ཆི་ཝེས་ཀྱིས་བརྩམས།
སྒོ་ཤེས་རབ་ཀྱིས་བསྒྱུར།
ཟླ་དགུ་པ་ནི་ཏག་ཏག་བྱིས་པ་རྣམས་སློབ་གྲྭར་འགྲོ་བའི་དུས་སུ་ཁེལ་ཡོད་པས། དབུས་བརྙན་འཕྲིན་ཁང་གི་མདོ་འཛིན་མ་ཀྲང་ཆོན་ལིང(张泉灵)ཡང་རང་གི་བུ་ཆུང་སློབ་གྲྭར་ཞུགས་པའི་ཁྱིམ་བདག་ཚོགས་འདུ་ལས་ཕྱིར་ལོག་མ་ཐག་རེད། ཚོགས་ཐོག་ཏུ་སློབ་གཙོས། རྒྱ་ནག་དང་ཉི་ཧོང་གི་སློབ་གྲྭ་སོ་སོས“ཤིང་རྟ་ལོའི་རྒྱ་ཉིའི་དམག་འཁྲུག”སྐོར་ལ་རྒྱུགས་ལེན་སྟངས་མི་འདྲ་ཚུལ་བཤད་པ་ཁོ་མོའི་རྣ་བའི་བུ་གར་ལྷུང་།
འདི་ལྟ་སྟེ། རྒྱ་ནག་པས། ཤིང་རྟ་ལོའི་མཚོ་ཐོག་འཁྲུག་རྩོད་དེ་ག་དུས་ཤིག་ལ་བྱུང་བ་ཡིན་པ་དང་། དམག་འཁྲུག་དེ་ལ་ལོ་རྒྱུས་ཀྱི་དོན་སྙིང་ཅི་ཞིག་ཡོད་སོགས་འདྲི་ཞིང་། མཐར་དེ་ལ་དགེ་རྒན་གྱིས་སྡོམ་ཚིག་རིགས་ལྔ་ཙམ་བཀོད་རྗེས། དེ་རྣམས་སློབ་མ་ཚོའི་བློ་ལ་ངེས་སུ་བཅུག་སྟེ། ནམ་ཞིག་རྒྱུགས་སྤྲོད་སྐབས་དེ་དག་ལས་གང་ལ་ལན་མ་ཐེབས་ན་སྐར་མ་གཅོག་པ་རེད།
ཉི་ཧོང་པས་ནི། སློབ་མ་ཚོར་སྔར་དམག་འཁྲུག་དེ་འདྲ་ཞིག་བྱུང་མྱོང་བའི་ལོ་རྒྱུས་ཤེས་སུ་བཅུག་རྗེས། ཁྱོད་ཀྱིས་བལྟས་ན། དེང་ཕྱིན་རྒྱ་ནག་དང་ཉི་ཧོང་གི་བར་བསྐྱར་དུ་དེ་འདྲའི་དམག་འཁྲུག་ཅིག་འབྱུང་སྲིད་དམ་ཞེས་དང་། གལ་ཏེ་བྱུང་ན་ནི་སུ་ཞིག་ལ་རྒྱལ་ཁ་འཐོབ་སྲིད་དམ་ཞེས་སོགས་འདྲི་བར་མ་ཟད། ཁྱོད་ཀྱིས་ཚོད་དཔག་དེ་ལྟར་བྱས་པའི་གཞི་འཛིན་ས་གང་ཡིན་ཞེས་ཀྱང་འདྲི་སྐད་དོ། །
དེ་དག་གོ་རྗེས་ཀྲང་ཆོན་ལིང་གིས་ཀྱང་། “རེད་ཡ། འདི་ལྟར་མུ་མཐུད་དུ་སོང་ན་སུ་ཞིག་རྒྱལ་སྲིད་དམ”ཞེས་ཁོ་མོའི་ཟིན་ཕྲན་དུ་ཚོར་སྣང་ཟབ་མོས་བྲིས་འདུག
ལོ་མང་པོར་རྒྱ་ཡུལ་འགྲིམས་ཏེ་སྐུ་ཟླར་རྒྱ་མོ་ཞིག་བསུས་ཤིང་། རིགས་ཀྱི་མྱུ་གུ་ཞིག་ཀྱང་སྐྱེས་ཟིན་པའི་དབྱིན་ཇིའི་རྩོམ་སྒྲིག་པ་གྲགས་ཅན་མག་ཇེད(马克.基多)ཀྱིས་ཀྱང་། དབྱིན་ཡུལ་གྱི་འཕྲིན་ལམ་ཞིག་ཏུ《ཁྱོད་ནམ་ཡང་རྒྱ་ནག་པར་འགྱུར་མི་ཐུབ》ཅེས་པའི་རྩོམ་ཡིག་ཅིག་སྤེལ་ཏེ། ཁོ་པའི་ནང་མི་ཆ་ཚང་རྒྱ་ནག་ནས་གནས་སྤར་རྒྱུ་ཡིན་ཚུལ་གསལ་བསྒྲགས་བྱས་པ་དང་ཆབས་ཅིག་ཏུ། རྒྱ་ནག་གི་སློབ་གསོ་ལ་གནད་དུ་ཟུག་པའི་སུན་འབྱིན་དྲག་པོ་བྱས་འདུག རྩོམ་ཡིག་དེར། རྒྱ་ནག་གི་རྨང་གཞིའི་སློབ་གསོ་ནི“རྒྱུགས་སྤྲོད་པ་སྲོག་ཏུ་འཛིན་པ”ཙམ་ལས་མ་འདས་ཕྱིར། ཁོ་ཚོས་བྱིས་པ་དག་གི་ལྷན་སྐྱེས་ཀྱི་འཆར་སྒོ་ཡོད་ཚད་གཞི་མེད་དུ་བསྲེགས་རྗེས། མི་མི་འདྲ་བ་གཉིས་ཁོ་ན་སྐྱེད་སྲིང་བྱེད་དེ། ལམ་འགྲོ་རྒྱུགས་པ་དང་། ལམ་འགྲོ་མི་རྒྱུགས་པ་གཉིས་སོ་ཞེས་བྲིས་འདུག
ད་རུང་། “རྒྱ་ནག་གི་ཡུལ་དེར། བྱིས་པ་ཚོ་སྐྱེས་ཆེན་དམ་པར་འགྱུར་བ་དང་། གསར་གཏོད་པར་འགྱུར་བ་དང་། མཛངས་མིར་འགྱུར་རྒྱུ་སོགས་ཀྱི་ལམ་ཆེན་ཞིག་མ་མཆིས་ཤིང་། འོན་ཏེ་སློབ་གསོའི་ངོས་ནས་བལྟས་ན་ནི། ལམ་དེ་ཁོ་ན་དོན་གྱི་འབབ་སྟེགས་ཡིན་པས་སོ”ཞེས་སོགས་མང་དུ་བཤད་ཡོད།
དེ་ཡང་སྔར་ཧུའུ་ཧྲིས(胡适)ཇི་སྐད་གསུངས་པ་ལྟར་ཏེ། རྒྱལ་ཁབ་ཅིག་གི་ཤེས་དཔལ་གྱི་འཕེལ་རིམ་ལ་བལྟ་འདོད་ཚེ། དོན་གྱི་འགག་མདོ་གསུམ་ཙམ་ལ་བལྟས་པས་འཐུས་ཤིང་། གསུམ་ཀའི་ཐོག་མ་ནི། ཁོ་པ་ཚོས་བྱིས་པ་རྣམས་ཇི་ལྟར་བདག་སྐྱོང་བྱེད་ཀྱི་ཡོད་པ་དེའོ་ཞེས་གདམས་ཡོད་པར་བསམས་ན། ཧུའུ་ཧྲིའི་སྤྱན་ནི་ཇི་འདྲའི་རྣོ་ཐག་ཆོད་པ་ཞིག་རེད་ཨང་།
དེ་ལྟར་གསུངས་ནས་ལོ་ངོ་བརྒྱ་ལ་ཉེ་བ་འདས་ཀྱང་། རང་རེའི་བུ་དང་བུ་མོ་ཚོ་ནི་ད་རུང་བློ་འབྱེད་རན་པའི་ལོ་ཚོད་ལ་སླེབས་དུས། བློ་རིག་གི་སྒོ་མོ་ཡོངས་སུ་འབྱེད་པའི་སྐལ་བ་དང་ལྡན་གྱི་མེད། ཅིའི་ཕྱིར་ཞེ་ན། སློབ་དཔོན་གྱི་ལམ་སྟོན་ཤིན་ཏུ་མཁོ་བའི་དུས་སམ། འཆར་སྣང་སྣ་ཚོགས་དང་གསར་གཏོད་ཀྱི་བློ་སྤོབས་ཁ་འབྱེད་པའི་དུས་ཏེ། མདོར་ན། བྱིས་པའི་ལྷན་སྐྱེས་ཀྱི་རིགས་སྣ་ཚོགས་གཏིང་ནས་སྔོག་རན་པའི་དུས་སུ། འུ་ཅག་གི་བྱིས་པ་ཚོའི་འཁྲིས་སུ་ནི། ཁོ་ཚོའི་སེམས་ཀྱི་འཇིག་རྟེན་གསལ་བར་བྱེད་ཅིང་། ཤེས་རབ་ཀྱི་མྱུ་གུ་གསོ་བར་མཛད་པའི་ལམ་སྟོན་གྱི་སློབ་དཔོན་དམ་པ་ཞིག་ལར་ནས་མ་དམིགས་པས་སོ། །
