ཧ་ཆེ་ཕ་ལུ།
དེ་ནས་ཉོན་དང་ཤ་ཉེ་གྲོགས་པོ་ཚོ། །
ཕྲུ་གུ་སྐྱེས་དུས་རྒད་པོ་ཡིན་དོགས་མེད། །
མཐའ་མ་རྒད་པོ་མིན་པ་མེད་དོགས་མེད། །
ཕྲུ་གུ་མ་ཡི་ཁོག་ཏུ་ཤི་བ་མང་། །
དེ་འདྲ་བསམས་ན་ཟུར་པ་བསོད་ནམས་ཆེ། །
ཟླ་ཤས་སྔོན་ནས་དྲ་ཚོམ་འགའ་དང་ངོ་དེབ་ནས་ཡི་གེ་དག་པོ་མེད་པའི་རྩོམ་ཡིག་ཐན་ཐུན་དང་། འཁྱོལ་ལ་མ་འཁྱོལ་བའི་སྐད་ཆ་འདི་འདྲ་བ་འགའ་འདུག
ཟུར་པ་རོ་ལངས་དང་། ཟུར་པ་པོ་ཏོ་རྨོ་ཏོ། ཕུང་རྒན་ཟུར་པའི་ཚོགས། ཤི་རྒྱུ་མེད་པའི་ཟུར་རྒན། ཕྲག་དོག་ཅན་གྱི་ཟུར་པ། བྱས་རྗེས་མེད་པའི་ཟུར་པ། ཟུར་པའི་མིང་འཛིན་ཅན། ལས་གནས་མེད་པའི་ཟུར་པ་ཞེས་པ་འདི་དག་ཡི་གེ་བྲིས་པ་མཐོང་རྒྱུ་ཡོད་ལ་སྐད་ཆ་བཤད་པ་གོ་རྒྱུ་ཡོད། དེ་ཚོ་གོ་ནའང་མི་བདེ་བ་ཞིག་རེད།
ཟུར་པ་ཞེས་པའི་ཚིག་དེའི་འཇུག་སའམ་མདུང་རྩེ་གཏོད་ས་ནི་བཀའ་ཁྲི་དང་བཀའ་བློན་ཟུར་པ་དང་། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་ཟུར་པ། ཚོགས་གཙོ་སྦྲེལ་བོ་དང་སྤྱི་འཐུས་ཟུར་པ། དྲུང་ཆེ་དང་སྲི་ཞུ་ལས་བྱེད་ཟུར་པ། སློབ་གྲྭའི་དབུ་འཛིན་དང་སློབ་སྤྱི་དགེ་ལས་ཟུར་པ། ཆབ་སྲིད་བཙོན་པ་ཟུར་པ། གཞོན་ནུའི་ཚོགས་གཙོ་དང་ཚོགས་མི་ཟུར་པ། བུད་མེད་ཚོགས་གཙོ་དང་ཚོགས་མི་ཟུར་པ་བཅས་རེད། ཡིན་ན་ཡང་། མཁན་པོ་དགེ་བཤེས་དང་གྲྭ་བ་ཟུར་པ་ཞེས་གོ་རྒྱུ་མི་འདུག་པས་ཁོང་རྣམ་པ་ལ་ཁོ་ཚོའི་ཁ་ནས་གུ་ཡངས་ཤིག་ཐོབ་ཡོད་པ་འདྲ།
ཟུར་པ་རོ་ལངས་བརྒྱབ་བྱུང་དང་། དཔུང་པ་བསྒྲིགས་སོང་། ས་འོག་དར་ཐག་འཐེན་སོང་། ལྐོག་གཡོ་ངན་བྱུས་བཤམས་སོང་། སྒྲིག་འཛུགས་གཏོར་སོང་ཞེས་བསྙོན་འཛུགས་དང་། འཇོན་ཐང་བྱས་རྗེས་ལྷག་བསམ་མེད་པ་དང་། མི་ཚེ་གླ་ཕོགས་བཟས་པ། ལས་ཤོག་རྐུན་མ་བརྒྱབ་ནས་ཁེ་བཟང་བླངས་རབས། རང་གི་བཟའ་ཟླ་ཕྲུ་གུ་རྩྭ་བཟང་ས་དང་ཆུ་བཟང་ས་བཏང་བ། ཟུར་པ་ཚོ་ཟུར་ཚར་བ་རེད་ཇུས་གཏོགས་མེད་ཅེས་ཀླན་ཀ་དང་དམའ་འབེབས་འདི་ཚོ་གོ་དུས་དང་པོ་དགོད་བྲོ་བ་དང་དེ་ནས་ངུ་བྲོ་བ་ཞིག་རེད།
བསྙོན་འཛུགས་ནི་བསྙོན་འཛུགས་རང་ཡིན་པས་དེ་ལ་གཞི་རྩ་ཞིག་མེད་པ་མ་ཟད། ཀླན་ཀ་དམའ་འབེབས་དེ་དག་ཀྱང་དོན་དང་མཐུན་པ་ཞིག་ཡེ་ནས་མིན། ཁོང་རྣམ་པ་འཇོན་ཐང་དང་། བྱས་རྗེས། ལྷག་བསམ་མེད་པ་དེ་འདྲ་ཞིག་གང་ནས་ཡིན། བཙན་བྱོལ་གྱི་བྱུང་རབས་ལོ་ངོ་དྲུག་ཅུའི་ནང་མེད་པ་ནས་ཡོད་པ། ཡོད་པ་ནས་ཡར་རྒྱས། ཡར་རྒྱས་ནས་གྲ་རྒྱས་ཁྲ་ལམ་ལམ། ཡར་སྐྱོང་ན་སྐྱོང་རྒྱུ་ཡོད་པ། མར་གཏོར་ན་གཏོར་རྒྱུ་ཡོད་པ་འདི། ཁོང་རྣམ་པས་༸སྐྱབས་མགོན་རིན་པོ་ཆེའི་དབུ་འོག་དཔུང་འདེགས་བྱས་ནས་བྱུང་བ་ཞིག་ལས། ཡར་སྐྱེས་ས་ཡི་རྩྭ་དང་། མར་བབས་དགུང་གི་ཆར་ཞིག་གང་ནས་ཡིན། ད་འཇོན་ཐང་དང་བྱས་རྗེས་མེད་པ་ཞིག་རེད་འདུག་གམ། ཡང་གཅིག་བཤད་ན། ཁོ་ཚོའི་མི་ཚེ་ནི་༸རྒྱལ་བའི་བཀའ་དགོངས་དང་བོད་པའི་བདེ་སྡུག་ལ་བསྟིམས་ཏེ་རྫོགས་སོང་བ་རེད། ད་དུང་ལྷག་བསམ་མེད་ཅེས་ཁའི་ཟུར་ནས་ཐོན་ཕོད་དམ། སྤྱི་ཟུར་ནོར་བུ་དར་རྒྱས་ལགས་ཀྱིས། “མང་པོ་ཞིག་གིས་ཤེས་ཀྱི་མི་འདུག སྒྲིག་འཛུགས་འདི་དཀའ་ལས་ག་ཚད་ཅིག་བརྒྱབ་ནས་བྱུང་བ་རེད། ༸རྒྱལ་བ་རིན་པོ་ཆེས་འོ་བརྒྱལ་དང་། མི་མང་པོས་དཀའ་ལས་བརྒྱབ་ཡོད་རེད།” ཅེས་པ་འདི་ཤིན་ཏུ་བདེན་པའི་གཏམ་ཞིག་ཅི་ལ་མིན།
ཨ་ཅང་ཅང་། ཟུར་པ་ཡོད་ཚད་ལས་རྒྱུན་རིང་པོ་དང་བྱས་རྗེས་ཅན་ཤ་སྟག་ཅིག་ག་ལ་ཡིན། ཡིན་ནའང་། ཁོང་རྣམ་པ་ཡང་བྱས་རྗེས་མེད་ན་ལས་རྗེས་ཡོད་ལ། ལག་རྗེས་མེད་ན་རྐང་རྗེས་རེ་ངེས་པར་དུ་ཡོད་པས། ཁ་སྟོང་པ་དང་། ལག་སྟོང་པ། མི་ཚེ་སྟོང་པ་ཅན་ཚོ་ལས་དགའ་རབ་དྲག་པ་མ་ཡིན་ནམ།
