བསེ་རུ།
ཏང་གི་བཀའ་དེ་བཙན་པོ་ཡིན་ནོ་ཟེར།།
ཏང་གི་དབུ་ཁྲིད་བཀའ་དྲིན་ཆེ་ལོ་ཟེར།།
ཏང་གི་མངའ་འོག་མྱ་ངན་ལྕི་འོ་ཟེར།།
ཡོད་ཚད་ཏང་གིས་དབང་སྒྱུར་རེད་དོ་ཟེར།།
ཞིང་ལས་འཕྲུལ་ཆས་ཅན་དུ་བསྒྱུར་ན་ཡང་།།
རྨོན་གཡག་རྨོན་མཛོའི་བཀའ་དྲིན་བརྗེད་མེད་ཟེར།།
ཏང་གི་བཀའ་བཀོད་ཇི་ལྟར་གནང་ན་ཡང་།།
སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་བྱེད་དོ་ཟེར།།
སོ་ནམ་ཞིང་པའི་སྐྱབས་ཡུལ་མིན་ན་ཡང་།།
ཀྲུའུ་ཞི་མའོ་ཡི་བྱིན་རླབས་སྩོལ་རོགས་ཟེར།།
སད་སེར་ཐན་པའི་བར་ཆད་སེལ་རོགས་ཟེར།།
ལོ་ཡག་འབྲས་བཟང་སྨིན་པའི་ལྟས་བཟང་ཟེར།།
མྱ་ངན་འོ་དོད་འབོད་ཀྱང་གོ་མཁན་མེད།།
ཟུངས་ཁྲག་མིག་ཆུ་བཞུར་ཡང་ཕྱིས་མཁན་མེད།།
ལུས་སེམས་འཐོར་ཤིག་སོང་ཡང་ཤེས་མཁན་མེད།།
གངས་ཅན་མུན་པའི་གླིང་ན་གསང་བ་མང་།།
བདེ་སྐྱིད་འོད་སྟོང་ལྡན་ཞེས་རྫུན་གཏམ་སྒྲོག།
ཞི་བདེ་འཆམ་མཐུན་ཡོད་ཅེས་ས་གཞི་གཡོགས།།
བོད་གསར་འཛུགས་སྐྲུན་ཟེར་བཞིན་སྙིང་ཁམས་གཏོར།།
གངས་ཅན་མུན་པའི་གླིང་ན་གསང་བ་མང་།།
ས་ཞིང་གཤིན་པོ་ཐོག་བརྩེགས་ཅན་གྱིས་མནན།།
འབྲོག་ས་ཡངས་པོ་བཙོན་གྱི་ལྕགས་རས་བསྐོར།།
ཞིང་འབྲོག་ཁ་ཆེ་དབང་ཐང་སྒོར་གྱིས་འཕྲོག།
གངས་ཅན་མུན་པའི་གླིང་ལ་གསང་བ་མང་།།
རྒྱལ་དར་དམར་པོ་དགོན་གྲོང་ཐོག་ཁར་གཡོ།།
འཕྲེད་དར་དམར་པོ་མི་མང་མིག་ལ་གཟན།།
ས་གདན་དམར་པོ་ས་གཞི་གཡོགས་ལ་འགྲན།།
གངས་ཅན་མུན་པའི་གླིང་ན་གསང་བ་མང་།།
རྒྱལ་གཅེས་ཆོས་གཅེས་ཁ་གཡང་བྲག་ཅ་ལྡིར།།
སེར་སྐྱ་མི་མང་རྣ་བ་འོན་པར་བྱས།།
ཆོས་རིག་སྡེ་རྣམས་འགྲེེམས་སྟོན་ཙམ་དུ་ཟད།།
གངས་ཅན་མུན་པའི་གླིང་ན་གསང་བ་མང་།།
དཔའ་བོ་དཔའ་མོ་གདུག་རྩུབ་ལོ་ཟླས་བགྲེས།།
རིགས་ཞེན་ཤེས་ཡོན་ཅན་རྣམས་མགོ་བོ་བཀས།།
ཉམ་ཆུང་མི་མང་བཙན་བཀའི་ཐོ་བས་བརྡུངས།།
གངས་ཅན་མུན་པའི་གླིང་ན་གསང་བ་མང་།།
བོད་སྐྱོར་དབུལ་སྐྱོར་ཟེར་བའི་རྣམ་གྲངས་མང་།།
བོད་ས་རྒྱ་ཡིས་བཀང་བའི་གྲོགས་སུ་གྱུར།།
གཏད་རོགས་སྐྱོར་ཟེར་བའང་དེ་ལྟར་རོ།།
གངས་ཅན་མུན་པའི་གླིང་ན་གསང་བ་མང་།།
གངས་ཅན་པ་རྣམས་འཛམ་གླིང་ཕྱོགས་བཅུར་གྱེས།།
ཁ་བའི་ལྗོངས་སུ་དམར་པོ་རྒྱ་ཡིས་ཁེངས།།
སྣོད་བཅུད་ཉམ་ངར་གྱུར་པ་ཡིད་རེ་སྐྱོ།།
གངས་ཅན་མུན་པའི་གླིང་ན་གསང་བ་མང་།།
གཞིས་བྱེས་སེམས་ཁམས་རྨས་པའི་བར་དོ་ན།།
ཀླད་མེད་ཅོལ་ཅུང་རྒྱལ་ཚོང་ཉེས་ཅན་འགའ།།
ཤི་ཁའི་འཕག་འཚག་རྒྱག་སྟངས་དེར་བསམ་ཚེ།།
གངས་ཅན་མུན་པའི་གླིང་ན་གསང་བ་མང་།།
ནང་དམེའི་ཚིག་མཚོན་ཆ་སྣུན་དྲགས་པས།།
ནང་མི་གཉེན་ཉེ་བཟའ་ཚང་འཁོན་དུ་གྱུར།།
དགེ་རྒན་དགེ་ཕྲུག་བླ་སློབ་དམ་ཚིག་ཉམས།།
གངས་ཅན་མུན་པའི་གླིང་ན་གསང་བ་མང་།།
མདོར་ན་དོན་རྩ་ཚིག་གིས་གསལ་བྱས་ན།།
མདོ་དབུས་ཁམས་གསུམ་ལུས་ཕུང་གཅིག་ཏུ་གྲུབ།།
སྟོད་སྨད་བར་གསུམ་ནད་ཀྱིས་གཙེས་གྱུར་ན།།
ལུས་བདེ་སེམས་སྐྱིད་ཟེར་བ་ཀླད་ཀོར་རོ།།
བོད་དོན་འཐབ་རྩོད་ཅེས་པ་ཀླད་ཀོར་རོ།།
ཆོས་དང་རིག་གཞུང་ཞེས་པ་ཀླད་ཀོར་རོ།།
རང་དབང་བདེ་སྐྱིད་ཅེས་པ་ཀླད་ཀོར་རོ།།
གངས་ཅན་པ་རྣམས་ཀླད་ཀོར་བདག་པོ་འོ།།
༢༠༢༢།༣།༡༧ཉིན།