གཅིག མི་ཚེ་ལ་ཕུགས་འདུན་སྐྲུན་མཁན།
བྱིས་དུས་སུ་སློབ་དཔོན་དམ་པ་ཞིག་དང་མ་ཕྲད་ན། བློ་འབྱེད་ཀྱི་སྐལ་བའང་ཆད་པ་ཡིན་ཏེ། མི་ཞིག་ལ་མཚོན་ན། སློབ་གྲྭ་ཆེན་མོ་ནི་ཁྱད་ཆོས་དང་མཛེས་རྒྱན་གསར་པ་སྣོན་ཡུལ་ཙམ་ཡིན་གྱི། གང་དེའི་གཤིས་རྒྱུད་སོགས་རྩ་བའི་རང་བཞིན་རྣམས་སྐྲུན་མཁན་ནི་སྔར་གྱི་རྨང་གཞིའི་སློབ་གསོ་ཁོ་ན་ཡིན་པས་སོ། །
སྲས་དང་སྲས་མོ་སུ་ཡིན་རུང་། རང་གི་ཡབ་ཡུམ་དང་གྱེས་ཏེ་སློབ་གྲྭའི་སྒོ་ཐེམ་བརྒལ་པ་ནས། ཐུན་མོང་གི་འཚོ་བ་དང་། སློབ་ཁྲིད་ཀྱི་བདུད་རྩི་ཉམས་སུ་བཞེས་དགོས་པར་མ་ཟད། དེ་རུ། རིགས་དང་རྣམ་གྲངས་མི་འདྲ་བའི་ཤེས་བྱའི་གནས་ལ་སྦྱོང་བ་ལྷུར་བླངས་པའི་སྟེང་། མི་གཞན་ལ་ཇི་ལྟར་འགྲོགས་འདྲིས་བྱེད་རྒྱུ་དང་། སྒྲིག་ཁྲིམས་དང་བཅས་པའི་འཚོ་བ་ཇི་ལྟར་རོལ་རྒྱུ་སོགས་ལའང་བསླབ་དགོས་པ་རེད། དེས་ན། སློབ་གྲྭར་ཞུགས་པ་དེ་ནི། ཁོང་ཅག་སྤྱི་ཚོགས་དངོས་དང་འདྲིས་པའི་གོམ་པ་དང་པོ་ཡིན་ལ། རང་རང་གི་མི་གཞི་ནར་སོན་པའི་སྐས་ཚིགས་ཀྱི་ཐོག་མའང་ཡིན་པས། དེ་ནི་ས་བོན་ཞིག་མྱུར་དུ་སྨིན་མགོ་བརྩམས་པ་དང་ཀུན་ནས་མཚུངས་པར་སྙམ་པས། སྐབས་དེ་དུས་སུ། དགེ་རྒན་གྱི་དྲུང་དུ་ཇི་ལྟར་བསླབས་པ་མཐའ་དག་ཚེ་སྲོག་གི་བཅུད་དུ་འཐིམ་པར་ངེས་ཤིང་། ཁྲག་རྩའི་སྦུབས་སུ་སིམ་པར་ངེས་ཨང་།
སློབ་ཆེན་ལ་ཞུགས་ཕྱིན་ནས། ཡོན་ཏན་གསར་པ་ཇི་སྦྱངས་རུང་། དེ་དག་མི་ཚེའི་ཟུར་རྒྱན་ལྟ་བུ་ཞིག་ཏུ་འགྱུར་སྲིད་ཀྱི། དེ་རྗེས་མི་རང་གི་གཞི་རྩའི་གཤིས་སྤྱོད་སོགས་ལ་ནི་འགྱུར་བ་འགྲོ་ཤིན་ཏུ་དཀའ་སྟེ། ལུས་ལ་དཔེར་བླངས་ན། རུས་ཚིགས་ཀྱི་སྒྲོམ་སྔར་ནས་བརྟན་པོར་ཆགས་ཟིན་ཅིང་། རུས་པའི་གས་སྲུབས་མཐའ་དག་ཀྱང་སྔར་ནས་འབྱར་ཟིན་པས། དེ་རྗེས་ཤ་དང་ཚིལ་བུ་ཇེ་མང་དུ་འགྲོ་སྲིད་པ་ཙམ་ལས། གཟུགས་པོའི་རུས་སྒྲོམ་ཇེ་རིང་དུ་འགྱུར་བའི་ཐབས་མེད་པ་ལྟ་བུའོ། །
གནའ་སྔ་མོར། སོ་ཁི་ར་ཐེའི་ཡབ་ནི་བརྐོས་རིས་སྒྱུ་རྩལ་ལ་མཁས་པ་ཞིག་ཡིན་པ་རེད། ཉིན་ཞིག་ལ། ལོ་ན་ཆུང་བའི་སོ་ཁི་ར་ཐེས་ནི། རྡོ་ཡི་སེངྒེ་ཞིག་རྐོ་བཞིན་པའི་ཡབ་ལ། “ཡབ་ཆེན་ལགས། རི་མོ་བརྐོ་ལ་མཁས་པ་ཞིག་ཏུ་ཇི་ལྟར་འགྱུར་ཐུབ་བམ”ཞེས་དྲིས་ཚེ། ཡབ་ཀྱིས“ལྟོས་དང་། རྡོ་ཡི་སེངྒེ་འདི་ལ་དཔེར་བཞག་ན། ངས་ནི་སེངྒེ་འདི་བརྐོས་པ་མ་ལགས་ཏེ། ངས་ཁོ་རང་གཉིད་ལས་བསླངས་པ་ཙམ་ཡིན”ཞེས་དང་། དེ་ལ་ཡང་བསྐྱར་འགྲེལ་བཤད་ཀྱི་ཚུལ་དུ། “མ་གཞི་སེངྒེ་འདི་ཉིད་རྡོ་ཡི་ཁོང་གསེང་ན་གཉིད་དུ་ཡུར་འདུག་མོད། ངས་ཁོ་རང་གཉིད་ལས་བསླངས་ཏེ། རྡོ་ཡི་བཙོན་ར་ལས་ཕྱིར་བསྐྱབས་པ་ཡིན”ཞེས་སྨྲས་ཏེ། བྱིས་པའི་བློ་རིག་ལ་མཚར་སྣང་བྱིན་པར་གྲགས་སོ། །
ཚུལ་དེ་དག་ལ་བསམས་ནས། སློབ་གསོ་པ་ཀྲུའུ་ཡུང་ཞིན(朱永新)གྱིས་ཀྱང་། འཛེམ་དོགས་མེད་པའི་སྒོ་ནས་དེང་ཕྱིན་དགེ་རྒན་གྱི་ལས་སུ“ཞུགས་ཆོག་པའི་སྒོ་ཐེམ”ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བརྗོད་པ་རེད། ཁོང་གིས། “དགེ་རྒན་ཟེར་བ་དེ་ནི་ཉེན་ཁ་ཅན་གྱི་ལས་རིགས་ཤིག་སྟེ། སྐྱེས་ཆེན་དང་སྡིག་ཆེན་གཉིས་ཀ་དགེ་རྒན་གྱི་ཐུ་འོག་ནས་རིམ་གྱིས་གྲུབ་པ་ཞིག་ཡིན་སྲིད་ན། དགེ་རྒན་ཚོས་ནི་འབད་པ་བརྒྱ་ཕྲག་གི་སྒོ་ནས། རང་དང་རང་གི་བུ་སློབ་རྣམས་ཡང་དག་པའི་ལམ་དུ་བསྐྱོད་ཐབས་ལ་འབད་དགོས་སོ”ཞེས་བཤད་པ་ལྟར། གལ་ཏེ་བློ་འབྱེད་ལ་སྒུག་པའི་བྱིས་པ་རྣམས་ནི། དྭངས་གཙང་དྲི་མེད་ཀྱི་ཤོག་བུ་རེ་རེ་ཡིན་པའི་དབང་དུ་བཏང་ན། བློ་འབྱེད་དགེ་རྒན་རྣམས་ནི། དཀར་གཙང་ཤོག་བུ་དེའི་ངོས་སུ་མཚར་སྡུག་གི་རྨི་ལམ་རེ་རེའམ། ཕུགས་འདུན་གྱི་རི་མོ་རེ་རེ་འབྲི་མཁན་དེ་མ་ཡིན་ནམ།
རྒྱའི་གནའ་རིག་སློབ་དཔོན་ཆེན་མོ་ཆན་མུའུ(钱穆)ནི། བྱིས་པའི་དུས་སུ་བློ་འབྱེད་སློབ་དཔོན་དམ་པ་ཆན་པོ་ཀུའེ(钱伯圭)ལ་མཇལ་བའི་སྐལ་བཟང་ལྡན་ཡོད། ཉིན་ཞིག གཞོན་ནུ་ཆན་མུའུ་ལ་སློབ་དཔོན་མཆོག་དེས་བརྩེ་བའི་ངང་ནས་འདི་སྐད་དེ། “ཁྱོད་ཀྱིས《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》གོ་ཐུབ་ཅེས་གཞན་དག་སྨྲ་ཡི་འདུག་པས། བདེན་པ་རེད་དམ”གསུངས། ཆན་མུའུ་ཡིས་ཀྱང་དེ་མ་ཐག་ཏུ་དེ་ལྟར་ལགས་སོ་ཞེས་ཞུས།
དེ་ལ་སློབ་དཔོན་གྱིས་བསྐྱར་དུ། “དཔེ་ཆ་དེ་རིགས་ལ་མང་པོ་མ་བལྟས་ན་ལེགས་ཏེ། དེའི་ཁ་ཕྱེ་མ་ཐག་ཏུ། ‘གནམ་འོག་གི་ལོ་རྒྱུས་འཁོར་ཕྱོགས་ནི་འདི་ལྟ་སྟེ། འདུས་ཡུན་རིང་ན་འཐོར་ངེས་ཤིང་། ཐོར་ཡུན་རིང་ན་འདུ་ངེས་ལ། འཁྲུག་ཟིང་དང་ཞོད་འཇགས་རེས་མོས་ཉིད་དུ་འཁོར’ཞེས་སུ་བྲིས་འདུག་མོད། གནས་ཚུལ་དེ་ནི་རང་རེ་རྒྱ་ནག་པའི་ལོ་རྒྱུས་ལོག་ལམ་དུ་ཕྱིན་པའི་འབྲས་བུ་རེད་མ་གཏོགས། འཇིག་རྟེན་སྤྱིའི་ཆོས་ཉིད་ཅིག་ག་ལ་ཡིན། དཔེར་ན། ད་ལྟའི་ཡོ་རོབ་ཀྱི་དབྱིན་ཇི་དང་། ཧྥ་རན་སི་སོགས་ལ་ལྟོས་དང་། འདུས་པའི་རྗེས་སུ་འཐོར་གྱི་མི་འདུག་ལ། ཞི་བས་བསྐྱངས་རྗེས་འཁྲུག་ཟིང་ཡང་འབྱུང་གི་མི་འདུག་པས། རྗེས་མར་ང་ཚོས་ཀྱང་ཁོང་ཅག་ལ་སློབ་སྦྱོང་བྱེད་དགོས་པར་འདུག”ཅེས་གསུངས་པ་རེད།
བསླབ་བྱ་གནང་ཐེངས་གཅིག་པོ་དེས། ཆན་མུའུ་ཡི་སེམས་ལ་གཡོ་འགུལ་དྲག་པོ་ཐེབས་པས། ལོ་མང་པོའི་རྗེས་སུ་ཁོང་གིས་ཕྱིར་དྲན་མཛད་སྐབས་ཀྱང་། ངས་ཚེ་གང་བོར་རྒྱལ་ཁབ་སྐྱོང་ཐབས་ཀྱི་རིགས་ལམ་ལ་ཞིབ་འཇུག་བྱས་པ་ཡིན་ལ། ཐོག་མར་དེའི་འདུན་པ་ཀུན་ནས་སློང་བྱེད་ནི་སློབ་དཔོན་གྱི་ཞལ་གདམས་དེ་ཁོ་ན་ཡིན་ཞེས་ཀྱང་གསུངས་སོ། ། ཆན་མུའུ་ཡིས་ནི། སློབ་ཆེན་དགེ་རྒན་གྱི་ཁུར་མ་བཞེས་པའི་སྔོན་ལ། ལོ་བཅུའི་རིང་ལ་སློབ་ཆུང་གི་དགེ་རྒན་དང་། ལོ་ངོ་བརྒྱད་ཀྱི་རིང་ལ་དམའ་འབྲིང་དགེ་རྒན་གྱི་ཁུར་བཞེས་མྱོང་བས། དགུང་ལོ་མཐོན་པོར་སོན་རྗེས། ཁོང་གིས་རྟག་ཏུ་འདི་ལྟར་གསུང་གི་ཡོད་དེ། སློབ་ཆེན་སློབ་མ་བསྐྱང་རྒྱུ་ལས་སློབ་འབྲིང་སློབ་མ་བསྐྱང་རྒྱུ་གལ་ཆེ་ལ། སློབ་འབྲིང་སློབ་མ་བསྐྱང་རྒྱུ་ལས་ཀྱང་སློབ་ཆུང་སློབ་མ་བསྐྱང་རྒྱུ་གལ་ཆེ་བར་འདུག་ཅེས་སོ། །
གཉིས། རྒྱུགས་ལེན་འཕྲུལ་ཆས་སྟེང་གི་གཅུ་གཟེར།
པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ། མཁས་དབང་གྲགས་ཅན་ཆན་ལི་ཆུན(钱理群)གྱིས་ནི་རྒྱུན་དུ། “ལོ་ཆུང་རྣམས་མཐོང་དུས། དེ་ཚོར་སྐད་ཆ་བཤད་འདོད་ཀྱི་འདུན་པ་བཟློག་ཏུ་མེད་པ་ཞིག་འོང་བ་དེ་ནི། ང་ལ་དབྱིངས་ལྟ་བུ་ཞུགས་འདུག”ཅེས་གསུང་གིན་པའི་དོན་གྱི་རྒྱུ་མཚན་ཡང་དེ་ཁོ་ན་སྟེ། ཁོང་ཉིད་སློབ་གྲྭ་ཆེན་མོའི་སློབ་དཔོན་དུ་མ་ཕེབས་པའི་ཡར་སྔོན་ལའང་། བགྲང་བྱ་བཅོ་བརྒྱད་ཀྱི་རིང་དུ་སློབ་འབྲིང་གི་དགེ་རྒན་མཛད་མྱོང་བ་རེད།
དེར་མ་ཟད། ཉེ་དུས་ནས་ཁོང་ལ“དབྱིངས་ཞུགས་པ”དེ་ཚབས་ཇེ་ཆེར་སོང་འདུག་པ་འདྲ་སྟེ། བགྲེས་ཡོལ་གྱི་རྗེས་སུ་ཡང་། རང་ཁྱིམ་དུ་མེ་ཏོག་འདེབས་འཛུགས་སོགས་སུ་གཡེང་རྒྱུ་དོར་ནས། ནན་ཅིང་དགེ་འོས་སློབ་ཆེན་གྱི་ཁོངས་གཏོགས་སློབ་འབྲིང་ཞིག་ཏུ་ཟླ་ངོ་གཅིག་ལྷག་ལ་སློབ་ཁྲིད་གནང་སོང་། ད་རུང་ག་ས་གང་དུ་ཞབས་ཀྱིས་བཅགས་ཏེ། སྐབས་རེར་གནའ་རབས་བསྟན་བཅོས་འཁྲིད་ཀྱིན་འདུག་ཅིང་། ལན་རེར་ལུའུ་ཞུན་གྱི་སྐོར་འཆད་པ་སོགས་ཀྱིས་དུས་འདའ་བཞིན་ཡོད་པས། ཁོང་གིས་འདི་སྐད་ཀྱང་གསུང་གི་འདུག་སྟེ། མ་གཞི་སློབ་ཆེན་གྱི་སློབ་དཔོན་གྲགས་ཅན་རྣམས་སློབ་འབྲིང་དག་ཏུ་བསྐྱོད་དེ་སློབ་ཁྲིད་གནང་རྒྱུ་ནི། སྔར“ལྔ་བཞིའི”དུས་ནས་སྲོལ་རྒྱུན་ཞིག་ཏུ་གྱུར་ཟིན་པ་རེད་ཅེས་སོ། །
ཉེ་ལམ་ཞིག་ནས། རྒྱ་ནག་མི་སེར་རྒྱལ་ཁབ་དུས་ཀྱི་སློབ་དེབ་རྙིང་པ་ལ་དགའ་བའི་ཚ་རླབས་ཤིག་བསྐྱར་དུ་ལྡིང་འོང་གི་འདུག་ཅིང་། ལྷག་པར་དུ1932ལོའི་དེབ་བརྒྱད་པ་ནི། ཐེངས་ཁ་ཤས་དཔར་ན་ཡང་མ་ལྡེང་བར་ཤིན་ཏུ་བྲིན་པར་གྱུར། སློབ་དེབ་དེ་ནི་ཡེ་ཧྲེང་ཐའོ(叶圣陶)ཡིས་རྩོམ་སྒྲིག་གནང་བ་ཞིག་ཡིན་པ་དང་། དེའི་བར་དུ་བཅུག་པའི་རི་མོ་དག་ཀྱང་རི་མོ་པ་ཧྥེང་ཙི་ཁའེ(丰子恺)ཡིས་ཕྱག་བྲིས་མཛད་པ་ཡིན་ཕྱིར། གསལ་ལ་བབ་ཆགས་ཤིང། མཛེས་ཉམས་ཀྱིས་རྣམ་པར་ཕྱུག་པ་ཞིག་ལགས་པས། དེ་ནི་གཏན་དུ་མི་ཡལ་བའི་རང་མདངས་དང་ལྡན་ནོ། །
ངོ་མ། སྐབས་དེ་དུས་སུ་ཆན་མུའུ་དང་། ཞ་ཀའེ་ཙུན། (夏丐尊)ཀྲུའུ་ཙི་ཆིང་། (朱自清) ཡེ་ཧྲེང་ཐའོ་ལ་སོགས་པ་ངེས་དོན་གྱི་མཁས་དབང་ཆེན་མོ་ཚོས་ཀྱང་སློབ་འབྲིང་གི་དགེ་རྒན་གནང་སྟེ། ངོ་མཚར་བའི་གཏམ་རྒྱུད་སྣ་ཚོགས་བསྐྲུན་མྱོང་བས། དེ་དུས་ཀྱི་ལོ་རིམ་གཅིག་གི་རིག་གནས་པའི་དཔུང་ཁག་ལ་ནི། དེང་གི་སློབ་ཆེན་ཧྲིལ་པོ་ཞིག་གིས་ཀྱང་བསྒྲུན་ཐབས་ག་ལ་ཡོད་ཨང་།
རེད། འུ་ཅག་གི་ད་ལྟའི་དགེ་རྒན་རྣམས་ལ་མཚོན་ན། ཤེས་ཡོན་བློ་སྦྱོང་དང་། ཀུན་སྤྱོད་ཡག་པོ་སོགས་གང་ནས་བལྟས་རུང་། “བློ་འབྱེད་སློབ་དཔོན”ཞེས་པའི་མཚན་གྱི་ཆོ་ལོ་འདི་ཐེག་ཐུབ་མཁན་ཅི་ཙམ་ཡོད་དམ། ཁོ་པ་དག་ནི་རྒྱལ་ཁབ་འདིའི་རྒྱུགས་ལེན་འཕྲུལ་ཆས་སྟེང་གི་གཅུ་གཟེར་ལྟ་བུ་ཞིག་ལས་མ་འདས་ཏེ། ཁོ་ཚོས་ནམ་རྒྱུན་ཁ་གདངས་མིག་ཅེར་ནས་དམིགས་པ་གཏོད་ས་ཉག་གཅིག་ནི་སློབ་མའི་རྒྱུགས་སྐར་ཁོ་ན་ཡིན་གྱི། སློབ་བུ་རྣམས་མི་ཡག་པོ་ཞིག་ཏུ་ཇི་ལྟར་འགྱུར་མིན་སོགས་ལ་ནི་དོ་ཁུར་ལར་ནས་མི་བྱེད་པར་སྣང་ངོ་། །
དེ་ཡང་ཆར་ཞོད་ཆེ་བའི་ཉིན་ཞིག་ཏུ། སྙན་ངག་པ་ཡུས་ཅན(于坚)གྱིས་བུ་ཕྲུག་སློབ་གྲྭར་བསྐྱལ་ཅིང་། སློབ་གྲྭའི་སྒོ་ཆེན་དྲུང་དུ་འབྱོར་ཚེ། རྒྱུགས་སྤྲོད་དུ་འཚོག་དགོས་པའི་དྲིལ་བརྡ་སིང་སིང་དུ་གྲགས་སོང་། དེ་མ་ཐག་བྱིས་པ་ཚོ་སྔངས་སྐྲག་དང་བཅས་འཚང་ཀ་ཤིག་ཤིག་གིས་ནང་དུ་འཛུལ། སྐབས་དེར། བུ་མོ་ཆུང་ཆུང་ཞིག་ཆར་ཞོད་ནང་དུ་ཤུད་ནས་ས་རུ་འགྱེལ་ནའང་། ཁོ་མོ་ཡར་སྐྱོར་མཁན་གྱི་བྱིས་པ་གཞན་སུ་ཡང་མ་བྱུང་། ཚུལ་དེ་དངོས་སུ་མཐོང་བའི་ཡུས་ཅན་ནི་ཧ་ལས་ཤིང་སེམས་ཁོང་དུ་ཆུད་དེ། “དེང་སང་གི་སློབ་གྲྭ་འདི་ཚོས། ཡང་སྙིང་སློབ་མ་རྣམས་ལ་ཅི་ཞིག་འཁྲིད་ཀྱི་ཡོད་དམ”ཞེས་ཆིག་ལབ་ལྡབ་ལྡིབ་རེ་དབང་མེད་དུ་འཆོར་གྱིན་ཕྱིར་ལོག་སྐད།
ད་ལོའི་ཟླ་བཞི་པའི་ནང་། ཅང་སུའུ་ཞིང་ཆེན་ཆི་ཏུང(江苏启东)གྲོང་ཁྱེར་གྱི་སློབ་འབྲིང་ག་གེ་མོའི་སློབ་མ་ཞིག་གིས་ཀྱང་། རྒྱལ་དར་སྒྲེང་བའི་མཛད་སྒོའི་སྟེང་སྐད་ཆ་བཤད་སྐབས། དགེ་རྒན་ཚོས་སྔར་ནས་ཞིབ་བཤེར་བྱས་ཟིན་པའི་གཏམ་བཤད་མ་ཕྱི་གློ་བུར་དུ་བརྗེས་ཏེ། དེང་གི་རྒྱ་ནག་སློབ་གསོར་སྐྱོན་བརྗོད་དྲག་པོ་བྱེད་མགོ་བརྩམས་སོང་། སློབ་མ་དེས་སྐད་གཟེངས་མཐོན་པོས། “བརྟག་དཔྱད་བྱས་པ་ལྟར་ན། རྒྱ་ནག་གི་བྱིས་པ་ཚོའི་རྩིས་འཁོར་གྱི་ཤེས་ཚད་ནི་འཛམ་གླིང་གི་ཨང་དང་པོ་ཡིན་མོད། རྒྱ་ནག་གི་བྱིས་པ་དག་གི་གསར་སྐྲུན་གྱི་བློ་གྲོས་ནི་འཛམ་གླིང་གི་ཆེས་ཐ་མར་གྱུར་འདུག རྒྱ་ནག་གི་སློབ་གསོ་རྐྱང་པ་མྱངས་ནས་ནི། ནོ་པེལ་གཟེངས་རྟགས་ཐོབ་མཁན་ཞིག་གཏན་ནས་བྱུང་མེད་པ་རེད”ཅེས་སོགས་མེ་སྟག་མཆེད་པ་ལྟ་བུའི་སུན་འབྱིན་གྱི་ཚིག་འབྲུ་རེ་རེ་བཞིན་གཏོར་བ་ན། རེ་ཞིག་ཧད་དེ་ལུས་པའི་དགེ་སློབ་ཚང་མས་དེ་ལ་མི་བལྟ་ཐབས་མེད་བྱུང་།
ཡང་ཁོས་མུ་མཐུད་དུ། “ང་ཚོར་མཚོན་ན། རླབས་ཆེན་གྱི་དགེ་རྒན་ཟེར་བ་དེ། རླབས་ཆེ་ལུགས་ཆེ་སྟངས་ཇི་ཡིན་ཚོར་གྱི་མི་འདུག སློབ་རིམ་འཕར་རྒྱུ་ཁོ་ནའི་ཆེད་དུ། ཁོ་ཚོས་ནི་ངེད་ཅག་སློབ་བུ་རྣམས་བརྩེ་མེད་དུ་གཅུན་ཞིང་འདེད་པས། ཡང་ན་འཕྲོ་རིམ་འཕྲོར་གསབ་ཁྲིད་བྱེད་དགོས་ཤིང་། ཡང་ན་ནི་བྲིས་མི་ཚར་བའི་ལས་བྱ་སྣ་ཚོགས་བརྩེགས་རིམ་དུ་འཇོག་གི་རེད། གལ་ཏེ་ཁོ་ཚོས་ངེད་ཅག་ལ་སེམས་ཁུར་ཞིག་བྱས་མྱོང་བའི་དབང་དུ་བཏང་རུང་། སེམས་ཁུར་དེ་ནི་སློབ་རིམ་འཕར་རྒྱུ་ཁོ་ནའི་ཆེད་རེད། བརྟག་དཔྱད་ཅིག་བྱས་དུས། རྒྱ་ནག་གི་སློབ་མའི་བརྒྱ་ཆའི་དགུ་བཅུ་ཡན་མཐར་ཕྱིན་རྗེས། མ་ཡུམ་སློབ་གྲྭར་དགེ་རྒན་ལ་འཚམས་འདྲི་ཞུ་རུ་འགྲོ་གི་མེད་པར་མ་ཟད། སློབ་མ་དེ་ཚོར་དགེ་རྒན་དང་སློབ་གྲྭར་མཛའ་བརྩེ་ཏིལ་ཙམ་ཡང་མེད་པར་གྱུར་འདུག་ཟེར། ཀྱེ་ཀྱེ། གུས་པར་འོས་པའི་དགེ་རྒན་རྣམ་པ་ལགས། ཁྱེད་ཅག་གིས་ད་རུང་མུ་མཐུད་དུ་དེ་ལྟ་བུར་གྱུར་ན་འདོད་དམ།”ཞེས་སོགས་སེམས་ཚོར་ཆེན་པོས་བརྗོད་སྐད་དོ། །
དྲང་མོར་བཤད་ན། ཁོ་པས་ཇི་སྐད་སྨྲས་པ་རྣམས་ནི་རྣག་ཐོག་ལ་མེ་བཙུགས་པ་ལྟ་བུ་སྟེ། ས་འགུལ་ཞིང་རི་ཉིལ་བའི་སྐབས་སུ། སློབ་མ་རྣམས་ཅི་མི་སྙམ་པར་བསྐྱུར་ཏེ་རང་གི་མགོ་བོ་སྐྱོར་བཞིན་ཝ་བྲོས་བརྒྱབ་པའི་དགེ་རྒན་ཧྥན་དང་ཧྥན་ལྟ་བུ་ཚོས་ནི། སློབ་མ་རྣམས་རང་ཉིད་ལ་མཛའ་བརྩེ་ཟབ་དགོས་པའི་རེ་བ་ཞིག་ཇི་ལྟར་འཛིན་ནམ། གསོན་ཤུགས་བྲལ་ཞིང་ནང་ཁོག་རུལ་བའི་སློབ་གླིང་ཞིག་གིས་ནི། སློབ་མ་རྣམས་རང་ཉིད་ལ་དུངས་པ་ཡོད་དགོས་པའི་རེ་བ་ཞིག་ཇི་ལྟར་འཛིན་ནམ། དེང་གི་རྒྱ་ནག་སློབ་གྲྭ་རུ། གཅིག་གིས་ཁ་ནང་དུ“ལྡུད”རྒྱུའི་འགན་བླངས་ན། ཅིག་ཤོས་ཀྱིས་ནི་བཙན་གྱིས“མིད”ཅི་ཐུབ་བྱེད་དགོས་པས། དེ་ལྟའི་དགེ་སློབ་ཀྱི་འབྲེལ་བ་ནི། བཟོ་གྲྭའི་བཟོ་པ་དང་ཐོན་རྫས་གཉིས་ཀའི་འབྲེལ་བ་ཙམ་དུ་གྱུར་ཟིན་ཏོ། །
སོམས་དང་། སློབ་མ་ཚོས་སྒྲ་གཏོང་རྩལ་སྦྱོང་བྱེད་པ་དང་འདྲ་བའི་རྩོམ་ཡིག་འབྲི་བཞིན་ཡོད་ལ། གནམ་ཁབ་རྒྱག་གིན་པའི་ཚེའང་མགོ་བོ་ནི་ལས་བྱ་སོགས་ཡིག་ཉོག་ལུང་པ་གང་གི་ཀློང་དུ་སྒུར་བཞིན་ཡོད། དེ་ལས་ཁོ་ཚོར་སྡུག་བསྔལ་གྱི་ཚོར་པ་ཤིན་ཏུ་ལྕི་བས། མིག་སྔའི་ཡོད་ཚད་ལ་འཚིག་པ་ཟ་བཞིན་དམོད་མོ་དྲག་པོ་བར་མེད་དུ་ཟློ་བཞིན་ཡོད་མོད། སློབ་གྲྭ་རྣམས་ཀྱིས་ནི་ད་རུང་ཡང་དེ་དག་ལ་ཅི་མི་སྙམ་པར། དུས་ལས་མི་ཡོལ་བར་རང་ཁོངས་ཀྱི་སློབ་མ་ཚོ་བཟོ་གྲྭའི་ཐོན་རྫས་ཤིག་དང་འདྲ་བར་འགག་མཚམས་ཕྱི་མ་ཕྱི་མར་དེད་དེ། འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་ཚད་ལོན་ཐམ་ཀ་ལ་སྒུག་བཞིན་ཡོད་པ་རེད།
མ་གཞི་ཤེས་ཡོན་སློབ་གསོ་ནི། རྒྱལ་ཁབ་སྟོབས་ལྡན་དུ་སྒྱུར་བྱེད་གཙོ་བོ་ཞིག་ཡིན་འོས་ན་ཡང་། དེང་དུས་ཀྱི་རྒྱ་ནག་གི་སློབ་གསོས་བྱིས་པ་ཚོ་ལ་ལྡུད་ཀྱིན་པ་ནི། སྦྱར་དུག་དང་འདྲེས་པའི་འོ་མ་ཞིག་རེད། དེ་ལས་ཀྱང་ཐུ་བ་ཞིག་ལ་དགེ་རྒན་ཚོའི་ནང་དུ། སློབ་ཁྲིད་དངོས་གཞི་ཡ་མ་ཡུན་ཞིག་འགྲོ་ཐབས་བྱས་པའི་སྟེང་། རྒྱུགས་སྤྲོད་ཀྱི“དམིགས་བསལ་རིགས་ལམ”ནི་ལོགས་ཤིག་ཏུ་སྟོན་མཁན་ཡང་ཡོད་པས། དེ་ཚོ་ནི་གཤག་བཅོས་ཀྱི་སྨན་པ་ཞིག་དང་འདྲ་བར། འབུལ་བས་མ་ཚིམས་ན་གྲི་འོག་ཏུ་ཅི་འབྱུང་སུས་ཀྱང་བཤད་དཀའ་སྟེ། བརྩེ་མེད་ཀྱི་རལ་གྲི་སྐོར་ཕྱོགས་རེ་རེས་ནི། གསང་བའི་འགྲོ་ལུགས་གང་ཞིག་གིས་བསྐྱེད་པའི་ཁྱབ་ཁོངས་གཞན་ཞིག་ཏུ་གཡུག་ངེས་སོ། །
དེར་བརྟེན། རང་ཉིད་ཀྱི་བྱིས་པ་མགོན་མེད་སྐྱབས་མེད་དུ་ལུས་ན་མི་འདོད་པའི་ཁྱིམ་བདག་ཚོས་ཀྱང་མགོ་དྭངས་དྭངས་དང་ཀླད་པ་གསལ་གསལ་གྱིས། དངོས་བརྒྱུད་ཀུན་ནས་དགེ་རྒན་ཚོ་ལ“རྣམ་འགྱུར”ལེགས་ཙམ་རེ་མི་སྟོན་ཀ་མེད་ཡིན་ཨང་། དགེ་རྒན་ཞིག་གིས་ཀྱང་ཁོ་པའི་སློབ་མ་ཚོར། ཁྱེད་ཚོས་རང་གི་ནང་མི་ལ་ད་ནས་ངའི་ཁ་པར་ནང་དུ་དངུལ་བླུག་མི་དགོས་ཞེས་ཤོད་ཨཱ། དེ་རྣམ་པ་གཞན་ཞིག་ཏུ་བསྒྱུར་ན་མི་ཆོག་གམ། ཞེས་ཀྱང་སྨྲས་སྐད་དེ། ཁོ་པའི་ཁ་པར་ནང་དུ་ནི་དངུལ་མང་དྲགས་པས་སོ། །
དེ་ལྟར་བལྟས་ན། དུད་ཞགས་འཁྲིགས་པའི་རྒྱ་ནག་གི་སློབ་གསོ་ནི་གཡུལ་འཁྲུག་ཅིག་དང་མཚུངས་ཏེ། སློབ་འབྲིང་གང་བཟང་དུ་ཞུགས་རྒྱུ་འབྲེལ་བ་ཆེ་ཆུང་དང་རྒྱུ་ཤུགས་བསྡུར་ནས་རྩོད་དགོས་ལ། སློབ་ཆུང་ལའང་དེ་བཞིན་དང་། ཐ་ན་བྱིས་གཉོར་ཁང་གི་སྒོ་འགྲམ་དུའང་འཚང་ཀ་རྒྱག་གིན་ཡོད་པས། ལོ་ན་ཤིན་ཏུ་ཆུང་བའི་བྱིས་པ་ལ་ཐུག་གི་བར་དུ་འུ་ཚོས་གནས་མིན་པའི་འདྲེ་ལག་སྲིང་གིན་མཆིས་ན། རང་རེའི་འོས་འགན་སློབ་གསོའི་དངོས་དོན་ནི་དེ་འདྲའི་བློ་ཡུལ་ལས་འདས་པའི་ཡ་ང་ཞིང་། ཡི་ཆད་པ་ཞིག་ཏུ་གྱུར་ཟིན་པས། དེ་ལྟ་བུའི་སློབ་གསོ་འདི་ལ་ནི། མ་འོངས་པར་སུ་ཞིག་གིས་དྲིན་མ་བརྗེད་པའི་འདུ་ཤེས་ཀྱིས་བཀའ་དྲིན་ཞུ་བར་བྱེད་ཨང་།
