ཀླུ་སྨྱོན་ཧེ་རུ་ཀ
(སྒྲུང་ཐུང་འདི་ནི་ཁོ་བོ་དང་སྤུན་བླ་ནག་པ་ཡེ་ཤེས་བཟང་པོའམ་ལྡོང་ཕྲུག་སོགས་གྲྭ་རྐྱང་འགས་སྤྱི་ལོ་ ༡༩༩༠ ལོར་བཏོན་པའི་བོད་ཀྱི་དགོན་པའི་ལོ་དེབ་ཐོག་མ་ལྗང་མྱུག་ཅེས་པ་དེའི་སྟེང་སྤེལ་འདུག་ལ། ཉེ་ཆར་གྲོགས་པོ་ཞིག་གིས་དུས་དེབ་དེའི་འདྲ་པར་འགའ་བསྐུར་བྱུང་བས། འདས་དོན་མང་པོ་ཞིག་དྲན་པའི་མེ་ལོང་ངོས་སུ་ལམ་ལམ་ཤར་ཡོང་། )
ཁོ་རང་སྟེ། ལོ་ན་ལྔ་བཅུར་སོན་ཅིང་ལུས་སྟེང་གི་སློག་པ་ཆེན་པོ་དེ་ལས་གཞན་སྐྲ་དང་མིག་སྣ་ཙམ་ལས། སྐམ་ཞིང་རིད་པའི་ལུས་པོ་དེ་མོ་བྷོ་སང་གི་སྨྱུག་འོག་ནས་ཐོན་པའི་ཡུས་ལི་ལས་དཔེ་འཇོག་མི་དགོས་པའི་བགྲེས་པོ་མགོ་དཀར་ཞིག གླང་ཆེན་རྫ་འདབས་ནས་ལམ་ལ་ཆས་ཏེ་ཉིན་ལམ་གསུམ་གྱི་ངལ་བས་གཡག་རྒན་རོག་ལྡང་དང་ཁོ་གཉིས་Sརྫོང་མཁར་གྱི་གཞི་རུ་འབྱོར། གཞི་རྒྱ་ཧ་ཅང་ཆེ་རྒྱུ་མེད་ནའང་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་རྫོང་མཁར་འདིར་ཁང་བརྩེགས་འགའ་རེ་གནམ་དུ་གཟེངས་ཤིང་། རླངས་འཁོར་ལ་ལ་རླུང་ལྟར་མྱུར་བར་ཁོ་རང་ངོ་མཚར་སྐྱེས་ལ་ཚིག་པ་ཡང་ཟ།
ཚོང་པ་མང་པོས་ཁྲ་ཁྲ་རིག་རིག་གི་ཚོང་རྫས་སྣ་ཚོགས་བཤམས་ཏེ་ཉོ་མཁན་འགུག་པའི་ཚུལ་དེ་ནི། འབྲོག་པའི་རུ་དཀྱིལ་ནས་སིལ་ཏོག་འཚོང་བ་རེ་གཉིས་ཀྱིས་སྐད་འཛེར་འཛེར་གྱིས་ཉོ་མཁན་འབོད་པ་དང་ཧ་ཅང་ལྡོག་ཟླར་སྣང་།
ཁོས་གཡག་རྒན་གློག་སྡོང་ཞིག་ལ་བཏགས་རྗེས། ཇ་དང་ཚྭ་ཁུ་ཏོག་ཙམ་ཉོ་ཕྱིར་ཡར་འགྲོ་མར་འོང་གི་འགྲུལ་བ་ཆུ་བོའི་རྒྱུན་དང་མཚུངས་པའི་ཚོང་ཁང་སུམ་ཐོག་དེའི་ནང་དུ་འཛུལ། ཁོ་རང་སྒྲོམ་སྟེགས་ཀྱི་ཁར་སོང་ནས་སྐད་ཆེན་པོས། ཨ་རོགས་རྒྱ་མོ། ཚོང་ཞིག་རྒྱོབས་དང་། ཞེས་བོས་པ་ན། ཞབས་ཞུ་བ་བུ་མོ་དེས་ལག་གི་གསར་ཤོག་དེ་མར་བཞག་ནས་ཡར་ལངས་པས། ཁོས་མགོ་སྐྲ་ཟིང་ཟིང་བཟོས་ཤིང་གདོང་ལ་དཀར་དམར་བྱུགས་པའི་གཞོན་ནུ་མ་དེ་མཐོང་མ་ཐག ཕྱིར་ནུར་ཞིག་བྱས་ཏེ་ཁ་ནས་རང་དབང་མེད་པར། ཨ་ཙི། འདྲེ་་་འདྲེ་མོ་ཞིག ཟེར་ཞོར་ཁ་ཕྱིར་འཁོར་ཏེ་ནམ་ཞིག་ལ་སྒོར་ཐོན་པའང་མ་ཚོར།
