་ལ། སོ་སོ་རང་ཉིད་ལ་མཚོན་ན་ཡང་འཛམ་གླིང་སྐད་ཡིག་ཁྲོད་བོད་ཀྱི་སྐད་ཡིག་གིས་འདི་ལྟ་བུའི་གོ་གནས་བཟུང་ཡོད་པ་ད་ཕན་ཤེས་རྟོགས་མ་བྱུང་བས། ཁོང་ལ་བཀའ་དྲིན་ཡང་ཞུ་འདོད།
གཞན་ཡང་ཁོང་གིས་བོད་སྐད་དང་བོད་ཡིག་གི་རིན་ཐང་གཞན་ཞིག་ནི་སྐད་ཡིག་ཕུན་སུམ་ཚོགས་པོ་ཡོད་པའི་ཐོག་ནས་བཞེད། དེའི་དོན་ཡང་བོད་སྐད་ནང་གོ་དོན་གཅིག་ཡིན་པ་གང་ཞིག་ལ་དེ་ཤོད་སྟངས་མི་འདྲ་བ་མང་པོའི་ཐོག་ནས་བརྗོད་ཐུབ་པ་དེ་ཡིན། དཔེར་ན་ཁོང་བལ་ཡུལ་ལ་སླེབས་པ་རེད་ལྟ་བུར་མཚོན་ན། ཁོང་བལ་ཡུལ་ལ་སླེབས་འདུག ཁོང་བལ་ཡུལ་ལ་སླེབས་ཚར་བ་རེད། ཁོང་བལ་ཡུལ་ལ་སླེབས་ཟིན་འདུག ཁོང་བལ་ཡུལ་ལ་སླེབས་བཞག ཁོང་བལ་ཡུལ་ལ་སླེབས་ཡོད་འདུག་ཅེས་སོགས་ཀྱིས་དོན་གཅིག་སྟོན་ཡང་བརྗོད་ཚུལ་མི་འདྲ་བ་དུ་མའི་སྒོ་ནས་དོན་དེ་འགལ་མེད་དུ་སྟོན་ནུས་པས། སྐད་ཡིག་སྦྱོང་མཁན་ཞིག་ལ་ཁྱད་ཆོས་འདིས་ཕན་ནུས་ཆེན་པོ་ཐོན་གྱི་ཡོད་པ་དང་། འདི་ལྟ་བུའི་ཁྱད་ཆོས་ནི་སྐད་ཡིག་གཞན་ལྟ་ཅི་སྤྱི་སྐད་དུ་གྲགས་པའི་དབྱིན་སྐད་ལ་ཡང་མེད་པས། ཕ་རན་སིའི་ཨ་ནལ་གོ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བོད་མིང་ལ་ཆོས་ཉིད་དབང་མོ་ཞུ་བས་ཀྱང་བོད་སྐད་ཀྱི་ཁྱད་ཆོས་འདི་གཅིག་མཚུངས་སུ་འདོད། དེས་ན་ང་ཚོས་སོ་སོའི་སྐད་ཡིག་གི་ཁྱད་ཆོས་དང་རིན་ཐང་འདི་དག་ཤེས་དགོས་པ་ཧ་ཅང་གནད་འགག་ཆགས་ཡོད།
དེ་ལྟ་བུའི་རང་གི་ཕ་མེས་ཡང་མེས་ཀྱི་རིག་གཞུང་སྤྱི་དང་། དེའི་རྩ་བར་གནས་པའི་བོད་སྐད་དང་བོད་ཡིག་གི་རིན་ཐང་ཆ་ཚང་བ་ཞིག་ཤེས་ན་མུ་མཐུད་དེའི་ཐོག་འབད་བརྩོན་དང་དོ་སྣང་བྱ་རྒྱུར་དཀའ་ངལ་ཡོང་མི་སྲིད་ལ། དེའི་རིན་ཐང་ཏོག་ཙམ་ཤེས་པས་ཀྱང་འབད་བརྩོན་བྱ་ངེས་པ་ནི། དཔེར་ན་ཉེ་ཆར་ངོ་ཤེས་ཤིག་དང་ལྷན་དུ་ཤར་པའི་མི་རིགས་སྐོར་ལ་སྐད་ཆ་བྱུང་བར། ཁོང་གིས། “ཤར་པའི་མི་རིགས་འདི་དག་གིས་རང་གི་ཕ་མེས་ཀྱི་རིག་གཞུང་སྟེ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ནང་ཆོས་སློབ་སྦྱོང་དང་། དེ་བཞིན་གཞས་དང་ཞབས་བྲོ། སྒྲ་བརྙན་སོགས་རོལ་ཆ། ད་དུང་བོད་སྐད་དང་བོད་ཡིག་སྦྱོང་རྒྱུར་དོ་སྣང་ཇེ་ཆེར་འགྲོ་བཞིན་འདུག” ཅེས་གསུངས། མ་ཟད་ཤར་པ་ཚོས་རེ་བསྐུལ་ལྟར་ངའི་ངོ་ཤེས་དེས་ཁོ་ཚོར་གཞས་དང་ཞབས་བྲོ། སྒྲ་བརྙན། དེ་བཞིན་བོད་ཆས་གྱོན་སྟངས་ཚུན་ཆད་ནས་སློབ་ཁྲིད་བྱས་ཏེ་ཡུན་རིང་འགྲོ་བཞིན་ཡོད་ཚུལ་བརྗོད་པ་ནི་ཤར་པ་དེ་དག་གིས་རང་གི་ཕ་མེས་རིག་གཞུང་གི་ཡོན་ཏན་ཆ་ཚང་བ་ཞིག་ཤེས་མིན་ཇི་ལྟར་ཡང་། དེའི་རིན་ཐང་གང་འཚམས་ཤེས་པས་དོ་སྣང་སྤྲོད་ཀྱི་ཡོད་པ་ཧ་ཅང་གསལ་པོ་ཡིན།
དེ་བཞིན་དུ་ལ་དྭགས་དང་དོལ་པོ་ཁུལ་ལ་ཡང་རང་གི་ཕ་མེས་རིག་གཞུང་དང་འབྲེལ་བའི་ནང་ཆོས་དང་བོད་ཡིག་སློབ་ཁྲིད་སོགས་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ད་དུང་ཁྱེད་ཚོའི་ཁྲོད་དུ་རྟ་མང་སོགས་ཧི་མ་ཡ་ལའི་ས་ཁུལ་གཞན་ནས་ཀྱང་ཡོད་ངེས་པས། གོང་དུ་དཔེ་མཚོན་ཞུས་པ་དེ་དག་མིག་དཔེར་བཟུང་སྟེ་རང་ལ་ཕ་མེས་ཀྱི་རིག་གཞུང་རིན་ཐང་བྲལ་བ་ཞིག་ཡོད་པ་འདི་དང་འབྲེལ་བ་གཏིང་ཟབ་ཡོང་ཕྱིར། བོད་སྐད་དང་བོད་ཡིག་མུ་མཐུད་ཡར་རྒྱས་གཏོང་ཐབས་ལ་འབད་བརྩོན་བྱེད་རོགས་ཞེས་ཞུ་རྒྱུ་ཡིན།