གསུམ། འབྱུང་སྤུས་སློབ་གསོས་ཀྱང་རྒྱུགས་སྤྲོད་ལ་གདོང་ལེན་བྱ་ནུས།
འོ་ན། ཇི་ལྟ་བུ་ཞིག་ལ་བློ་འབྱེད་སློབ་དཔོན་ཟེར་རམ་ཞེ་ན། ཁ་གནག་ངོ་གནག་གི་སྒོ་ནས་དགེ་རྒན་གྱི་ཆེ་བ་དང་ཟིལ་ཤུགས་མཐའ་གཅིག་ཏུ་བསྲུང་རྒྱུ་གཙིགས་སུ་བཟུང་སྟེ། དྲིས་ལན་འདེབས་པའི་ཐབས་རྩལ་ཁོ་ན་བླ་ནས་བསྩལ་པའི་རལ་གྲི་ལྟ་བུར་བསྔགས་མཁན་དེ། བློ་འབྱེད་སློབ་དཔོན་གྱི་མཚན་ཉིད་ཡིན་ཞེས་ཟེར་སྲིད་ན་ཡང་། འདོད་ཚུལ་མཁྲེགས་པོ་དེ་ནི། དེང་གི་སྣ་མང་ལྡན་པའི་རིག་གནས་འཕེལ་ཕྱོགས་ཀྱིས་མགོ་རྟིང་སློག་གིན་པའི་སྒང་ཡིན་ནོ། །
དེས་ན། བླང་དོར་དཔྱོད་པའི་བློ་གྲོས་ལྡན་ཞིང་། བརྩེ་བས་འདྲིས་པའི་ཐབས་ཀྱིས་ཕྱུག་པར་མ་ཟད། མི་ཚུལ་རིག་པའི་དགོངས་འདུན་དང་། གསར་སྐྲུན་གྱི་བསམ་བློས་ཐུགས་རྒྱུད་གཏམས་པའི“དགེ་རྒན་ཁ་རུ་ཁ་ཐུག”རྣམས་ནི། ད་ལྟ་རྒྱ་ནག་གི་སློབ་གསོའི་སྡེ་རུ་མཛེས་ཤིང་སྡུག་པའི་ལྟད་མོ་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་དེ། ཕྱག་རྩོམ་བྲིས་པ་ལ་བརྟེན་ནས་སྐད་ཡིག་སློབ་གསོའི་ཁྲོད་དུ་སྐད་གྲགས་ཀྱིས་ཁྱབ་པར་བྱས་པའི་ཚའེ་ཁྲའོ་དབྱང(蔡朝阳)ཡིན་ན་འདྲ། དུག་སྦྲུལ་ཞིག་མནམས་ཏེ་སློབ་ཁྲིད་དུ་ཕེབས་པའི་མཛེས་རྩལ་དགེ་རྒན་ཙོའུ་ཧྭ་ཀྲང(邹华章)ཡིན་ནའང་འདྲ། ཁྲོ་སླ་ཞིང་ངུ་སྐྱེན་པའི་ཨའེ་ཕེང་ཧྥེ(哀鹏飞)ཡིན་ནའང་འདྲ་སྟེ། ཁོང་ཅག་གིས་ནི་གཏན་སྲོལ་དུ་ཆགས་ཟིན་པའི་སློབ་སྲོལ་གྱི་ར་བ་ལས་བརྒལ་ནས། སློབ་མ་ཚོར་ངོ་མཚར་བའི་འཆར་སྣང་སྣ་ཚོགས་ལྟད་མོར་བཀྲམ་པ་ན། སྔར་ནས་བྲོ་བ་ཤོར་ཟིན་པའི་སློབ་ཁང་དག་ཏུ་སླར་ཡང་བྲོ་བ་གསར་པ་ཞིག་སྨིན་མགོ་ཚུགས་སོང་།
མ་གཞི་ཁོང་རྣམ་པའི་བསམ་བློ་གཏོང་ཕྱོགས་ནི་ཤིན་ཏུ་སླ་སྟེ། སློབ་མ་ཚོར་སྤྲོ་སྣང་དང་། རང་དབང་མང་ཙམ་སྟེར་ཐབས་ལ་འབད་པ་དེའོ། ། བགྲེས་སོང་ཐའོ་ཞིང་ཀྲི(陶行知)ཡིས་ཀྱང་། སློབ་གསོའི་ལྟ་བ་དེའི་ཐད་ལ་འཆད་ཁྲིད་ཅིག་གནང་མྱོང་བ་རེད། ཁོང་ཉིད་འཆད་སྟེགས་སུ་ཕེབས་སྐབས་ཁུག་མ་ཞིག་མནམས་ཡོད་པས། མི་རྣམས་ཀྱིས་དེའི་ནང་དུ་བྲིམ་རྒྱུའི་ཡིག་ཆ་བཅུག་ཡོད་ཤག་བྱས་མོད། བསམ་ཡུལ་ལས་འདས་པ་ཞིག་ལ། ཁོང་གིས་ཁུག་མ་དེ་ལས་བྱ་དེ་ཞིག་དང་འབྲས་ཚོམ་བུ་ཞིག་ཕྱིར་བཏོན་སོང་།
ཁོང་གིས་བྱ་ཕོའི་མགོ་ནས་མནན་ཞིང་མཆུ་ཏོ་འབྲས་ལ་གཏུགས་ཏེ། ཟ་བར་ནན་གྱིས་བསྐུལ་ཀྱང་། བྱ་ཕོས་ནི་དྲག་ཏུ་འཕག་འཚག་བྱེད་པ་ཙམ་ལས་འབྲས་རྡོག་གཅིག་ཀྱང་མ་ཟོས། ཅུང་འགོར་རྗེས་བྱ་ཕོ་རང་སར་ཀློད་པ་ན། རང་དབང་ཐོབ་པའི་བྱ་ཕོས་ནི་ཕར་འགྲོ་ཚུར་འགྲོ་བྱེད་ཞོར་དུ་འབྲས་རྡོག་རྣམས་རེ་རེ་ནས་སྒུམ་མགོ་བརྩམས་པ་རེད། མི་ཚོགས་ཀྱིས་ནི་ཅི་ཡིན་འདི་ཡིན་ཧ་མ་གོ་བའི་ངང་དེར། ཐའོ་ཞིན་ཀྲི་ཡིས་འགྲེལ་བཤད་ཀྱི་ཚུལ་དུ། “སློབ་གསོ་ཟེར་བ་དེ་ནི་བྱ་དེ་གསོས་པ་དང་མཚུངས་པས། གལ་ཏེ་སློབ་མ་ཚོ་ལ་རང་ཉིད་ཀྱི་ནུས་པ་མང་ཙམ་ཞིག་འདོན་སྤེལ་བྱེད་དུ་བཅུག་ན་ནི། ཕན་འབྲས་བླ་ལྷག་ཏུ་ལྡན་ངེས་པ་ཡིན་ནོ། །”ཞེས་གསུངས་སོ། །
