དགེ་འདུན་རྒྱ་མཚོ།
༐ བློ་བཟང་རབ་ཡངས་མཁྱེན་པའི་མཁའ་ལ་ལེགས་བཤད་ཆུ་འཛིན་འབུམ་དཀྲིགས་ཏེ།། ལུང་རིགས་གྲུ་ཆར་རྟག་ཏུ་འབེབས་ལ་བཤད་སྒྲུབ་རླུང་གི་འགྲོས་བཟང་མྱུར།། བསྟན་པའི་དེ་ཉིད་འཛིན་ལ་དབང་འབྱོར་མཁས་གྲུབ་བྱེ་བའི་གར་འཕྲེང་ཅན།། ཐར་འདོད་རྐང་འཐུང་སྐྱོང་བའི་མགོན་ཁྱོད་ཟུར་ཕུད་མཛེས་པའི་རྒྱན་དུ་བཞུགས།། ༐ཕྱོགས་བཅུའི་ཞིང་ན་ཇི་སྙེད་བགྲང་ཡས་ས་ཡི་རྡུལ་དང་མཉམ་པའི་བདེར་གཤེགས་གངྒཱའི་ཀླུང་ཉིད་ལ།། མཆོད་པའི་མེ་ཏོག་སྙིམ་པར་འཆིང་རྣམས་མི་ཕྱེད་དད་པའི་རི་བོ་ལྷན་ཅིག་ས་ལ་བསྙིལ་བྱེད་ཅིང་།། བསྔགས་པའི་ཚིག་འཕྲེང་ཨུཏྤལ་ལྟེ་བར་སྦྲང་རྩི་རྐང་བ་འགོས་རྣམས་མྱོས་པའི་གླུ་དབྱངས་མཐོར་བཏེགས་ཏེ།། དངོས་བརྒྱུད་བླ་མའི་ཡོན་ཏན་ཆ་ཙམ་ཇི་བཞིན་བརྗོད་ལ་དགེ་ཚོགས་བསྡུ་ཞེས་རྒྱལ་རྣམས་མགྲིན་གཅིག་གླེང་།།
༑སྔོ་སངས་ཡིད་ཀྱི་མཁའ་དབྱིངས་ངོས་སུ་དྲི་མེད་དཀྱིལ་འཁོར་རབ་བཀྲ་བའི།། བརྗོད་འདོད་ཟླ་བའི་འོད་དཀར་བསིལ་མའི་མཛེསཔའི་གུར་ཁྱིམ་འཚེར་ལ་འཛུམ།། སྙན་འཇེབས་ཚིག་གི་ཟེགས་མ་ཇི་སྙེད་འཛིན་མའི་ཁྱོན་ཀུན་སྤྲོས་པའི་འོད།། འགོག་མེད་འཆར་ལ་གང་གིས་བརྫི་མིན་ཕྲག་དོག་སྦར་མོས་ལྷག་པར་མིན།། ༑དྭངས་ཤིང་བསིལ་ལ་རྙོག་པ་བྲལ་བའི་ཆུ་གཏེར་འཕྱུར་བའི་འཇིངས་དབུས་སུ།། མཐུན་པའི་རླུང་དང་ལྷན་ཅིག་བསྡེབས་ཏེ་ཤུགས་ཀྱིས་བགྲོད་པའི་གྲུ་གཟིངས་ཀྱིས།། འདོད་རྒུའི་རིན་ཆེན་སྣ་མང་འདྲེན་ཕྱིར་བརྩེ་ལྡན་གཞོན་ནུ་དོན་མཐུན་རྣམས།། རབ་རྒྱས་དཔག་བསམ་ར་བའི་ཚལ་ན་དགའ་ཞིང་བྲེལ་བས་རྩེན་པ་བཞིན།། ༑རྨད་བྱུང་གཏམ་གྱི་སྦྱོར་བའི་ཉི་གཞོན་ཚིག་རྒྱན་རླུང་གི་འགྲོས་དང་མཐུན།། མཛད་བཟང་སྣང་བའི་རྣམ་ཐར་གཙང་མའི་ཕྱོགས་ཙམ་བསྡུས་པའི་རོ་འཛིན་མའི།། ཇི་ལྟར་ནུས་བཞིན་དྲང་བོར་བརྗོད་ལ་རྣམ་གྲོལ་དོན་དུ་གཉེར་རྣམས་ཀྱིས།། ཐར་ལམ་གསལ་བའི་སྒྲོན་མེ་འདི་ཟུངས་གཏན་བདེའི་དགའ་བ་མྱུར་དུ་སྒྲུབས།། ༑མཐོ་རིས་ཞིང་གི་བསྔགས་འོས་ཡོན་ཏན་ཀུན།། གླིང་འདིར་འཕོས་པ་མ་བཟོད་འཆི་མེད་ཚོགས།། རབ་དཀར་ཁ་བའི་ཟོལ་གྱིས་བབས་པའི་གཟུགས།། བྱང་ཕྱོགས་འཛིན་མའི་གཙུག་རྒྱན་ཉིད་དུ་སྤུད།། ༑དར་བབས་ལང་ཚོ་ཚར་དུ་དངར་བའི་དཔལ།། པདྨའི་ཟེའུ་འབྲུའི་ཚུལ་བཞིན་སྙིང་ལ་སྡུག། མདོ་ཁམས་སྒང་དྲུག་སྙན་པའི་རྣ་ཆ་ཅན།། གངས་ཅན་ས་ཡི་ཐིག་ལེར་ལྷམ་མེར་བལྟམས།། ༑བྱེད་པོས་པིར་གྱིས་མ་བྲིས་རི་མོའི་མདངས།། འདི་འདྲའི་ལེགས་པའི་ཆ་ཞིག་འབྱུང་དཀའ་ཞེས།། སྤང་གཤོངས་གཡུ་ཡི་མེ་ལོང་བཀྲ་བའི་དབུས།། ཁྲི་ཤོར་རྒྱལ་མོས་རླབས་ཀྱི་འཕྲེང་བ་འབྱེད།། ༑གང་གི་འཇུག་ངོགས་གཡུ་ཡི་མནྜལ་ངོས།། རིན་ཆེན་དང་བོའི་ཕྲ་ཚོམ་འཁྱུག་པའི་གནས།། ནེའུ་གསིང་ཐགས་སུ་བསྐྲུན་པའི་བྱང་ཐང་ན།། དགེ་འདོད་ཆར་བཞིན་འཇོ་བའི་མཐའ་མི་དཔོག། ༑ཕུན་ཚོགས་དཔལ་གྱིས་མཐོ་བའི་རེ་ཁཱ་ལ།། བཀྲ་ཤིས་རྟགས་མཚན་མ་ལུས་ལེགས་སྤུད་པ།། སྐབས་གསུམ་ལྷ་ཡི་ཚལ་ཡང་ཕམ་བྱེད་པའི།། མངོན་དགའ་ཆོས་ཀྱི་ཞིང་ཁམས་གཉིས་པ་ཡོད།། ༑གླུ་གར་རྒྱ་མཚོ་འཐུངས་ཀྱང་མ་ངོམས་པའི།། སྤྲོ་སྐྱིད་སྣང་བའི་གར་སྟེགས་ཡངས་པའི་གཞིར།། ལྷགས་བསམ་འོ་མའི་རྒྱུན་གྱིས་རབ་བཀྲུས་པའི།། སྙིང་རྗེའི་འོད་ཀྱིས་འཁྱུད་པའི་མདངས་ཀྱིས་བྱུགས།། དབང་ཕྱུག་བརྒྱད་ལྡན་ས་ཡི་ཚངས་པ་ཆེ།། འཁོར་སྒྱུར་སྟོང་གིས་ཡོངས་སུ་བསྐོར་བ་ན།། ཞབས་དྲུང་དཀར་བོའི་མཚན་གྱི་སྙན་པ་ནི།། དབྱིག་འཛིན་ལྟོ་བ་རྡུང་བའི་རྔ་ཆེན་བཞིན།། ༑གང་གི་སྐྱེས་སྲིད་པིནྜ་རི་ཀའི་འཕྲེང་།། མངོན་པར་བསྟར་ལ་བརྒྱུས་པ་ཆོས་ཀྱི་རྗེ།། བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་ཞེས།། གྲགས་པའི་དབྱར་རྔ་ས་གསུམ་ཁྱོན་ཀུན་ལྡིར།། ཁ་འབུས་མེ་ཏོག་མུ་རུ་ལོ་རྒན་དུ།། བཅུ་དྲུག་བགྲང་བྱ་གཉིས་པའི་རྣམ་བྱུང་ཞེས།། ཧོར་ཟླ་བཞི་བའི་ཚེས་བཟང་བཅུ་གསུམ་ཉིན།། ལྷུན་འགྲུབ་དཔལ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།། ལ་མོ་སྒར་གཞུང་ཆོས་སྲིད་འཛིན་སྐྱོང་གི།། སྲི་ཞུ་སྣེ་མོ་དུ་མའི་མངོན་འདོད་བཞིན།། བཅུ་གསུམ་པ་ཡིས་ཡེ་ཤེས་དབྱིངས་དཔྱད་ལས།། གོང་མའི་ཡང་སྲིད་འཁྲུལ་བྲལ་ངེས་པ་བརྙེད།། སྐྱེ་རྒུའི་བསོད་ནམས་རྨད་བྱུང་ཤིང་རྟ་ལ།། དྲངས་པའི་རིན་ཆེན་མདའ་བཞི་རིགས་ལས་མཆེད།། ལ་མོ་གདོང་ལྔའི་ཁྲི་འཕང་མནོན་པའི་ཟིལ།། གྲགས་སྙན་བ་དན་དཀར་བོ་ཕྱོགས་སུ་གྱེས།། བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་ཞེས།། མཚན་གྱི་མེ་ཏོག་ཐར་ཤུལ་བླ་མས་བསྩལ།། ལྷར་བཅས་ཡོན་གནས་དམ་པར་གྱུར་བ་དེས།། བསླབ་བཞིའི་ཐུབ་བསྟན་མཛེས་པའི་བརྒྱན་དུ་མནོས།། ༑རྨ་ཆུའི་ལྷོ་རྒྱུད་འབྱུང་བོ་འཛིན་མའི་གཞིར།། ཐིག་ལེ་སྙིང་བོར་ཆགས་པ་ལྷ་ཡི་གྲོང་།། གྲགས་པ་དོན་ལྡན་སྣང་རའི་གསེར་མོ་གཞོངས།། རྨད་བྱུང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཡོད།། ༑གང་གི་ས་འཛིན་ལྟོ་བར་རབ་འཁྱིལ་བའི།། འོག་མིན་ཆོསཀྱི་ཞིང་ཁམས་གཉིས་པ་དེར།། འཆད་རྩོད་དབྱངས་སྙན་སྤེལ་བའི་གྲྭ་ཆེན་པོ།། ཐར་འདོད་ཡིད་ཀ་འདྲེན་པའི་ཞིང་མཆོག་མཛེས།། ༑དབུས་འགྱུར་ལ་མོ་ཆོས་འཁོར་གླིང་མཆོག་དེའི།། གྲགས་སྙན་བསུང་ཞིམ་སྤོས་དཀར་རི་ལས་ལྡང་།། བཟོ་བཀོད་ལག་རྩལ་འབུར་དུ་ཐོན་པའི་ཟིལ།། ལྟ་བྱེད་རི་མོར་འབྲི་བའི་བྱེད་པོ་ཉིད།། ༑གཟི་འོད་ནོར་བུ་སྤུངས་པའི་ཕོ་བྲང་གིས།། བརྒྱ་བྱིན་ཁང་བཟང་དཔལ་ལ་ཅོ་འདྲི་ཞེས།། རྔམ་བརྗིད་བྱིན་ཆགས་འཚེར་བའི་ལྟད་མོ་ལ།། སོར་རྩེ་འགྱུ་བའི་སྙན་ཚིག་ཐང་མར་བཀྲམ།། འོད་སྣང་རྩེ་དགའ་འབྱེད་པའི་ཕོ་བྲང་ཆེར།། སྡེ་བཞིའི་ཕུན་ཚོགས་མཛོད་ལ་དབང་བསྐུར་བ།། ས་ལ་རྒྱུ་བའི་ཚངས་པ་གཞོན་ནུ་ཞིག། མི་འཇིགས་གདོང་ལྔ་འབར་བའི་ཁྲི་ལ་འཁོད།། ༑ཐུབ་པའི་གདུང་འཚོབ་འགྲོ་བ་ཀུན་གྱི་མིག། སྲིད་ཞིའི་ཚ་གདུངས་སེལ་བའི་ཁུར་འཁྱེར་གྱིས།། ཟླ་བྲལ་འདྲེན་པ་ཀུན་གྱི་རལ་བའི་རྩེར།། ཉི་ཟླའི་འོད་སྣང་གངས་རིའི་སྤོ་ལ་བཞིན།། རབ་འབྱམས་རྒྱལ་བ་ཀུན་གྱི་གསང་འཛིན་པ།། ངུར་སྨིག་གར་ལ་རྩེན་པའི་འདྲེན་པ་མཆོག། བློ་བཟང་ལུགས་རིགས་བསྟན་པ་རྒྱ་མཚོའི་སྡེས།། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་སྲིད་བཟུང་།། ཡི་གེའི་ཀློག་འཇུག་སེམས་ཀྱི་གོར་མོར་བྲིས།། འཁྱོར་བའི་གོམ་འགྲོས་བརྡ་སྤྲོད་ངག་གི་སྒོ། རིག་པའི་ཚར་ལོངས་ནམ་མཁའི་མཐོངས་ཕྱེས་ཏེ།། སྐད་སྦྱོར་གཞུང་བཟང་མ་ལུས་ཧུབ་ཀྱིས་འཐུངས།། ༑ཕྱྭ་བ་ཆོས་བཟང་ལས་འོང་གངྒཱའི་རྒྱུན།། རིག་འཕྲུལ་བྱང་བའི་བརྒལ་བརྟག་འགྲོས་ལྡན་མ།། བསྡུར་གྲྭའི་རིགས་ལམ་ཡུར་བ་ལས་དྲངས་ཏེ།། ཤེས་བྱའི་འཛིན་ལ་རྟོལ་བའི་འགྲོས་བཟང་བསྒྱུར།། ༑ཐུགས་བརྩོན་རྟ་གདོང་འབར་བའི་མེ་ལྕེ་ཡིས།། བྷོ་ཌའི་གཞུང་བརྒྱ་འཐུངས་ཀྱང་མ་ངོམས་པར།། ཤར་ཕྱོགས་ཉི་མའི་ཁབ་ཀྱི་ཡི་གེ་སྲོལ།། བློ་གྲོས་བརྟས་ཕྱིར་རང་དགར་ཧུབ་ཀྱིས་དྲངས།། ༑དཀར་ནག་རྒྱ་དང་བོད་ཀྱི་སྐད་ཡིག་ཀུན།། ཅི་དགར་སྨྲ་བའི་སྤོབས་པ་ཡོངས་ཐོབ་སྟེ།། དག་སྦྱོར་ཡི་གེ་བྱིངས་དག་སློབ་པའི་སྒྲ།། རོ་འཛིན་གློག་གི་རྩེ་མོར་ཅི་ཡང་འཁྱུགས།། ༑མཚན་ལྡན་བླ་མའི་ཐུགས་བརྩེའི་འོད་དཀར་གྱིས།། ཐར་འདོད་གཞོན་ནུའི་ངེས་འབྱུང་འཕྲེང་བ་བརྒྱ།། དུས་གཅིག་ཕྱེས་པས་བསླབ་གསུམ་ཟེའུ་འབྲུ་ཅན།། ངུར་སྨིག་ལོ་འདབ་སྟོང་གི་གོས་བཟང་བཀླུབས།། ༑བློ་བཟང་རྒྱལ་བའི་ཐུགས་དགོངས་ཟབ་མོའི་བཅུད།། ཅི་དགར་ལོངས་སུ་སྤྱོད་པའི་སྐལ་བཟང་ལ།། ངོམས་མི་ཤེས་པའི་འཕུར་ལྡིང་རོལ་གར་གྱིས།། ཤེས་བྱའི་མཁའ་མཐའ་ཡངས་པོའི་ཚད་ལས་འགོངས།། ༑ཐ་སྙད་རིག་གནས་ཀུན་ལ་ཕྲ་ཞིབ་ཀྱིས།། བློ་གྲོས་གཤོག་པ་རིང་བོར་བརྐྱང་བའི་བརྡར།། ལུང་རིགས་དབྱངས་སྙན་འབྱིན་པའི་འགྱུར་ཁུག་གིས།། ཐོས་བརྩོན་གཞོན་ནུའི་ཚོགས་ལ་དགའ་སྟོན་འགྱེད།། ༑རིག་པའི་ཀློག་ཆེན་བརྡོལ་བའི་རལ་བ་ལས།། ཁ་འབབ་ལྟོ་བར་འདྲེན་པའི་དྲང་སྲོང་ཆེ།། ཟླ་བྲལ་ཡོངས་འཛིན་བློ་བཟང་མཚན་ཅན་ནི།། གུས་རྟག་སྦྱོར་བས་རིང་དུ་བསྟེན་པར་མཛད།། ༑རིག་འཕྲུལ་སྒྱུ་མའི་དོ་ཤལ་གསར་བའི་འཕྲེང་།། མགུལ་བའི་བརྒྱན་དུ་མནོད་པའི་དཔལ་ཡོན་ལ།། ཚིག་འཁྲི་གཏེར་གྱི་སྒོ་མོ་ཡོངས་ཕྱེ་བར།། བྱིས་བློ་ཅན་རྣམས་དད་པའི་མེ་ཏོག་ཐོར།། སློབ་དཔོན་ཐུགས་འདུན་ཟབ་མོས་བརྩེ་བ་ཡིས།། སྒྲ་དང་ཚད་མའི་གཞུང་དོན་མ་ལུས་ཀུན།། བུམ་པ་གང་འབྱོའི་ཚུད་དུ་ལེགས་མནོས་ཏེ།། རིག་འཕྲུལ་གོ་བ་ཟླ་དང་བྲལ་བར་གྱུར།། ཤོང་སྟོན་ཆེན་པོས་ལེགས་པར་དྲངས་པའི་སྲོལ།། དབྱུག་པ་ཅན་གྱི་དགོངས་བཞེད་མ་ཉམས་པ།། དཔང་ཊིཀ་རྩ་འགྲེལ་སྦྱར་བའི་སྙན་ངག་སྲོལ།། སྨྲ་བའི་རོ་འཛིན་བརྐྱངས་པའི་སྤོབསཔ་རྙེད།། འཕགས་བོད་མཁས་པའི་གསུང་གི་ཉིང་ཁུ་ལ།། དངོས་སུ་མྱངས་པའི་སྙིང་བཅུད་ཐ་དད་པར།། སྙན་ངག་ཀུན་མུད་གསར་བའི་འཁྲི་ཤིང་ལས།། བསུང་ཞིམ་དྲི་ངད་འཐུ་བའི་འདབ་གཤོག་གདེངས།། ༑གྲགས་སྙན་ཨུ་དམ་ཝ་རའི་ཚལ་ལས་ལྡང་།། རིག་འཕྲུལ་འདབ་མ་དགོད་པའི་ལྟིང་ཀ་ལྕི།། དཔྱད་གསུམ་ཁ་ལས་སྐྱུག་པའི་གེ་སར་རྡུལ།། ངོམས་མེད་འཐུང་བའི་སྐལ་བཟང་བརྗོད་ལས་འདས།། ༑ཤར་ལྷོའི་སྲོལ་བཟུང་དཔེར་བརྗོད་ཡོངས་སུ་རྫོགས།། སློབ་དཔོན་དམ་པའི་མན་ངག་བརྒྱན་བཟང་སྤྲས།། མཛུབ་མོའི་སྨྱུག་རྩེར་སྨིན་པའི་ལང་ཚོ་ཡིས།། མཁས་པ་དགྱེས་པའི་ལེགས་བཤད་སྲིད་དུ་བསྒྲགས།། ༑སྙན་འཇེབས་ངག་གི་འདབ་མ་འབུམ་གྲོལ་ཏེ།། ཚིག་དོན་དྲིལ་བའི་དྲི་བཟང་ཡོངས་ཐིབས་པར།། དུག་གསུམ་ཁོལ་མོར་བྱིངས་པའི་མུ་ཏོ་བ།། སྤྲང་དབྱུག་འཆིང་རྣམས་ཕྲག་དོག་ཚེར་མ་གཟེངས།། གདན་ས་ཆེ་དང་ཡོངས་འཛིན་རྣམ་གཉིས་ལས།། མདོ་སྔགས་རིག་གནས་མ་བསླབ་མེད་པ་དེས།། བཤད་སྒྲུབ་བསྟན་པ་འཛིན་དང་སྤེལ་བའི་ཁུར།། ཐུབ་སྟན་རི་སིལ་སྐྱོང་ལ་གངས་སེང་བཞིན།། G ཚད་མའི་གཞུང་ལ་ཕྲ་ཞིབ་རིགས་པ་བརྒྱས།། ཤེས་བྱའི་དེ་ཉིད་གཞལ་ལ་རབ་གཞོལ་བས།། ཆོས་ཀྱི་གྲགས་པའི་རྣམ་དཔྱོད་སོར་མོ་ཡིས།། འགྲེལ་བའི་དགོངས་དོན་བཅུད་ཀྱི་རོ་མངར་མྱངས།། ༑མི་ཕམ་རྒྱལ་བའི་ཞལ་རྒྱུན་གངྒཱའི་ཀླུང་།། སྔོན་མེད་གླིང་འདིར་འདྲེན་མཁས་ཐོགས་མེད་ཀྱི།། རྣམ་རིག་ལྟ་བའི་གཞུང་ལ་དཔྱད་བརྡར་གྱིས།། རྒྱལ་བའི་དགོངས་པ་དྲིལ་བའི་ངེས་པ་རྙེད།། དབུ་སེམས་བརྒལ་ལན་འཐབ་པའི་གཡུལ་ས་ན།། ངེས་དོན་དཔའ་བོས་རྔམ་སྒྲ་ལྡིར་བ་དེར།། རྣམ་གྲོལ་ལམ་བཟང་སྟོན་པའི་ཕོ་ཉ་མོས།། ལུང་རིགས་དགའ་སྟོན་འབྱེད་ལ་སྤྲོ་བ་བརྟས།། ༑མཁས་པ་དགྱེས་པའི་སྲོལ་བཟང་ཆོས་ཀྱི་ཁྲིར།། རྒྱལ་ཕམ་གཡུལ་གྱི་ཁ་ལོ་བསྒྱུར་བའི་འགྲོས།། ཟླ་བའི་བཞེད་དགོངས་རྩུབས་སྟོང་རིག་པའི་འཕྲུལ།། ཐལ་འགྱུར་སྟོབས་ཀྱིས་རྒོལ་བ་འཇོམས་པའང་མཐོང་།། བཤད་སྒྲུབ་འཁོར་ལོ་གསུམ་གྱི་རྩལ་རྫོགས་་ཤིང་།། ཐོས་བསམ་སྒོམ་པའི་འོད་སྣང་འབུམ་འབྱེད་པ།། ཁམས་གསུམ་འགྲོ་བའི་མུན་པ་སེལ་བའི་སྒྲོན།། དྲན་དབང་རྒྱུ་སྐར་དབུས་ན་ཟླ་བ་བཞིན།། མདོ་སྔགས་གཞུང་བརྒྱ་སྨྲ་བའི་མཚན་ཞབས་པ།། མཛོ་བརྒྱའི་བན་རིང་གླལ་བའི་རིག་འཕྲུལ་ལ།། འབྲལ་མེད་རིང་དུ་འགྲོགས་པའི་དགེ་མཚན་བརྒྱས།། གཞུང་དོན་འཚོལ་བའི་ངལ་བ་ཉམས་པར་བྱས།། ༑ཁྱད་པར་འདྲེན་མཆོག་ཀུན་གྱི་རལ་བའི་རྩེར།། ཞབས་སེན་རྡུལ་གྱི་འཕྲེང་བ་འགོད་མཁས་པ།། ཡོངས་འཛིན་དམ་པ་བློ་བཟང་བསྟན་པ་མཆོག།། དཀའ་གནད་་མདུད་རྒྱ་གྲོལ་བའི་ཉིན་མོར་བྱེད།། ༑མཁས་གྲུབ་གདེངས་ཀ་གཡོ་བའི་མདུན་ས་ཆེར།། འཁྲུལ་བྲལ་གཞུང་བཟང་སྟོང་གི་ཉིང་བཅུད་རྣམས།། ངོམས་མེད་ཧུབ་ཀྱིས་འདྲེན་པའི་སྟོབས་བསྐྱེད་དེ།། བསླབ་གསུམ་ནོར་བུའི་བང་མཛོད་གང་བར་བྱས།། ཞལ་དཀྱིལ་ཨུ་དམ་ཝ་ར་རྒྱས་པའི་ཚལ།། ཅི་དགར་བཞེད་པའི་འབེལ་གཏམ་སྦྲང་རྩིའི་རོ།། སྤྱོད་པའི་བློ་གསལ་བྷ་མ་ར་ཡི་ཚོགས།། དད་པའི་གཤོག་ཟུང་གཡོ་བའི་གར་ལ་བྲེལ།། ༑འཆད་པའི་རོལ་རྩལ་གློག་གི་འགྱུར་བག་ངོམ།། རྩོད་པའི་རྣམ་དཔྱོད་དབྱར་གྱི་རྔ་གསང་རྒོད།། རྩོམ་པའི་གྲུ་ཆར་དཔྱིད་ཀྱི་གདུང་སེལ་ཉིད།། དཔྱོད་ལྡན་གསེར་རིའི་ཁྲོད་ན་ལྷུན་པོ་བཞིན།། ༑མཁས་པའི་ལེགས་ཕྱེ་ལྕུག་ཕྲན་ལྡེམ་པའི་རྩེར།། བཙུན་པའི་དྲི་ངད་ལྡང་བའི་ཟེའུ་འབྲུ་སྨིན།། ཀུན་ཕན་ཡལ་འདབ་སྟོང་གིས་བྲེས་པ་ཡིས།། འབྱུང་བོ་འཛོན་མའི་གཞི་ལ་མཛེས་པ་བསྣན།། ༑དཀྱིལ་འཁོར་ངོས་ལ་རི་དྭགས་མཚན་མས་མཛེས།། རྣམ་འཕྲུལ་བུང་བ་འདབ་མའི་གསེབ་ཏུ་འཚངས།། སྤྱན་ཟུང་གཡོ་བ་ཁྱོད་གདོང་འཛུམ་པའི་གཞིར།། རྣམ་པ་ཀུན་ཏུ་མཚུངས་སོ་རྗེ་བླ་མ།། ༑ཟླ་མེད་མཁྱེན་དཔྱོད་བརྡར་བའི་རལ་གྲི་ཡིས།། ཤེས་བྱའི་མགོ་བོ་གཅོད་པའི་རྣོ་དཔལ་ལ།། རྨོངས་པའི་མུན་པ་སྐྲག་ནས་འོབས་སྐྱིབས་སུ།། ལུས་སྐྱེས་རྡུལ་འཕྲེང་ཉག་མའི་རྩེ་ནས་གཏོར།། ༑སྨྲ་བའི་སེང་ཆེན་ཤིང་རྟ་མཆེད་གཉིས་ཀྱིས།། དབུ་སེམས་སྲོལ་བཟང་ཕྱེ་བའི་ལམ་ཡངས་པོར།། རིག་འཕྲུལ་གོམ་པ་ལན་གསུམ་སྤོས་འདིས་ཀྱང་།། གྲུབ་མཐའི་དེ་ཉིད་མ་ལུས་རྗེན་པར་གཟིགས།། ༑སྲིད་ཞིའི་ཆོས་ཀུན་གདོད་ནས་དག་པའི་དབྱིངས།། གློ་བུར་དྲི་མས་བྱུགས་པའི་ཆོས་ཚུལ་ལ།། རྣམ་རིག་དཔྱད་པ་ལྟ་བའི་རྗེས་བཏབ་སྟེ།། དགག་བཞག་ཐོག་མདའ་རྒྱུད་མུར་འཕེན་ལ་བྲེལ།། ༑རིགས་པའི་མཐེབ་ལོང་སྦྱར་བའི་སྒྲོ་ལྡན་གྱིས།། རྣམ་རིག་ལྟ་བའི་དམ་བཅའ་ཕུགས་པ་ན།། སངས་རྒྱས་སྐྱངས་དང་ཟླ་གྲགས་ཞི་བ་ལྷ།། ངོ་མཚར་དགའ་བ་འབུམ་གྱིས་གར་ལ་རྩེན།། ཡོངས་འཛིན་དམ་པ་མཁས་གྲུབ་སྨྲ་བའི་དབང་།། རིགས་ཀྱི་ཅོད་པཎ་ལྷ་ཡི་འཁོར་ལོ་ལ།། མཆོད་པའི་མེ་ཏོག་ཐང་མར་འགྲེམ་པའི་དཔལ།། སྲིད་གསུམ་ཡོན་དུ་སྒྲེང་བའི་བྱེད་པོར་བསྔགས།། དམ་པའི་བཞེད་དགོངས་དྲི་མེད་དབང་གི་རྒྱལ།། དབུལ་ཕོངས་སེལ་བའི་དཔལ་དུ་འབྱོན་པ་བཞིན།། ལ་མོ་ཀུན་གླིང་ས་ཡི་ཐིག་ལེ་ཆེར།། ཆོས་སྲིད་འདུ་ལོང་བྱ་ཡི་ཚང་བཞིན་བསྡུས།། ༑དད་པའི་མེ་ཏོག་སྙིམ་པར་འཆིང་རྣམས་ཀྱིས།། ཞུ་འཕྲིན་འདབ་མ་ཐེངས་འགར་བཀྲམ་པའི་མཐུས།། དང་བོའི་སངས་རྒྱས་གར་དུ་བཞེངས་པའི་འཕྲུལ།། བགྲང་ཡས་གདུལ་བྱ་སྨིན་གྲོལ་ལམ་ལ་བཀོལ།། དགྲ་འདུལ་གཉེན་སྐྱོང་དུས་ཀྱི་འཁོར་མོ་ཡུག།། ས་སྐྱོང་མིང་གིས་བཟི་བའི་དྲེགས་ལྡན་འགར།། ཐུགས་བརྩེས་གྲུ་ཆར་ཕབ་པའི་རྒྱུན་བཟང་ལས།། ཟབ་རྒྱས་དབང་ཁྲིད་མན་ངག་ཅི་དགར་སྩལ།། ༑སྔོན་འགྲོའི་བཤད་པ་མན་ངག་ལུང་གིས་ཕུད།། ལེགས་པར་རྒྱན་ཏེ་གྲུབ་ཆེན་གཞུང་བཞིན་བཀྲལ།། བློ་གྲོས་པད་མའི་སྦུབས་ལས་ལེགས་དྲངས་པ།། འཐུང་བའི་ཁེངས་ལྡན་རལ་བ་ས་ལ་བསྙིལ།། མཁས་རྒུའི་གཙུག་གི་ནོར་བུ་རབ་མཐོ་བ།། ཡོངས་ཀྱི་བཤེས་གཉེན་བློ་བཟང་མཚན་ཅན་གྱིས།། མནྜལ་བཤད་པའི་ལྗགས་བཀོད་ཉི་མའི་ཟེར།། སྙིང་ལ་སིམ་རྣམས་དགའ་བའི་མཆི་མ་བསྒུལ།། དངོས་བཤམས་ཡིད་སྤྲུལ་མཆོད་པའི་འཕྲེང་ཚོགས་ཀྱིས།། བཟའ་བཏུང་སྣ་ཚོགས་བཀྲམ་པའི་གཟི་བྱིན་བརྒྱ།། རྒྱལ་བ་དགྱེས་པའི་མཆོད་ཡོན་སྦྲེང་བའི་རྒྱུར།། འབད་པའི་ཚོགས་ཆེན་བླ་ན་མེད་པར་བསྒྲུབས།། ༑འདོད་ལྷའི་ཚོགས་རྣམས་མཁའ་ལ་སྤྲིན་བཞིན་འཁྲིགས།། རྔ་སྦུབ་རོལ་མོ་འཁྲོལ་བ་སྙན་ཞིང་འཇེབས།། གནམ་ས་འགེངས་པའི་ངོ་མཚར་ལྟས་བཟང་བོ།། ཤེས་ལྡན་སྙིང་ལ་སིམ་པའི་མཆོད་ཡོན་ཉིད།། ༑ཕྱོགས་ཀྱི་མགྲོན་པོས་སོར་བཅུ་སྙིང་ཀར་ཟུམ།། ལྷན་ཅིག་འདུས་པའི་ཆོས་ཀྱི་དགའ་སྟོན་ལ།། མངོན་པར་རོལ་བས་ཡིད་ཅན་རབ་མྱོས་ཏེ།། ལེགས་བྱས་བསྐལ་བཟང་སྒྲོག་འདིས་གནམ་ས་བསྒུལ།། ༑བཤད་སྒྲུབ་འོ་མའི་རྒྱུན་བཟང་མཁར་འཕྱོ་བ།། འཆད་ཉན་རླབས་ཀྱི་དགོད་སྒྲ་འཇོ་བའི་ཟིལ།། ཆོས་འཁོར་གླིང་ཞེས་རྣ་ཆ་གཡོ་བའི་གཞིར།། སྟོན་ཚོགས་འཁོར་བཅས་སྤྲིན་གྱི་ཁ་ལོ་བསྒྱུར།།