ཡར་རྒྱས་གྲ་རྒྱས་གཏོང་རྒྱུ་དཀའ་ཙམ་གདའ། །
ཡོད་པ་ཡར་རྒྱས་གཏོང་རྒྱུ་དེ་བས་དཀའ། །
མེད་པ་ཡོད་པ་བཟོ་རྒྱུ་ཤིན་ཏུ་དཀའ། །
དེ་འདྲ་བསམ་ན་ཆུང་ཆུང་གང་ནས་ཡིན། །
ཁ་སྟོང་ལག་སྟོང་མི་ཚེ་སྟོང་ཟད་མང་། །
དེ་འདྲ་བསམ་ན་ཟུར་པ་བྱས་རྗེས་ཆེ། །
འགྲོ་བ་མི་ཞིག་ཡིན་ཕྱིན་ཟས་གོས་གནས་མལ་ནི། མ་མཐའི་འཚོ་སྡོད་ཀྱི་ཆ་རྐྱེན་ཞིག་ཡིན་པས། ཁོ་ཚོ་ལ་གླ་ཕོགས་ཤིག་གདའ་ལོས་དགོས། ལས་བྱེད་གླ་ཕོགས་ཀྱིས་ཕྲུ་གུའི་སློབ་ཡོན་བཏང་བ་གོ་ན་སྒྲ་ལོག་རེད་ལ། ལས་བྱེད་གླ་ཕོགས་ཀྱིས་ས་ཁང་ཉོས་པ་མཐོང་ན་མིག་འཁྲུལ་པ་རེད། དེར་བརྟེན་ཟུར་པས་གླ་ཆ་བཟས་སོང་ཞེས་ཁ་རྡུང་གཏོང་བ་ནི། བོད་ཀྱི་ཁ་དཔེར། གནས་ཚང་གཡར་བའི་ངོ་སོ་མེད་པར། ཁང་ཁོག་ཆེ་བའི་ངོ་མཚར་ཟེར་བ་ལྟར། དེ་ཡན་གྱི་ངོ་ཚ་ཁྲེལ་མེད་ཀྱི་སྐད་ཆ་ཞིག་གང་ན་ཡོད།
ཁོ་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤོག་བེད་ལོག་སྤྱོད་མཁན་དང་བེད་ལོག་སྤྱད་ནས་ཁེ་བཟང་ཆེན་པོ་ཞིག་རག་རྒྱུ་ཡོད་ཚེ། ཟུར་པ་རྣམས་རྒྱ་གར་ནང་ལ་བོད་པ་བཙན་བྱོལ་བ་རྣམས་དང་སྤྱི་འགྲེ་སྤྱི་མཚུངས་བྱས་ནས་སྡོད་དགོས་དོན་མེད་ལ། ཕྱི་རྒྱལ་ལ་ཡང་སྤྱི་འགྲེ་སྤྱི་མཚུངས་བྱས་ནས་སྐྱབས་བཅོལ་ཞུ་དགོས་དོན་ག་ལ་ཡོད། ལར་ནས་སྐད་ཆ་ཤོད་སྡོད་མཁན་མང་པོ་ཞིག་རྩྭ་བཟང་ས་ལ་འདུག་ག རྒྱ་གར་ལ་ཡོད་པ་ཚོ་ཡིན་ནའང་ཐོན་མཆན་མ་རག་པའམ་སྟབས་ཤིག་མ་འགྲིག་རེད་མ་གཏོགས། རྩྭ་བཟང་ས་འགྲོ་རྐྱང་རེད་པ།