སྔར་སློབ་འབྲིང་དུ་དགེ་རྒན་གནང་མྱོང་བའི་ཀྲུའུ་ཙི་ཆིང་གིས་ཀྱང་། རྟག་པར་སློབ་མ་རྣམས་དང་ཐུགས་བརྩེ་ཟབ་མོས་ཕན་ཚུན་བརྗེ་རེས་གནང་བས། སློབ་མ་ཚོས་ཀྱང་ཁོང་གི་སློབ་ཁྲིད་ལ་དགའ་གུས་ཚད་མེད་བྱས། ཐེངས་ཤིག་ཁོང་གི་སློབ་མ་ཞིག་གིས《དགོད་བྲོ་བའི་དགེ་རྒན་ཀྲུའུ་ལགས》ཞེས་པའི་རྩོམ་ཡིག་ཅིག་བྲིས་ཤིང་། དེའི་ནང་དུ“དགེ་རྒན་ཁོང་གི་སྐུ་ཤ་རྒྱགས་ལ་སྐུ་གཟུགས་ཐུང་བས། དབང་མེད་དུ་གད་མོ་འཆོར་ས་ཞིག་རེད། ནམ་རྒྱུན་སློབ་ཁྲིད་མཚམས་འཇོག་སྐབས་ཀྱང་། བྲེལ་འཚུབ་ལྟ་བུས་ཁྲིད་སྟེགས་ལས་གོམ་ལྡིང་བྱས་ཏེ་མར་འབབ་ལ། ཕེབས་པའི་ཚེ་ནའང་ཧ་ཅང་དགོད་བྲོ་བ་ཞིག་རེད”ཅེས་བྲིས་ཡོད་མོད། ཀྲུའུ་ཙི་ཆིང་ནི་དེ་ལ་ཐུགས་ཁྲོ་བ་ཕར་ཞོག ལྡོག་སྟེ་མཉེས་པ་ཆེན་པོས་རྩོམ་དེ་འཛིན་གྲྭ་ཡོངས་ཀྱི་དབུས་སུ་བཀླགས་ཤིང་། རྩོམ་ཡིག་དེ་བཀླགས་ན་ནི། མི་སྣ་དངོས་སུ་མཐོང་བ་དང་ཁྱད་མི་འདུག་ཅེས་བསྔགས་བརྗོད་གནང་མྱོང་།
དེར་མ་ཟད། ཁོང་རང་ཉིད་ཀྱིས་ཀྱང་བརྩམས་ཆོས་གསར་པ་རེ་བྲིས་ཚེ། མྱུར་བར་སློབ་མ་རྣམས་དང་མཉམ་དུ་བལྟ་ཀློག་བྱེད་པར་གྲགས། ཐེངས་ཤིག ཁོང་གིས་རྒྱའི་གནའ་ཡིག་གི་སློབ་ཁྲིད་ཅིག་གནང་བར་ཡུས་ཕེང་པོ(俞平伯)ཡིས་ཟུར་ཉན་ཞིག་བྱས་པ་ན། སློབ་འབྲིང་དེའི་སློབ་མ་ཚོར་ཤེས་འདུན་དང་སྤྲོ་སྣང་ཆེ་བའི་ཚད་ནི། སློབ་ཆེན་ལས་ཀྱང་བརྒལ་བའི་མཐོང་སྣང་བྱུང་བ་རེད། དེའི་ཕྱིར་ན། བྱིས་པའི་ལྷན་སྐྱེས་ཀྱི་བློ་རིག་གི་སྒོ་མོ་འབྱེད་པའི་སློབ་དཔོན་དམ་པ་ཞིག་དང་འཕྲད་རྒྱུ་ནི། སློབ་གསོའི་ལམ་གྱི་སྲོག་ཤིང་ཉིད་དུ་བརྩི་རིགས་སོ། །
བགྲང་བྱ་བཅུ་ལྷག་གི་རིང་། རྒྱ་ནག་གི་གྲོང་གསེབ་དག་ཏུ་རོགས་སྐྱོར་གྱི་ཚུལ་དུ་དགེ་རྒན་གནང་བའི་འཇར་མན་པ་ལུའུ་ཨན་ཁི(卢安克)ཡིས་ཀྱང། བློ་སྒོ་འབྱེད་ཐབས་ཀྱི་སློབ་ཁྲིད་ནི་ཤིན་ཏུ་གཙིགས་ཆེར་འཛིན་ཏེ། རྒྱ་ནག་གི་སྲོལ་རྒྱུན་རི་མོ་དང་། སྲོལ་རྒྱུན་ལག་རྩལ་སོགས་ཉིན་རེའི་འཆར་ཅན་གྱི་སློབ་ཚན་ཁོངས་སུ་བསྡུ་རིགས་པའི་དགོངས་ཚུལ་ཡང་ཁོང་གིས་བཏོན་པ་རེད། 2003ལོར། ཆུ་རྩེད་ལ་དགའ་བའི་སློབ་མ་ཚོས། སློབ་ཆུང་ནང་དུ་ཆུ་རྩེད་ར་བ་ཞིག་བསྐྲུན་པའི་རེ་འདུན་སྔ་ཕྱིར་ཕུལ་པ་ན། ལུའུ་ཨན་ཁི་ཡིས་ནི། སློབ་མ་རང་ལ་ས་བརྟག་ཏུ་བཅུག་རྗེས། ཆུ་རྩེད་ར་བའི་ཇུས་འགོད་སོགས་ལའང་དགེ་སློབ་གཉིས་ཀས་མཉམ་དུ་གྲོས་མོལ་བྱས་ཤིང་ཐག་བཅད།
ལས་མགོ་བརྩམས་པ་ན། ཁྱིམ་བདག་རྣམས་ལས་རོགས་སུ་འབྱོར་བའི་རྐྱེན་གྱིས། སློབ་མ་ཚོས་ཟུར་ནས་ལས་ཀར་བལྟས་ཏེ་བསྡད་པ་ན། དེ་མ་ཐག་ལུའུ་ཨན་ཁི་ཡིས་ཁྱིམ་བདག་ཚང་མ་ཕྱིར་ལོག་བཅུག་སྟེ། ལས་ཀ་ལྷག་མ་ཡོད་ཚད་སློབ་མ་རང་ལ་བསྒྲུབ་ཏུ་བཅུག་ཅིང་། ཅང་མ་འགོར་བར་རིམ་གྱིས་ཆུ་རྩེད་ར་བ་ཡང་ལེགས་གྲུབ་བྱུང་བ་རེད། དེ་ལྟར་གནང་བའི་དགོས་དོན་རྟོགས་རྗེས་ཁྱིམ་བདག་ཚོས་ཀྱང་ཁོང་གི་སློབ་གསོའི་ཐབས་ལ་ཡི་རངས་ཆེན་པོས། “ངེད་ཅག་གི་སེམས་སུ། ལས་ཀ་གང་མྱུར་གྱིས་གྲུབ་ན་སྙམ་པ་ཙམ་ལས་འཆར་རྒྱུ་གཞན་མེད་ནའང་། ཁོང་གིས་ནི་བྱིས་པ་ཚོའི་ཚོར་སྣང་ལ་ཐུགས་བསམ་གཏོང་གི་འདུག”ཅེས་སྨྲས།
དེ་མཚུངས་སུ་སློབ་གསོའི་ཐད་ལ། ཕོ་ཚོད་ཆེན་པོས་རྣམ་པ་མི་འདྲ་བའི་ཚོད་ལྟ་གཞན་ཞིག་ཀྱང་གྲོང་ཁྱེར་གྱི་སློབ་གྲྭ་དག་ཏུ་བྱེད་ཀྱིན་ཡོད་དེ། ཧྲང་ཧེའི་གྲོང་ཁྱེར་ཧྥུའུ་ཏན་ཟུར་གཏོགས་སློབ་འབྲིང་གི་སྐད་ཡིག་དགེ་རྒན་ཧོང་ཡུས་ཧྥེང(黄玉峰)གིས་ནི། “ད་ལྟའི་རྒྱ་ནག་གི་སྐད་ཡིག་སློབ་ཚུལ་གྱི‘ངོ་ལོག་པ’ཞིག”བྱེད་རྒྱུ་དམ་བཅས་པའི་བསྒྲགས་གཏམ་སྤེལ་ཞིང་། མི་སེར་རྒྱལ་ཁབ་དུས་ཀྱི་སློབ་དཔོན་དམ་པ་རྣམས་དང་འདྲ་བར་རང་ཉིད་ཀྱིས་སློབ་དེབ་གསར་པ་བསྒྲིགས་པར་མ་ཟད། ཕྱོགས་དང་ཕྱོགས་ཀྱི་མི་སྣ་གྲགས་ཅན་མང་པོ་གདན་ཞུས་ཀྱིས་འཆད་ཁྲིད་གནང་དུ་བཅུག ལན་རེར་ནི་སློབ་མ་རྣམས་ཁྲིད་ནས་དཔེ་མཛོད་ཁང་དུ་བསྐྱོད། སྐབས་རེར་ནི་སློབ་མ་རྣམས་དང་མཉམ་དུ་གཏམ་བརྗོད་ཟློས་གར་ལའང་བལྟའོ། །
ད་རུང་ཁོང་གིས་རྔམ་བརྗིད་ལྡན་པའི“རིག་གནས་འགྲུལ་བཞུད”ཀྱི་རྩ་འཛུགས་ཤིག་ཀྱང་བཙུགས་ཏེ། རི་ཆུའི་མཛེས་སྡུག་ལོངས་སུ་སྤྱོད་ཀྱིན། མཛེས་ལྗོངས་ལ་ཐུག་དུས་མཛེས་ལྗོངས་འཆད་ཅིང་། སྒོ་ཐེམ་གྱི་ཡི་གེར་ཐུག་དུས་སྒོ་ཐེམ་གྱི་ཡི་གེ་འཆད་པ་དང་། རྡོ་རིང་གི་ཡི་གེར་ཐུག་དུས་རྡོ་རིང་ཡི་གེ་འཆད་པར་མ་ཟད། རྡོ་རིང་གི་སྟེང་དུ་ཡིག་ནོར་འདྲ་ཡོད་ཚེ་ངོས་འཛིན་པ་སོགས་བྱས་སོ། ། དེ་བཞིན་དུ་སློབ་གྲྭའི་རྒྱུགས་ཆེན་ལས་གཞན། སྐད་ཡིག་སྐོར་ལ་རྒྱུགས་དང་རྒྱུགས་ཤོག་མེད་པར་བྱས་ཏེ། གཟའ་འཁོར་རེ་རེ་བཞིན། དཔེ་ཆ་ལྟ་ཀློག་དང་རི་མོ་བྲི་རྒྱུ་སྔར་ལས་ཇེ་མང་དུ་བཏང་ནས་དུས་ཚོད་དམ་འཛིན་བྱས་པ་རེད།