༑ ཚངས་ཆེན་བློ་ལ་མ་ཤོང་གཞལ་ཡས་ཁང་།། རྣམ་རྒྱལ་ཁང་བཟང་དམན་སར་འགོད་པའི་འཕྲུལ།། ཕོ་བྲང་ཉི་འོད་གཟིམ་ཆུང་གདོང་ལྔའི་ཁྲིར།། ཞབས་སེན་ནོར་བུའི་རི་མོ་སླར་ཡང་བཀོད།། ༑གྲགས་པའི་སྙན་པ་སྤྲིན་གྱི་བ་གམ་ལས།། ཆེས་ཆེར་ལྡིར་བའི་དབྱར་སྐྱེས་རྔ་བསང་སྒྲར།། མི་ཕྱེད་དད་པའི་སྒྲོ་མདོངས་རབ་བསྒྲེངས་ཏེ།། གསོལ་འདེབས་ཀྱིས་སྐུལ་བའི་རོལ་མོ་འཁྲོལ།། འཕགས་ནོར་བདུན་གྱིས་ཕྱུག་པའི་ཤིང་རྟ་ཆེར།། ཐེག་གསུམ་ནོར་བུའི་བརྒྱན་གྱིས་ལེགས་སྦུད་དེ།། ངེས་ལེགས་ཐར་བ་མཆོག་གི་གྲོང་ཁྱེར་དེར།། མཐའ་ཡས་སྐལ་ལྡན་འདྲེན་པའི་སྲོལ་བཟང་ཕྱེས།། ༑ལི་ཁྲིའི་ཆུ་གཏེར་འཕྱུར་བའི་རྦ་རླབས་ཀྱིས།། མཁའ་ལ་རྒྱུ་བའི་སྤྲིན་ཕུང་གནོན་བྱེད་ལྟའི།། ངུར་སྨྲིག་བླ་གོས་མཛེས་པའི་སྡོམ་བརྩོན་པ།། ཆོས་ཀྱི་འཁོར་ལོ་སྒྱུར་བའི་བྱེད་པོར་གྲུབ།། རྒྱལ་སྲས་སྤྱོད་པ་བསླབ་གསུམ་ཉམས་ལེན་གྱིས།། མངོན་པར་མཛེས་པའི་ངུར་སྨྲིག་ཆོས་ཀྱི་སྡེར།། རྒྱ་བོད་མཁས་པའི་ལེགས་བཤད་ཆུ་ཀླུང་བརྒྱའི།། སྲོལ་ཀ་སྤེལ་བའི་སྒོ་གླེགས་སླར་ཡང་འབྱེད།། ༑དར་དིར་གླུ་དབྱངས་སྙན་མོས་མཆོད་པ་ཡིས།། གཙུག་ལག་བཅུད་ལ་རོལ་བའི་དཔྱོད་ལྡན་དག། ། ལུང་རིགས་དགའ་སྟོན་འབྱེད་པའི་རྩེད་འཇོ་ལ།། འབོད་པའི་ལང་ཚོའི་དཔྱིད་དཔལ་ཅི་ཡང་ངོམ།། ༑འཇམ་མགོ་རྒྱལ་བའི་རིང་ལུགས་དྲི་མེད་གདུགས།། ཐུབ་བསྟན་མཁའ་ལ་སྒྲེང་བའི་སྟོབས་བསྐྱེད་དེ།། མཁས་གྲུབ་བྱེ་བའི་རུ་དཔུང་འདྲེན་པ་ལ།། འཇམ་དཔལ་སྙིང་བོ་དགའ་ལྡན་གནས་ནས་འཛུམ།། གཞོན་ནུའི་དུས་ནས་ངེས་འབྱུང་དཀྱིལ་འཁོར་རྫོགས།། བྱམས་བརྩེའི་འོད་ཀྱིས་འགྲོ་ཀུན་རྨོངས་མུན་སེལ།། ཞི་དུལ་བག་ཡོད་བསླབ་གསུམ་ནོར་གྱིས་ཕྱུག། ལན་གཅིག་མཇལ་བས་ཡིད་བརྟན་དབང་མེད་འཕྲོག། ཉམ་ཐག་འགྲོ་ལ་བརྩེ་བའི་སྙིང་རྗེ་དང་།། རྣམ་དཀར་དགེ་ལ་འདུན་པའི་བརྩོན་འགྲུས་གཉིས།། ཕན་ཚུན་འགྲན་བཞིན་རྣམ་པར་འཕེལ་བ་ཡིས།། རྒྱལ་བདགྱེས་པའི་ལེགས་ལམ་རྨད་དུ་བྱུང་།། ༑ཐོག་མེད་རིང་ནས་བརྩེ་བའི་བྱམས་ལྡན་མ།། མི་ཟད་འཁོར་བའི་འདམ་ལ་བྱིངས་ཉེ་བས།། ཀྱེ་མ་མྱུར་དུ་སྐྱོབ་པའི་གོ་བཙལ་ནས།། ཐར་བའི་ལམ་སྣ་འདྲེན་པ་ཁྱོད་མིན་སུ།། ༑ཡིད་འཕྲོག་ཞལ་རས་ཟླ་བ་རྒྱས་པ་ལས།། ལེགས་བཤད་འོད་དཀར་བསིལ་མ་འགྲེམ་པ་ལ།། བློ་ལྡན་རྣམས་ཀྱིས་སྤྱན་ཟུང་གཡོ་མེད་དུ།། ལྟ་བའི་ངང་ཚུལ་འདི་ཡང་བརྗོད་དུ་མེད།། ༑བློ་གྲོས་གཏིང་མཐའ་བྲལ་བའི་ཐུགས་ཀྱི་མཚོར།། ལུང་རྟོགས་ནོར་བུའི་མཛོད་ཀྱིས་ཡོངས་གཏམས་ཤིང་།། འཆད་རྩོད་རླབས་འཕྲེང་དགུང་དུ་འཕྱོ་བ་ཡིས།། དཔྱོད་ལྡན་ངང་མོ་མགྲོན་དུ་འབོད་པ་བཞིན།། ༑གཞུང་ལུགས་མང་དུ་ཐོས་པའི་མ་ཡཱུ་རཿ།། ཡོན་ཏན་སྙེམས་པའི་འཕང་བ་རབ་མཐོ་བར།། ཕན་བདེའི་རྩ་ལག་རིན་ཆེན་ནོར་བུའི་མཛོད།། གླིང་འདིར་འདྲེན་ཕྱིར་ངལ་བ་རིང་དུ་སྤངས།། སྙིགས་མའི་ཆེ་རྒུའི་ཡོ་ལང་སྣ་ཚོགས་ཀྱིས།། ལེགས་པར་བཀུག་པའི་ཆོས་དམན་སྦྲང་བུའི་ཚོགས།། ཉེ་བར་གཏིབས་པའི་བཀའ་ལུང་སྤོས་དཀར་དྲིས།། སྐུ་བཞིའི་གོ་འཕང་མདུན་ས་ཡངས་པོར་འཁྲིད།། ༑སྲིད་པའི་ཕུན་ཚོགས་ཆུ་ཡི་ལང་ཚོ་མར།། ལྷོད་མེད་འཐམ་པའི་ངང་ཚུལ་རྒྱང་བསྲིངས་ཏེ།། མཐའ་དག་བསྟན་པའི་པད་ཚལ་ཡངས་པའི་སྒོར།། འབོད་པའི་རྣམ་དཔྱོད་ཟླ་དང་བྲལ་བར་གྱུར།། ༑མདོ་རྒྱུད་བཀའ་དང་བསྟན་བཅོས་ཇི་སྙེད་པའི།། དགོངས་དོན་ཞིབ་མོར་འབྱེད་པའི་རིག་རྣོན་མཐུས།། གསང་ཆེན་གོང་འོག་འགྲེལ་བའི་མན་ངག་གིས།། རྒྱལ་བའི་གོ་ས་འཛིན་ལ་དབང་བར་བྱས།། ༑གསོལ་འདེབས་གཞུ་མོ་བཀུག་པའི་ཉག་ཕྲན་རྩེར།། སྡོམ་བརྩོན་དུ་མས་སྐུལ་བའི་མོས་བློ་བཞིན།། གྱེར་སྟེང་འདུ་ཁང་ཀ་དང་ཉི་ཐིག་ལ།། ཆོས་སྣམ་བཀལ་བའི་ངོ་མཚར་ལྟད་མོ་ཞེས།། མཛུབ་མོ་བསྣོལ་ཏེ་སྒྱུ་མའི་འཕྲུལ་འགའ་བསྟན།། ༑དད་པའི་ལང་ཚོ་དར་ལ་བབ་པའི་གཟུགས།། སྙེ་མའི་ཕོན་ལྕོག་སྙིང་ཀར་ཟུམ་རྣམས་ཀྱིས།། དགའ་བའི་གར་འཕྲེང་བསྟར་ལ་བརྒྱུས་པ་ཡིས།། མཆོད་པའི་སྤྲིན་ཚོགས་དཀྲིགས་པའི་ལྟེང་ཀ་བསྐྱིལ།། ༑རྩེ་དགོད་གཡེང་བའི་གྲུ་གཟིངས་ལ་བསྐྱོན་པའི།། ཕྱོགས་འདུས་སྐུ་ལོ་འཛོམས་པའི་ཚོམ་ཆེན་དུ།། བགྲང་ཕྲེང་སྦྲུལ་དུ་འཁྱིལ་བའི་སྤྲུལ་བསྒྱུར་ལ།། ཡོངས་འཛིན་བཀའ་བཀྱོན་ཕྱག་ཕྲེང་ཐེངས་འགར་ཉོས།། གྲགས་རྒན་བླ་མས་མཆོད་པའི་མེ་ཏོག་གིས།། ལེགས་པར་བསུ་བའི་གྱེར་སྟེང་དབེན་དགོན་དུ།། ཤམ་ཐབས་ཀ་བའི་སྐེད་པར་བཅིངས་པའི་འཕྲུལ།། རྫུ་འཕྲུལ་སྟོན་ལ་སྒྱུ་མའི་མཁན་པོར་གྲགས།། ༑སྤྲུལ་སྒྱུར་གཡོ་བ་གློག་གི་གར་མཁན་མ།། རོལ་སྟེགས་གཟིགས་མོའི་སྟེང་དུ་འགྱིང་བག་གིས།། སྔོན་གོམས་སྒྱུ་རྩལ་ངོམ་པའི་ཆོ་ག་ཡིས།། བྱིས་པའི་རྣམ་འཕྲུལ་འབའ་ཞིག་དོན་དུ་གཉེར།། སྡིག་སྤྱོད་ལས་ལ་གཟན་པའི་ཤཱ་བ་རི།། ངན་སོང་རྒྱུན་བཅད་དགེ་ལ་དམ་བཅའི་ཕྱིར།། ཐར་འདོད་འཇུག་ངོགས་བླ་ན་མེད་པའི་གནས།། ཞིང་མཆོག་དམ་པའི་མཐུ་ལ་བརྟེན་པར་བསྐུལ།། མཛད་ཕྲིན་ཟླ་བ་དཀར་བོའི་ཕྱོགས་ཀྱི་ཆ།། སྙིང་ལ་ཕོག་པའི་སྡོམ་བརྩོན་་གཞོན་ནུ་འགར།། རྨད་བྱུང་ལེགས་ལམ་ཆོས་ཀྱི་མན་ངག་གིས།། བདུད་རྩི་ཕངས་མེད་སྦྱིན་པའི་དཔལ་ལ་འབད།། གཞོན་ནུའི་དུས་ནས་གཞུང་ལུགས་འཆད་ཉན་ལ།། འགྲུས་པའི་རྣམ་ཐར་གཙང་མའི་རབ་རྒྱན་ཏེ།། གཤིན་ཟས་དཀོར་གྱིས་གཡེང་བའི་ཆོ་ག་རྣམས།། རྒྱང་དུ་བསྲིངས་པའི་མཛད་སྤྱོད་བླ་ན་མེད།། ཐུགས་ཡངས་རྙོག་པ་བྲལ་བའི་མཚོ་མཇིངས་ལས།། གཞན་གཅེས་ལྷག་བསམ་དག་པའི་ངང་བ་དཀར།། བཤད་སྒྲུབ་མགྲིན་རྔ་རྡུང་བཞིན་དབེན་པའི་ཚལ།། ལ་མོ་དགེ་ཚོགས་འཕེལ་རྒྱས་གླིང་དུ་བསྐྱོད།། G ༑དམ་པའི་བཞེད་དགོངས་དྲི་མེད་དབང་གི་རྒྱལ།། དབུལ་ཕོངས་སེལ་བའི་དཔལ་དུ་འབྱོན་པ་བཞིན།། ལ་མོ་ཀུན་གླིང་ས་ཡི་ཐིག་ལེ་ཆེར།། ཆོས་སྲིད་འདུ་ལོང་བྱ་ཡི་ཚང་བཞིན་བསྡུས།། ༑དད་པའི་མེ་ཏོག་སྙིམ་པར་འཆིང་རྣམས་ཀྱིས།། ཞུ་འཕྲིན་འདབ་མ་ཐེངས་འགར་བཀྲམ་པའི་མཐུས།། དང་བོའི་སངས་རྒྱས་གར་དུ་བཞེངས་པའི་འཕྲུལ།། བགྲང་ཡས་གདུལ་བྱ་སྨིན་གྲོལ་ལམ་ལ་བཀོལ།། དགྲ་འདུལ་གཉེན་སྐྱོང་དུས་ཀྱི་འཁོར་མོ་ཡུག།། ས་སྐྱོང་མིང་གིས་བཟི་བའི་དྲེགས་ལྡན་འགར།། ཐུགས་བརྩེས་གྲུ་ཆར་ཕབ་པའི་རྒྱུན་བཟང་ལས།། ཟབ་རྒྱས་དབང་ཁྲིད་མན་ངག་ཅི་དགར་སྩལ།། ༑སྔོན་འགྲོའི་བཤད་པ་མན་ངག་ལུང་གིས་ཕུད།། ལེགས་པར་རྒྱན་ཏེ་གྲུབ་ཆེན་གཞུང་བཞིན་བཀྲལ།། བློ་གྲོས་པད་མའི་སྦུབས་ལས་ལེགས་དྲངས་པ།། འཐུང་བའི་ཁེངས་ལྡན་རལ་བ་ས་ལ་བསྙིལ།། མཁས་རྒུའི་གཙུག་གི་ནོར་བུ་རབ་མཐོ་བ།། ཡོངས་ཀྱི་བཤེས་གཉེན་བློ་བཟང་མཚན་ཅན་གྱིས།། མནྜལ་བཤད་པའི་ལྗགས་བཀོད་ཉི་མའི་ཟེར།། སྙིང་ལ་སིམ་རྣམས་དགའ་བའི་མཆི་མ་བསྒུལ།། དངོས་བཤམས་ཡིད་སྤྲུལ་མཆོད་པའི་འཕྲེང་ཚོགས་ཀྱིས།། བཟའ་བཏུང་སྣ་ཚོགས་བཀྲམ་པའི་གཟི་བྱིན་བརྒྱ།། རྒྱལ་བ་དགྱེས་པའི་མཆོད་ཡོན་སྦྲེང་བའི་རྒྱུར།། འབད་པའི་ཚོགས་ཆེན་བླ་ན་མེད་པར་བསྒྲུབས།། ༑འདོད་ལྷའི་ཚོགས་རྣམས་མཁའ་ལ་སྤྲིན་བཞིན་འཁྲིགས།། རྔ་སྦུབ་རོལ་མོ་འཁྲོལ་བ་སྙན་ཞིང་འཇེབས།། གནམ་ས་འགེངས་པའི་ངོ་མཚར་ལྟས་བཟང་བོ།། ཤེས་ལྡན་སྙིང་ལ་སིམ་པའི་མཆོད་ཡོན་ཉིད།། ༑ཕྱོགས་ཀྱི་མགྲོན་པོས་སོར་བཅུ་སྙིང་ཀར་ཟུམ།། ལྷན་ཅིག་འདུས་པའི་ཆོས་ཀྱི་དགའ་སྟོན་ལ།། མངོན་པར་རོལ་བས་ཡིད་ཅན་རབ་མྱོས་ཏེ།། ལེགས་བྱས་བསྐལ་བཟང་སྒྲོག་འདིས་གནམ་ས་བསྒུལ།། G