གཞན་ཡང་ལས་ཤོག་ཤིག་བེད་སྤྱད་ནས་མ་ཐོབ་པ་ཞིག་འཐོབ་རྒྱུ་ཡོད་ཚེ། ཤོད་སྡོད་མཁན་ཚོ་ཡང་གཤིས་ཀ་ཐེབས་ཆག་ཅིག་ལས་མི་འདུག་པས། རྒྱ་གར་གྱི་ལས་ཤོག་ཅིག་རྐུན་མ་བརྒྱབ་ནས་ཁེ་བཟང་ཆེན་པོ་ཞིག་ཅིའི་ཕྱིར་མ་བླངས།
བཙན་བྱོལ་སྤྱི་ཚོགས་ནང་འཚོ་ཐབས་དྲག་པའི་ལམ་ཁ་ཞིག་ཡོད་ཚེ། ཟུར་པའི་བཟའ་ཟླ་དང་བུ་ཕྲུག་རྣམས་གང་དྲག་པ་དེ་ཐོབ་དགོས་ངེས་རེད། རྒྱུ་མཚན་ནི། ཁོང་རྣམ་པ་བྱས་ཅན་དྲིན་ཆེན་ཞིག་ཡིན་པ་ལས་ནག་ཅན་སྐྱོན་ཅན་ཞིག་མིན་པས་རེད། ཡིན་ནའང་། ང་ཚོའི་སྒྲིག་འཛུགས་ཀྱི་ལྟ་གྲུབ་ནི་ཁྱོད་ཀྱི་བསམ་ཚོད་བཞིན་མིན་པས་ཟུར་པ་དང་། དེའི་བཟའ་ཟླ་བུ་ཕྲུག་རྣམས་བཙན་བྱོལ་སྤྱི་ཚོགས་ནང་གཅིག་མཚུངས་སུ་གནས་ཡོད་པ་ལས། ཁོ་ཚོ་ལ་དམིགས་བསལ་གྱི་ཐོབ་ཐང་ཞིག་གང་ན་འདུག དེ་ནི་ཉིན་མོ་ལྷས་མ་བརྙེད་པར། མཚན་མོ་འདྲེས་བཙལ་རྒྱུ་ཞིག་རེད་དམ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་གོད་ཆག་རེ་བྱུང་ན། ཟུར་པ་ཚོས་མ་གོ་མ་མཐོང་བ་ལྟར་ཁ་བཙུམས་ནས་ནམ་ཡང་སྡོད་མི་སྲིད། རྒྱུ་མཚན་ནི།
1. ཁོ་ཚོའི་མི་ཚེའི་དད་འདུན་དང་། མི་ཚེའི་རིན་ཐང་། མི་ཚེའི་བརྩེ་དུང་། མི་ཚེའི་བྱ་གཞག་ཅེས་ཡོད་ཚད་ཀྱི་ཡོད་ཚད་སྒྲིག་འཛུགས་འདི་ལ་བསྟིམས་ཚར་བ་རེད།
2. གཞན་དག་ཕར་ཞོག བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་བཅུ་གཉིས་པ། གཞི་རྩའི་རང་དབང་དང་། ཐོབ་ཐང་། ལོངས་སུ་སྤྱོད་ཆོག་པ་དང་། དོན་ཚན་བཅུ་གསུམ་པ། ཡུལ་མིའི་ལས་འགན་ལེན་དགོས་པ་དེ་བཅའ་ཁྲིམས་ཀྱི་བཀའ་རྒྱ་མ་ཡིན་ནམ། ཟུར་པ་རོ་ལངས་བརྒྱབ་བྱུང་ཞེས་ཁོང་རྣམ་པའི་གཞི་རྩའི་ཐོབ་དབང་ལ་བཀག་འགོག་བྱས་པ་དེ་ཐད་ཀར་བཅའ་ཁྲིམས་ཀྱི་སྙིང་དོན་དང་འགལ་ཡོད་པས། ཁྱོད་ལ་ངོ་ཚ་རྒྱུ་ཞིག་མེད་ནའང་། བག་ཚ་བ་ཞིག་མི་འདུག་གམ།
མདོར་ན། སྒྲིག་འཛུགས་འདི་གོད་ཆག་རེ་བྱུང་ན་ཁོ་ཚོ་ཟུར་ཚར་བ་ཡིན་ཞེས་མི་སྡོད་པར་བཅའ་ཁྲིམས་ཀྱིས་བསྐུར་བའི་འགན་དབང་ཐོད་དུ་བཅིངས་ཏེ། ད་ཆ་ཐོན་དང་འཐོན་བཞིན་པ་ལྟར། མ་འོངས་པར་ཡང་དགོས་པའི་དུས་སུ་ངེས་པར་དུ་དོན་ཡོང་གི་རེད། དངོས་གནས་དོན་ཡོང་གི་རེེད། རྒྱུ་མཚན་ནི། ཁོང་ཚོས་རང་ཉིད་ཀྱི་མི་ཚེའི་ཆ་ཤས་སམ་ཕྱེད་ཀ ཡང་ན། ཚེ་གང་སྒྲིག་འཛུགས་འདིའི་དོན་དུ་བློས་བཏང་ཚར་ནས་མེད་པ་ལ། ད་དུང་བློས་མ་ཐོངས་པ་གཞན་ཞིག་ཡོད་དོགས་མེད། ཁོ་ཚོ་ལ་ཆ་མཚོན་ན་དགའ་བའི་དངོས་པོ་ཉིད་ནི་སྒྲིག་འཛུགས་འདི་ཁོ་ན་ཡིན་ངེས་རེད།
རྒན་རྣམས་སྲི་ཞུ་ཕུ་དུད་བྱེད་དགོས་ཞེས། །
མི་ཆོས་གཙང་མའི་ལུགས་ལས་དེ་ལྟར་ཐོས། །
ལྕགས་ཀྱི་ལྕགས་རིའི་མཚམས་ལ་སླེབས་པའི་དུས། །
གཞོན་པའི་ཤེད་ལས་རྒད་པོའི་བྱུས་བྱ་བཟང༌། །
ཧ་ཆེ་ཕ་ལུས་སྙིང་གཏམ་བཤད་ཡོད་དོ། །
གོ་འདོད་ཡོད་པ་རྣམས་ལ་གོ་རྒྱུ་ཡིན། །
གོ་འདོད་མེད་པ་རྣམས་ལ་གོ་བསྐོན་ཡིན། །
ཉན་དང་མི་ཉན་རང་རང་སོ་སོ་རེད། །
ཟུར་པ་རྣམས་ལ་ཁ་གཏོང་མཁན་ཡོད་རྒྱུ་མ་རེད་། གལ་སྲིད་ཁ་གཏོང་མཁན་ཡོད་ན་དྲིན་ལན་ལོག་མཇལ་དང་བཟང་ལན་ངན་མཇལ་ཆང་ལན་ཆུ་མཇལ་ཟེར་བའི་དཔེ་ལས་གཞན་ཅང་མ་མཐོང་། བཙན་བྱོལ་སྒྲིག་ འཛུགས་ཧྲ་ཐག་ཐག་བཟོ་མཁན་ད་ལྟའི་བཀའ་ཁྲི་ཟུར་པ་དང་བཀའ་བློན་ཟུར་པ་། ཁྲིམས་ཞིབ་ཟུར་པ་། སྤྱི་འཐུས་ཟུར་པ་། གཞུང་ཞབས་ཟུར་པ་སོགས་་ནས་་༸གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཞུས་པའི་ཐུགས་རྗེ་བཀའ་དྲིན་ལས་བྱུང་བ་རེད་། དེ་ལ་མ་འདོད་བྱེད་མཁན་ཡོད་ན་རང་གི་བྱས་ན་མ་འཇོན་མི་གི་བྱས་ན་མིག་ཚ་ཟེར་བ་རེད་།