དེ་ལ་གཞན་དག་གིས། ཁོང་གི་སློབ་ཁྲིད་ཀྱི་རྣམ་པ་དེ་ནི“ལུག་འཚོ་བ”དང་འདྲ་ཞེས་སྐྱོན་བརྗོད་བྱས་པར། ཁོང་གིས“ལུག་འཚོ་བ”དང་འདྲ་ན་མི་བཟང་རྒྱུ་ཅི་ཡོད། གལ་ཏེ་ཨར་འདམ་གྱི་སྟེང་དུ་འཚོས་ན་ལུག་དེ་དག་མུ་གེས་འཆི་ངེས་པ་ཡིན་གྱི། ལུག་རྣམས་རྩྭ་ཆུ་འཛོམས་པའི་ཐང་གཞོང་དུ་དེད་ན་ནི། ལུག་རང་ཉིད་ཀྱིས་གང་འདོད་འདོད་ཅིག་བཟས་ནས་ལྟོ་བ་ཚིལ་གྱིས་གང་བ་ཞིག་བྱེད་ངེས་ཡིན་ཞེས་ཀྱང་གསུངས་པ་རེད།
ཁོང་དང་ཁོང་ལྟ་བུའི་དགེ་རྒན་རེ་འགས་ནི། སྔ་མོའི་དམ་པ་ཚོའི་ལམ་སྲོལ་བསྐྱངས་ཏེ། དེང་གི་རྒྱ་ནག་གི་སློབ་གསོའི་སྒྲིག་གཞི་དང་འགལ་བར་མཛད་པ་ལ། སློབ་གྲྭས་མི་འདོད་པ་བྱས་རྐྱེན་ལས། ཁྱིམ་བདག་དང་། ཐ་ན་སློབ་མ་ཚོས་ཀྱང་ཐེ་ཚོམ་གྱི་བརྟུལ་ཞུགས་འཛིན་པ་ལ་ནི་གཟུར་ཐབས་མ་མཆིས་མོད། སྤྱི་ཚོགས་ཧྲིལ་པོས་དོ་ཁུར་བླ་ལྷག་ཏུ་བྱེད་ཡུལ་གྱི་རྒྱུགས་སྤྲོད་ལ། ཧོང་ཡུས་ཧྥེང་གིས་ལྟ་ཚུལ་གསར་པ་འདི་སྐད་བཤད་དེ། “རྒྱུགས་འཕྲོད་ཐབས་ཙམ་གྱི་སློབ་གསོ་དེ་མ་མྱངས་རུང་། འབྱུང་སྤུས་སློབ་གསོས་ཀྱང་རྒྱུགས་སྤྲོད་ལ་གདོང་ལེན་བྱེད་ནུས་ངེས་ཡིན། གལ་ཏེ་སློབ་མ་ཚོའི་གཞི་རྩའི་འབྱུང་སྤུས་དངོས་གནས་ཇེ་ལེགས་སུ་ཕྱིན་ན་ནི། ཁོང་ཚོའི་རྒྱུགས་སྤྲོད་ཀྱི་ནུས་པ་ཡང་ཞན་མི་སྲིད”ཅེས་སོ། ། རྗེས་སུ་དངོས་གནས་དེ་དེ་བཞིན་དུ་གྱུར་ཏེ། རྒྱུན་སྲོལ་གྱི་སློབ་རིམ་འཕར་བའི་འགྲན་རྩོད་ཁྲོད་དུ་ཡང་། ཁོང་གི་སློབ་མ་ཚོར“གཡུལ་འཁྲུག་གི་ནུས་པ”ཁྱད་པར་ཅན་ཞིག་ལྡན་པའི་བདེན་པ་ཀུན་གྱི་མིག་ལམ་དུ་བསྟར་སོང་། དེ་ལྟ་ན། ཁོང་གི་ཚོད་ལྟ་དེ་ནི་ཕུགས་བརྟན་ཅིང། རིགས་པ་དང་མཐུན་པ་ཞིག་ཏུ་ངེས་པས། དེ་ནི་ང་ཚོས་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་གཏོང་འོས་པའི་རིན་ཐང་ཅན་གྱི་ལམ་ཕྲན་ཞིག་ལགས་མོད། དུས་ད་ལྟའི་བར་དུ་ལམ་དེ་འདྲར་སྐྱོད་མཁན་ནི་ཧ་ཅང་ཉུང་བ་མ་ཡིན་ནམ།
ཆན་ཞུའེ་སེན(钱学森)སྐུ་འདའ་ཀར་ཡང་། མི་སེམས་ལ་ཟུག་གཟེར་སྦྱིན་པའི་དྲི་བ་ཞིག་འདི་ལྟར་བཏོན་པ་སྟེ། “ང་ཚོའི་སློབ་གྲྭ་དག་ཏུ་ཕུལ་བྱུང་འཇོན་ནུས་ཅན་གྱི་མི་བུ་སྐྱེད་སྲིང་བྱེད་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ”ཞེས་པའོ། ། འུ་ཅག་ཁ་སྐྱེངས་པོ་བཟོས་ཤིང་བཟོ་བཞིན་པའི་གནད་དོན་འདི་ནི། རྒྱལ་ཁབ་འདིའི་མཐོ་དམན་ཀུན་གྱི་སེམས་ངོར་ལྗིད་ཏིག་ཏིག་ཏུ་ལྷུང་ནས་ལོ་ངོ་མང་པོ་འགོར་ཡོད་ཨང་།
དེང་སྐབས་ཁེ་ཕན་རིང་ལུགས་ཀྱི་བསྟན་པ་ཆེས་ཆེར་དར་གྱིན་པའི་ཀློང་དུ། སློབ་གྲྭའི་སྣོད་ཀྱི་བཀོད་པ་དང་སྒྲིག་ཆས་ཇི་འདྲའི་ཕུན་སུམ་ཚོགས་པ་ཞིག་ཡོད་རུང་། “སློབ་སྦྱོང་ལ་གླེན་འཇུག་བྱེད་པའམ། གཟུགས་བརྙན་ཙམ་གྱི་སློབ་སྦྱོང་ལ་བརྩོན་པའམ། ལམ་གོལ་དུ་འཕྱན་པའི་ཤེས་ཡོན་ལ་སྦྱངས་པ”སོགས་ཀྱི་སྒོ་ནས། རྒྱུགས་འཕྲོད་ཐབས་ཙམ་ལ་འབད་རྐྱང་བྱེད་ཀྱིན་པའི་སློབ་གསོ་འདིས་ནི། སྔར་བཞིན་དུ། བྱིས་པ་རྣམས་གོམ་ཁ་ཕྱེ་མ་ཐག་ནས་ས་རུ་འགྱེལ་ངེས་པའི་བདེན་དོན་དེ། མི་ཕལ་མོ་ཆེས་ནི་ད་རུང་རྟོགས་ཐུབ་ཀྱི་མེད་པ་རེད།
མདོར་ན། ཕུལ་བྱུང་མཆོག་གྱུར་གྱི་སློབ་གྲྭ་ཞིག་ཡིན་མིན་ནི། སློབ་གྲྭ་གང་དེའི་ཕྱིའི་ཁོར་ཡུག་དང་། ནང་གི་སྒྲིག་ཆས་སོགས་རབ་དང་། རྩེ་མོ་དང་། གྱ་ནོམ་པ་ཞིག་ཡིན་མིན་གྱིས་འཇོག་རྒྱུ་མ་ཡིན་པར། སློབ་གྲྭ་དེར་མིང་དོན་མཚུངས་པའི་དགེ་རྒན་གྱི་དཔུང་སྡེ་ཚད་ལྡན་ཞིག་ཡོད་མེད་ཀྱི་སྒོ་ནས་བཞག་ན་འགྲིག་པར་སྙམ་མོ། །
(ཕྱི་ལོ2013ལོའི《ཀློག་པ་པོ》ཐེངས2པའི་སྟེང་བཀོད།)