གསལ་ལེ་རྒྱལ།
བརྗོད་བྱའི་དོན་དང་ཚིག་གི་སྦྱོར་བ་སོགས།།
ཡིད་ལ་འཐད་པ་ཅི་ཡང་མེད་ན་ཡང་།།
དགའ་སྐྱོ་ཆགས་སྡང་ཚོར་བའི་རི་མོ་དག།
དབྱངས་གསལ་སོ་བཞིའི་གཟུགས་སུ་འགོད་པར་བརྩོན།།
བྱུང་ན་ཁ་བ་རི་བའི་སྐད་ཡིག་གི།།
ཚེ་ལ་སྲོག་གི་གཟུངས་འཇུག་འཐོབ་པར་གྱིས།།
མ་བྱུང་ན་ཡང་རང་སེམས་འགྱོད་པའི་རྒྱུ།།
ཡིག་རིགས་གཞན་པའི་དབང་དུ་མ་གྱུར་ཅིག།
ཡིག་ནོར་གཏག་ནོར་ཁ་སྤུ་ངོ་སྤུ་བཞིན།།
ཁ་སང་མེད་ཀྱང་དེ་རིང་མངོན་པ་དེར།།
རིགས་ཞེན་སྤུ་གྲིའི་བསམ་གཏན་སོ་བ་ཚུགས།།
གང་ནས་རིག་ན་གཤེད་མའི་སྡང་སྡིགས་སྟོན།།
ཆགས་པས་མྱོས་པའི་གྲྭ་བ་སྨྱོན་པའི་སེམས།།
བློས་བཏགས་འཕྱོན་མའི་རྐུབ་ལ་ཤོར་བ་བཞིན།།
རྒྱུན་ཆགས་བསམ་གཏན་གཡོ་མེད་ཏིང་འཛིན་གྱིས།།
སྡེབ་ལེགས་ཚིག་གི་ཆུང་མ་སྙིང་ལ་སྒོམས།།
ལེགས་སྦྱར་སྐད་ཀྱི་བུས་པ་བགད་པའི་ངག།
ངག་དབང་ལྷ་མོའི་ངག་ལ་ཞུགས་པའི་དབྱངས།།
དབྱངས་གསལ་སོ་བཞིའི་སྐུ་ཡི་མངལ་དུ་ཆགས།།
ཆགས་བྲལ་ཐོགས་མེད་རྒྱལ་བའི་སྲས་སུ་འཁྲུངས།།
སྲས་ཀྱི་ཐུ་བོ་ཐུ་བྷོད་རིག་པའི་གནས།།
མཐའ་དག་མ་ལུས་སྦྲུམ་པའི་དབྱངས་ཅན་མས།།
བློ་བཟང་གྲགས་པའི་ཡིད་ཀྱི་བརྟན་པ་འཕྲོག།
“རིང་ནས་བརྩེ་བའི་ལྷ་མོ་༼ད་བྱོན༽”གསུངས།།
“སྙན་ངག་སྨྲ་བ་ཀུན་གྱི་མགོ་བོ་ལ།།
ཚིག་གི་རྐང་བ་འཇོག་མཁན་”མཁས་གྲུབ་རྗེའང་།།
དབྱངས་གསལ་སོ་བཞིའི་སྦྱོར་བ་ཁོ་ན་ཡིས།།
སྨྱུག་ཐོགས་འགྲོ་བ་ཀུན་གྱི་རྒྱལ་བོར་གྱུར།།
སམ་ཀྲི་ཏ་ཡི་སྐད་དུའང་མ་ཤོང་བའི།།
པཎ་གྲུབ་བཅུ་བདུན་བསྟོད་པའི་གསོལ་འདེབས་སོགས།།
བོད་པའི་སྐད་ན་གསེར་གྱི་འོད་འཕྲོ་བ།།
ཡོངས་རྫོགས་བསྟན་པའི་མངའ་བདག་ཆེན་མོས་མཛད།།
རང་སྐད་རྒྱ་མཚོའི་རྦ་རླབས་གཡོ་བ་རུ།།
གཞན་སྐད་ཀོ་གྱོང་མཆིལ་མས་སུ་ཡིས་མཉེ།།
ལས་ཀྱིས་བཙོན་ཐག་བཅད་པའི་ས་མཐའ་རུ།།
དབྱངས་གསལ་སོ་བཞིའི་སྲོག་ཁྲིམས་སུ་ཡིས་འཁུར།།
སྣ་ཚོགས་སྐད་ཀྱི་ཁོ་ལག་རྫོགས་པ་ང་།།
རིང་ནས་བརྩེ་བའི་དབྱངས་གསལ་སོ་བཞི་ག།
འོས་ཤིང་འཚམས་པ་སྙན་ངག་སྨྲ་བའི་ཁ།།
རིག་བྱེད་གཏམ་གྱི་ཁང་བཟང་འདེགས་པའི་ཀ།
༡༥/༠༤/༢༠༢༢ ཕ་རེ་སི་ནས།