གོང་གསལ་རྩོམ་ཡིག་ནང་དོན་དང་འབྲེལ་བའི་སྐད་ཆ་དེ་ཟླ་འདིའི་ཚེས་ ༡༨ ཞོགས་པར་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་ཁག་གསུམ་ཡོད་པར་ཚོགས་ཐེངས་རེ་རེས་བྱས་ཏེ་བཤད། སློབ་ཕྲུག་ཚོས་དོ་སྣང་ཆེན་པོས་ཉན་པས་སེམས་འགུལ་ཐེབས་ཤིང་། ཁོ་ཚོར་བོད་སྐད་དང་བོད་ཡིག་མུ་མཐུད་ཡར་རྒྱས་གཏོང་རྒྱུར་བསྐུལ་འདེད་ཅུང་ཟད་གཏོང་ཐུབ་པར་དགའ་ཚོར་ཆེན་པོ་སྐྱེས། ཚོགས་ཐེངས་གསུམ་པར་དྲི་ལན་སྐབས་སློབ་ཕྲུག་གཅིག་ནས། “ང་ཚོ་བོད་པ་ཡིན་པ་གཅིག་པ་ཡིན་རྐྱང་བོད་གཞུང་ནས་སྨན་སོགས་རོགས་རམ་ང་ཚོར་སྤྲོད་ཀྱི་མི་འདུག དེའི་རྒྱུ་མཚན་གང་ཡིན་ནམ་”ཞེས་དྲིས། ཏོག་ཙམ་རིང་གང་ཞིག་བརྗོད་དགོས་མིན་ཡང་མི་ཤེས། གང་ལྟར་ང་ཚོའི་དབར་སེམས་ཐག་ཉེ་རུ་མ་གཏོགས་རིང་དུ་འགྲོ་གཞིའི་སྐད་ཆ་གཏན་ནས་ཤོད་མི་རུང་བ་ཤེས།
དེ་ནས་༧གོང་ས་མཆོག་ལ་དེ་སྔོན་ཕྱི་རྒྱལ་པ་ཞིག་གིས་༧གོང་ས་མཆོག་ནས་བོད་པར་དམིགས་བསལ་བྱམས་སྐྱོང་གནང་དོན་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་ནས་དེའི་བཀའ་ལན་དུ། ཕྱག་མཛུབ་ལ་དཔེ་བཞག་ནས་སྤྱིར་ཕྱག་མཛུབ་གང་ལ་ཡང་༧གོང་ས་མཆོག་ནས་ཉེ་རིང་མེད་ཀྱང་། ཕྱག་མཛུབ་གང་རུང་ཞིག་ལ་རྨས་སྐྱོན་བྱུང་ཚེ་དེར་དམིགས་བསལ་ལྟ་རྟོག་དགོས་པར་གསུངས་པ་དེ་དྲན་པས། ལན་དུ། ཁྱེད་རང་ཚོར་གཞུང་ནས་གཟིགས་པ་གཅིག་མཚུངས་ཡོད་ཀྱང་། ད་ལྟའི་ཆར་རྒྱལ་ཁབ་ཡོད་པའི་མི་སེར་ཡིན་པ་དང་། བོད་པ་གཞན་ཚོ་བཙན་བྱོལ་བ་ཡིན་པས་དམིགས་བསལ་ལྟ་རྟོག་དགོས་ཚུལ་བཤད་དེ་ཁོ་ཚོའི་སེམས་ཁམས་ལ་ཕོག་ཐུག་མི་འགྲོ་བའི་ལན་འདེབས་བྱས། གཏམ་བཤད་གྲུབ་རྗེས་སློབ་གྲྭའི་རྒྱབ་ཀྱི་སུན་དྷར་ཇེལ་ཞེས་པའི་རྒྱུག་ཆུར་རྒན་ལྷག་པ་མཉམ་དུ་འཆམ་འཆམ་དུ་བསྐྱོད་ཅིང་། དོ་སྣང་ཆེ་བའི་སློབ་ཕྲུག་དེ་དག་ཡིད་ལ་འཁོར་བཞིན་ཉིན་དེ་འདས། གལ་ཏེ་ཀློག་པ་པོ་ཁྱེད་ལྟར་ན། གོང་གི་དྲི་བ་དེར་ཁྱེད་ཀྱིས་ལན་འདེབས་གང་ཞིག་བྱེད་དམ།