ཁོ་ཐབས་ཟད་དེ་ཧེ་རིགས་ཚོང་བ་ཞིག་ལ་གོང་ཆེན་བྱིན་ནས་ཇ་དང་ཚྭ་ཁུ་ཁུག་མ་གང་ཉོས། ཁོ་ལ་ལྟོགས་སྣང་ཞིག་སྐྱེས་པས་ཟ་ཁང་བཙལ་དུ་སོང་། འཇམ་རླུང་གིས་ལྷབ་ལྷུབ་ཏུ་སྐྱོད་པའི་སྒོ་ཡོལ་གྱི་ངོས་སུ་ ‘རྣོ་ཁབ་ལེན་ཟ་ཁང་’ ཞེས་བྲིས་པའི་ཟ་ཁང་དེའི་ནང་དུ་འཛུལ་བ་ན། མིག་མདུན་གྱི་མི་དེ་ཚོའི་ལ་ལས་རྟ་གཅིན་དང་འདྲ་བའི་ཆང་ཞིག་འཐུང་ཞིང་། ལ་ལས་རྒྱུ་འབུ་ལེབ་རིང་ལྟ་བུའི་ཟ་མ་ཞིག་བཟའ་བཞིན་འདུག་པས། ཁོར་གཏིང་ནས་སྐྱུག་རྒྱུ་ཞིག་ཡོང་སྟེ་ལྟོགས་སྣང་དེ་ཡང་གར་སོང་ཆ་མེད་དུ་ཡལ།
བཞི་སྲང་གི་གཡོན་ཕྱོགས་སུ་སྒོ་ཁའི་གློག་དུང་ལས་ལ་གཞས་ལྷང་ལྷང་གྲགས་པའི་ཁང་རྩེག་ཅིག་ཀྲོང་ངེར་འགྱིངས་འདུག་ལ། གླུ་མ་དེའི་ངག་གི་དབྱངས་རྟ་སྙན་མོས་ཁོ་རང་ཁང་རྩེག་དེའི་སྒོ་ཁར་དྲངས་སོང་། འོད་འཚེར་བའི་སྒོ་བྱང་དེའི་ངོས་སུ་ ‘རྫོང་རིག་གནས་ཕོ་བྲང་གི་ཤམ་བྷ་ལའི་ལ་གཞས་ཁང་’ ཞེས་བྲིས་འདུག་པས། ཁོས་ “སྙིགས་དུས་ཀྱི་མི་འདི་ཚོས་ཞིང་མཆོག་ཤམ་བྷ་ལ་ཡང་རྩེད་སྤྱད་བྱེད་ཀྱིན་འདུག ལྟས་ངན་དེ་ཚོ།” ཞེས་དམོད་ཞོར་སེམས་ལ་ཆུང་དུས་ཕ་རྒན་གྱིས་བསླབས་པའི་ཤམ་བྷ་ལའི་སྨོན་ལམ་གྱི་ཚིག་དུམ་བུ་ཞིག་ཤར་བྱུང་།
“སེམས་རང་སྣང་དག་པའི་ལས་ཅན་རྣམས།།
ཞིང་མཆོག་གྱུར་ཤམ་བྷ་ལ་རུ་སྐྱེ།།”
ལ་གཞས་དེ་སླར་ཡང་ཁོའི་རྣ་ལམ་དུ་ཐེངས་ཤིག་གྲགས་པས། ཁོར་མྱུར་དུ་ས་ཆ་འདི་དང་ཁ་འབྲལ་འདོད་སྐྱེས། ཁོ་རང་གཡག་རྒན་རོག་ལྡང་ལ་ཞོན་ནས་ཕྱིར་ལམ་ལ་ཆས་ཤིང་། སེམས་ཀྱི་ཡོལ་བའི་ངོས་སུ་ཤམ་བྷ་ལའི་ལ་གཞས་ཁང་དང་། གླུ་མ་དེའི་ངག་གི་འགྱུར་ཁུག ཤམ་བྷ་ལའི་སྨོན་ལམ་རེས་མོས་ཀྱིས་ཤར་བཞིན་འདུག
1992 ལོ་ཡིན་ན་བོད་ཀྱི་དགོན་པའི་ལོ་དེབ་ཐོག་མ་ག་ལ་ཡིན། འུར་ཤོབ་དེ་འདྲ་བཤད་ནས་ངོ་མི་ཚའམ།
དགོངས་དག ལྗང་མྱུག་ཐོག་མར་བཏོན་པའི་ལོ་དེ་ ༡༩༩༠ ལོ་རེད་འདུག
སྤྱི་ལོ་ ༢༠༡༥ ལོར་ལྗང་མྱུག་ལོ་དེབ་བཏོན་ནས་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ་གཟབ་རྒྱས་ཤིག་ཟི་ལིང་ཡིས་ལི་གསོལ་མགྲོན་ཁང་ཆེན་མོར་བསྡུས་འདུག་ལ། དེའི་སྟེང་དུ་བརྩམས་ཆོས་སྐོར་ཞིག་ལ་བྱ་དགའ་ཐོབ་པའི་གྲས་སུ་ངའི་བརྩམས་སྒྲུང་ ཕྱིང་དཀར་ལྷུན་པོའི་འདབས་ཀྱི་གསང་བ་བཙལ་བའི་གཏམ་རྒྱུད་ཀྱང་འདུག
https://www.qhtibetan.com/content/59db21639843930854312d75.html