ཁྲོ་གཏུམ།
ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢ ཉིན། འདི་ག་ཨོ་གླིང་གནས་མཁར་གསར་གཟའ་མཇུག་སློབ་གྲྭའི་དངོས་གཞི་དང་རྨང་གཞི་འཛིན་གྲྭ་གཉིས་སུ་དམིགས་བསལ་ཡིག་རྒྱུགས་ཤིག་བཏང་ཞིང་།
དེ་ཡང་ཕྱི་ལོ་ ༢༠༢༢ ལོའི་NSW མངའ་སྡེ་ཡི་རིག་གཞུང་སྣ་ཚོགས་ཁྱབ་ཁོངས་སུ། མངའ་སྡེ་བློན་ཆེན་བྱ་དགའ་ཞེས་པ་ཞིག་ལོ་ལྟར་གནང་སྲོལ་ཡོད་པ་བཞིན། ད་ལོའི་གནས་མཁར་གསར་གཟའ་མཇུག་སློབ་གྲྭའི་འཛིན་གྲྭ་གཉིས་སུ་བྱ་དགའི་ཆ་རྐྱེན་ལྟར། དམིགས་བསལ་ཡིག་རྒྱུགས་སྐབས་སུ། ས་གནས་ཤེས་རིག་ལས་ཁུངས་ཀྱི་རིག་གཞུང་སྣ་ཚོགས་ཀྱི་འགན་ཁུར་མི་སྣ་ལྕམ་སྐུ་Kara Matheson མཆོག་ཆེད་ཕེབས་ཀྱིས་གཟིགས་ཞིབ་གནང་བ་མ་ཟད། ཡིག་རྒྱུགས་སུ་ཞུགས་མཁན་རྣམས་མཉམ་དུ་འདྲ་དཔར་བསྐྱོན་གནང་སོང་།
སྐབས་འདིའི་ཡིག་རྒྱུགས་ནི་རྒྱ་ནད་༡༩ བའི་རྐྱེན་གྱིས་འཛིན་གྲྭ་ཚོགས་པའི་གོ་སྐབས་མང་པོ་མ་ཐོབ་རྐྱེན། འཛིན་གྲྭ་གསུམ་བཞི་ཞིག་འཚོགས་ཐུབ་བྱུང་བའི་སློབ་ཚན་གཞིར་བཞག་གིས་རྒྱུགས་ཤོག་བཟོས་ཤིང་། སྒྲ་སྙན་འཛིན་གྲྭའི་རྒྱུགས་གཞིའང་དེ་བཞིན་ཡིན་པ་དང་། དམིགས་གསལ་རྒྱུགས་ཤོག་བཟོ་བའི་ཚོགས་ཆུང་བཙུགས་པ་མ་ཟད། ཡིག་རྒྱུགས་གྲུབ་འབྲས་ཁྱབ་བསྒྲགས་བྱས་ཏེ། རྩེ་བཏོག་གིས་འཛིན་གྲྭ་དེ་གཉིས་ལས་མི་གཉིས་སྟེ། བསྟན་འཛིན་གངས་ལྷ་དང་བསྟན་འཛིན་ཚེ་སྐྱིད་མིང་སྲིང་ཟུང་ལ་ད་ལོའི་མངའ་སྡེ་བློན་ཆེན་བྱ་དགའ་ཐོབ་སོང་།
འོན་ཀྱང་ལོ་སྔོན་མར་མངའ་སྡེ་བློན་ཆེན་བྱ་དགའ་ཐོབ་ཟིན་པ་རྣམས་སུ་གོ་སྐབས་གཉིས་པ་མེད་པ་མ་ཟད། ད་ལོའི་རྒྱུགས་ཞུགས་མཁན་ཡོངས་ཀྱི་རྩེ་ཕུད་བསྟན་འཛིན་ཟླ་སྒྲོན་(ལོ་ ༧ )ལགས་སུ་བརྒྱ་ཆའི་༩༨ གྲུབ་འབྲས་ཐོན་ཡོད་ནའང་། དབྱིན་ཇིའི་འཛིན་གྲྭ་གཉིས་པའི་ཡན་ཡིན་པའི་སློབ་བུ་ཞིག་ཡིན་དགོས་པའི་དབང་གིས་བྱ་དགའ་ལེན་པའི་གོ་སྐབས་བྱུང་མི་འདུག
ཉིན་འདིའི་ཞོགས་པའི་ཆུ་ཚོད་ ༩:༣༠ ཐོག རྒྱུགས་ཞུགས་སློབ་མ་རྣམས་རང་རང་གི་ཕ་མ་རྣམས་ཀྱིས་བསྐྱལ་ནས་རྒྱུགས་ལེན་ར་བ་ཐོན་ཞིང་། ཚ་ཚ་འུར་འུར་གྱིས་སློབ་བུ་རྣམས་ཀྱི་ཚོར་བ་སྔར་དང་མ་འདྲ་བར་རིག་པ་སྒྲིམ་པ། དོ་སྣང་དང་ཚོར་བ་རྣོ་བོའི་རྣམ་འགྱུར་གྱི་བྲེལ་ཤ་ལངས་པ། དགེན་རྣམས་སུ་སྐད་ཆ་འདྲི་བ་དང་སློབ་མ་ཕན་ཚུན་བར་གླེང་སློང་བྱེད་པ། བསྐྱར་སྦྱོང་བྱས་པ་རྣམས་དྲན་གསོ་བྱེད་པའི་རྣམ་འགྱུར་སྣ་ཚོགས་ཀྱིས་རྒྱུགས་རར་ཞུགས་སོང་བ་བཅས།།