གསེར་མདོག་ཅོད་པཎ་འཛིན་པ་ཆོས་ཀྱི་རྗེ།། ཛམ་བུའི་མེ་ཏོག་རྒྱས་པའི་འཁྲི་ཤིང་ལས།། རྡོར་འཕྲེང་རིན་འབྱུང་བརྒྱ་རྩ་ལ་སོགས་པའི།། དབང་འཁྲིད་དགྱེས་བཞིན་བསྩལ་བ་རུམ་ལ་བཅུག།། རྡོ་རྗེ་འཆང་དངོས་ཐར་ཤུལ་རལ་ཀླུང་ལས།། སྐལ་ལྡན་ཤིང་རྟའི་རེ་སྐོང་གསེར་ལྡན་མ།། གང་གིས་འགྱེད་པའི་ཆོས་ཀྱི་དགའ་སྟོན་ལས།། ཟབ་ཁྱད་གདམས་པ་ལན་གསུམ་འབེབས་པ་མནོས།། ཀུན་རྟོག་སྤྲིན་གྱི་དྲ་བ་བཅད་པའི་མཁར།། ལྷན་སྐྱེས་བདེ་ཆེན་ཉི་མ་འབར་བའི་གཟིས།། ཐ་མལ་སྣོད་བཅུད་སྣང་ཞེན་དྲུངས་ཕྱུང་སྟེ།། གང་སྣང་དག་པ་རབ་འབྱམས་འབའ་ཞིག་འཆར།། དགའ་བཞིའི་བདེ་བ་ཆེན་པོའི་ཡེ་ཤེས་གར།། དབང་གཞུ་མཁའ་ལ་བཀྲ་བཞིན་ལེགས་མཛེས་པ།། བཅོས་མིན་གཉུག་མས་བསྐྲུན་པའི་ལྷའི་འཁོར་ལོ།། ཟུང་འཇུག་ནོར་བུའི་ཕོ་བྲང་ལྷུན་གྱིས་གྲུབ།། གྲུབ་པའི་རྒྱལ་མཚན་སྲིད་པའི་རྩེ་མོ་ལ།། སྒྲེང་བའི་འདྲེན་མཆོག་མཆོད་སྦྱིན་བརྒྱ་བ་ཡིས།། སྒྲུབ་ལ་གཞོལ་བའི་རྡོ་རྗེ་བསྙེམས་ཙམ་གྱིས།། སྒྲིབ་གཉིས་ས་འཛིན་རྐང་བ་མ་ལུས་བཅོམ།། ༑ཤིན་ཏུ་སྤྲོས་མེད་སྤྱོད་མཆོག་ལམ་བཟང་གིས།། ཟབ་དོན་ཉམས་སུ་ལེན་པའི་ཚུལ་ལུགས་ལ།། རྒྱུན་ཆར་འབད་པས་ཉམས་རྟོགས་ཟླ་བའི་ཆ།། འཁོར་ལོའི་འགྲོས་བཞིན་རྩོལ་མེད་རིམ་གྱིས་འཕེལ།། ཤེས་བྱའི་གནས་ལ་སྦྱངས་པ་ཆེར་མཐོ་ཡང་།། ཐོས་དོན་རྒྱུད་ལ་སྦྱར་བའི་ཉམས་ལེན་དཀོན།། དུས་འདིར་རླབས་ཆེན་སྤྱོད་པའི་འཁུར་བཞེས་པ།། དྲན་དབང་བྱེ་བའི་ཁྲོད་ན་གཅིག་པུར་ཟད།། གངས་ཅན་མཁས་རྒིུ་གཙུག་ན་ལྷམ་མེ་བ།། འཇམ་དབྱངས་བླ་མ་བློ་བཟང་གྲགས་པ་ཡི།། ཞལ་རས་ཟླ་བ་དང་བོར་འཛུམ་པའི་གནས།། གང་གི་སེང་ཁྲི་པད་མའི་སྟན་ལ་འཁོད།། བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་བཟང་གིས།། རྨད་བྱུང་རྣམ་ཐར་གཙང་མའི་ཉམས་ལེན་ལ།། གཉུག་མའི་དགེ་འདུན་འདུས་ཚོགས་ཡིད་འཕྲོག་ཏེ།། གུས་རྟག་བརྩོན་པའི་ཟླ་བ་རིམ་གྱིས་འཕེལ།། སྡེ་བཞིའི་དཔལ་གྱིས་མངོན་པར་མཐོ་བ་ཡིས།། ཁེངས་ལྡན་དུ་མའི་གཙུག་རྒྱན་ནོར་བའི་ཏོག། དབང་མེད་སོར་མོའི་རྩེ་མོར་རབ་བླངས་ཏེ།། འགྱུར་མེད་དད་པའི་དན་རྟགས་སྙིང་ལ་གཏད།། སྟོབས་འབྱོར་མངའ་ཐང་དབྱར་མཚོ་ལྟར་རྒྱས་པའི།། དགེ་ལེགས་མཚན་མའི་གཟི་འོད་སྟོང་འབར་བ།། དགོས་འདོད་ནོར་བུས་ཕྱུར་བུར་བཀང་བ་ཡིས།། ཆོས་ལྡན་རེ་བ་སྐོང་ཕྱིར་གླིང་དེར་དྲངས།། ཁྱད་པར་གསུང་ཆོས་ཟབ་མོའི་ག་པུར་གྱིས།། ཆར་རྒྱུན་ཟིལ་མངར་བརྒྱུད་མུར་འཇོ་བ་ཡིས།། བློ་ལྡན་ཡིད་ཀྱི་ཀུན་མུད་རབ་རྒྱས་ཏེ།། རྣམ་གྲོལ་འབྲས་བུའི་འཁུར་གྱིས་དུད་པར་གྱུར།། ཞྭ་སེར་མཁན་པོས་དང་བོའི་ཡོངས་འཛིན་དུ།། ལེགས་གུས་ཆོས་རྗེ་དོན་འགྲུབ་རིན་ཆེན་གྱིས།། ཕྱག་བཏབ་གདན་ས་བྱ་ཁྱུང་ཐེག་ཆེན་གླིང་།། ཕུལ་བཞིན་བདག་གིར་སྐྱོང་བའི་ཞལ་བཞེས་མཛད།། ༑ཟབ་བརླིང་ཟླ་བའི་ཞབས་ཀྱི་གཞུང་ལུགས་ལས།། དྲངས་པའི་ཐལ་འགྱུར་མཐའ་བྲལ་དབུ་མའི་སྲོལ།། རིག་རྣོན་འཕོང་སྐྱེན་ཉག་ཕྲན་ཕས་རྒོལ་གྱི།། བདེན་འཛིན་སྙིང་རྩ་ཕིགས་པའི་མཐེབ་ལོང་སྦྱར།། དེའི་ཚེ་དཔལ་ལྡན་ཀླུ་སྒྲུབ་ལས་འོང་བའི།། འཁྲུལ་བྲལ་ལྟ་བའི་རླབས་འཕྲེང་ཆེར་གཡོ་བ།། རྣམ་དཔྱོད་ངང་མོ་རྩེན་པའི་ཁྲུས་རྫིང་དུ།། དབང་མེད་དྲངས་འདིར་མཁས་ཀུན་ཡ་མཚན་གླེང་།། རྨད་བྱུང་རྩལ་ཀུན་རྫོགས་པའི་ཡལ་འདབ་རྩེར།། གཞུང་བརྒྱུའི་འབཐས་བཟང་འཁུར་གྱིས་དུད་པ་ཡིས།། ཟབ་དོན་བཅུད་མངར་སྨིན་པའི་ལོངས་སྤྱོད་ལ།། ཐར་འདོད་ཡིད་ག་འཇོ་ཕྱིར་འབོད་པ་འདྲ།། མདོ་སྔགས་གནད་ཀུན་བསྡུས་པའི་གངྒའི་རྒྱུན།། བློ་རྩལ་ལྟོ་བར་བསྐྱིལ་བའི་ཤིང་རྟ་བ།། སྔོན་མེད་རིག་པའི་རྒྱལ་བོ་ཛ་ཧུ་ལ།། སླར་ཡང་གླིངའདིར་བྱོན་ཞེས་མེ་ཏོག་འཐོར།། G འཛམ་གླིང་སྤང་ཐང་ཡངས་པའི་ཟུར་ཞིག་ན།། སྙན་པའི་འཕང་བ་མཐོ་བའི་སྡེ་ཆེན་པོ།། བཀྲ་ཤིས་འཁྱིལ་ཞརས་གྲགས་ལྡན་མཚན་གྱི་སྒྲས།། སྒྲ་འཛིན་དབང་བོ་མགྲོན་དུ་བོས་བ་བཞིན། བསྟན་པའི་དེ་ཉིདའཛིན་དང་སྤེལ་བ་ལ།། ཟླ་བྲས་མཁས་པའི་ཁྱུ་མཆོག་ཐབས་མཁས་རྗེས།། ཐུགས་བརྩེའི་ལྕགས་ཀྱུས་རིང་བོར་དམ་བཅིངས་ཏེ།། བློ་གྲོས་མིག་གི་བདུད་རྩི་ཉེ་བར་གཏིབས།། བརྩོན་འགྲུས་ནམ་ཡང་ལྷོད་མེད་རྟ་གདོང་རའི།། ཉིན་མཚན་འཁོར་མོ་ཡུག་ཏུ་འབར་བའི་གཟིས།། ཐུབ་བསྟན་རྒྱ་མཚོ་འཐུང་ལ་མངོན་བརྩོན་པའི།། ཐུགས་བསྐྱེད་མེ་དཔུང་བཅིལ་ལ་སྐབས་གཞན་བྲལ།། མདོ་སྨད་རྟ་ཡི་ཆོལ་ཁ་འཛིན་མའི་རྒྱན།། བྱང་ཁའི་རི་ལ་འཁྲུངས་པའི་དཔག་བསམ་ལྗོན།། ཕྲིན་ལས་རྒྱ་མཚོའི་ཐུགས་བརྩེ་མདུད་རྒྱ་ཡིས།། ལྷོད་པར་མ་གྱུར་འབྲལ་མེད་རྗེས་འཛིན་མཛད།། ཞལ་ཁྱིམ་འཛུམ་པའི་མན་རྡ་ར་བ་ལས།། ལེགས་པར་ཕྱུང་བའི་མན་ངག་འདབ་མ་བརྒྱ།། ཕངས་མེད་བསྩལ་བའི་དོ་ཤེལ་མངོན་མཛེས་པ།། མགུལ་བའི་རྒྱན་དུ་ལེན་པའི་ཆོ་ག་བསྒྲུབས།། མཚན་ལྡན་བླ་མར་སྲི་ཞུས་གུས་པ་ཡིས།། རིང་བོར་བསྟེན་པའི་སྔོན་མེད་ལེགས་སྐྱེས་ལ།། པཎ་གྲུབ་བྱེ་བའི་མགྲིན་པ་ལས་འོང་བའི།། གདམས་པ་རིན་ཆེན་མཉེན་པའི་ཕྱག་ཏུ་གཏད།། གུས་རྟག་སྦྱོར་བ་མཆོད་པའི་རྩེར་མོར་སོན།། གདམས་ངག་སྙིང་ལ་བཅངས་བའི་སྤོབས་པ་གཉིས།། ཕན་ཚུན་འགྲན་བཞིན་ཕྱག་སྲོལ་རྨ་མེད་པ།། ཞིབ་ཏུ་སྦྱངས་པས་དུས་ཡུན་རིང་ཞིག་ལོན།། བླ་མའི་ཐུགས་བསྐྱེད་དགོངས་པ་ཇི་བཞིན་དུ།། མདོ་སྔགས་གཞུང་བཟང་སྟོང་གིས་བསྡུས་པའི་བཅུད།། ལན་གཅིག་མ་ཡིན་རིང་དུ་འཐུངས་པའི་ཤུལ།། དབང་ཁྲིད་མན་ངག་ཅུང་ཞིག་ལྷག་གྱུར་ཏམ།། ཡུན་དུ་འབད་པས་ཕྱག་བཞེས་ན་ཀྲའི་ཀླུང་།། མ་ནོར་མཛུབ་རྩེར་བཏེགསཔའི་དགའ་སྟོན་དང་།། འཛུ་དཀར་འོད་ཀྱི་སྣང་བ་འབྱེད་བཞིན་དུ།། རང་དགོན་ལ་མོ་ཆོས་བཟང་མདུན་སར་དོངས།། འབྱུང་བཞིའི་མཚན་མ་མི་མངོན་དབྱིངས་སུ་བཞུད།། དགྲ་ཇག་ཆོམ་རྐུན་ཆེ་ཡང་མིང་ཙམ་སྟེ།། གཟི་འོད་ནོར་བུ་སྤུངས་པའི་ཕོ་བྲང་ཆེར།། དྲི་མེད་ཞབས་ཟུང་འཁོར་ལོ་མངོན་པར་འཁོད།། གཞུང་དོན་ཐོས་བསམ་ལས་ལ་བསྒྲིམས་མཛད་པའི།། གཉིས་སྐྱེསགཞོན་ནུའི་ཚོཧས་ཀྱིས་མདུན་བདར་ཏེ།། ལུང་རིགས་རྩེད་འཇོར་རོལ་བའི་དགའ་སྟོན་ཆེ།། མགོན་དུ་འགུག་བཞིན་ལོ་ཟླའི་འཕྲེང་བ་བསྒྲིལ།། G ཞི་དུལ་བག་ཡོད་བསླབ་གསུམ་གོས་ཀྱིས་མཛེས།། རིམ་གཉིས་རྣལ་འབྱོར་གདེང་ལ་འཆའ་བ་འདིས།། རྗེས་རབས་ཡོངས་ལ་ལམ་སྟོན་གསལ་བའི་སྒྲོན།། ཉེ་བར་སྦར་བའི་ཆོས་ཚུལ་བསམ་ལས་འདས།། བཻར་སྔོན་ཞུན་མའི་ཆུ་གཏེར་འཕྱུར་བའི་དབུས།། མར་གད་མདངས་ཀྱིས་མཛེས་པའི་འཇུག་ངོགས་མཆོག། འདུ་འཛིའི་རྙོག་པ་བྲལ་བའི་དགེ་སྦྱོར་གྱིས།། ཟབ་དོན་ཉམས་ལེན་ཡར་ངོའི་ཟླ་བཞིན་འཕེལ།། ཐུགས་དམ་ཉམས་སུ་བསྟར་བའི་ལྷ་ཚོགས་ལ།། ཏིང་འཛིན་ཡིད་ཀྱི་སྤྲོས་པ་འབུམ་དཀྲིགས་ཏེ།། རིལ་འཛིན་རྗེས་ཞིག་ལྕགས་ཀྱུས་ཉེར་དྲངས་ཏེ།། དཀྱིལ་འཁོར་དབུ་མར་བསྡུསཔའི་མཚན་མ་ཤར།། ཧངས་ཅན་རྫ་ལ་མྱུལ་བའི་སྲིན་པོ་སྟེ།། མ་ཇག་ཐེངས་འགར་རྒྱུ་བའི་ཤུལ་ལམ་ན།། འཕྲོག་བཅོམ་ལས་ཀྱིས་རྔུབ་པའི་ལོ་རྒྱུས་ཀྱི།། རྨ་ཁའི་ཟུག་རྔུ་བཞོམ་པའི་ཐབས་ལ་གཞོལ།། གདོང་དམར་རུས་ལས་འཆད་པའི་བུ་རྒྱུད་ཀྱིས།། རིང་བོར་འཐབ་པའི་ཟུངས་ཁྲག་ཞུན་མའི་རྒྱུན།། གཅོང་རོང་གཡང་དུ་རྒྱུག་པའི་མྱ་ངན་ཆེར།། ཐུགས་བརྩེས་མ་བཟོད་མཆི་མའི་ཆར་རྒྱུ་འབྱོ།། བཀའ་ལུང་གནམ་ལྕགས་ཐོག་གི་ངར་ཁ་ལ།། མ་ཇག་མགོན་དུ་བོས་པའི་སྔོ་སངས་མར།། ཏ་ཡང་དངུལ་གྱིས་ཆར་བ་འཇོ་བ་ཡིས།། ཕྱིས་འབྱུང་མི་རུང་ལྕི་བའི་ཐ་ཚིག་བསྒྲགས།། རི་ལུང་རྫ་ཁ་འགྲིམ་པའི་ཇག་རྐུན་སོགས།། དད་པའི་སོར་མོ་སྙིང་ཀར་བསྣོལ་བ་ཡིས།། འཕྲོག་བཅོམ་གནོང་བའི་ལས་ལ་འགྱོད་པའི་བཞིན་དུ།། རང་ཤོང་ཁུང་བའི་སྐྱིབས་བུར་གནས་པར་བཀོད།། དབྱིག་འཛིན་སྒེག་མའི་སོ་འཕྲེང་ངོམ་པའི་རྒྱན།། རྫོགས་ལྡན་དཔལ་ལ་རོལ་བའི་སྐྱེ་འགྲོ་ཀུན།། ངོམས་མེད་སྲིད་འབྱོར་དུས་ཀྱི་ཡོ་ལང་ལ།། རྣམ་ཀུན་རོལ་བའི་སྒོ་མོ་སྟོང་ཕྲག་ཕྱེས།།
༑ ལྗིད་ཀྱི་འཁུར་བོ་འདེགས་པའི་ཤུགས་ཟད་དེ།། ས་ཡི་ལྷ་མོ་སྐྱོམ་པའི་གཡོ་འགུལ་ལ།། རྔ་དགོན་བྱང་ཆུབ་གླིང་དུ་ཆུ་ལོག་དགྲས།། ས་ཡོམ་འབྱུང་བཞིའི་གོད་ཆགས་ཐེངས་འགར་ཐེབས།། སྒར་གཞུང་རྟེན་སྒྲོམ་ནམ་མཁའི་མཛོད་ཕྱེས་ཏེ།། སྲིད་ན་རྙེད་དཀའི་ནང་རྟེན་སྤུངས་པའི་ཟིལ།། བསྐྱར་གསོ་བླ་ན་མེད་པའི་མཛད་རྗེས་ལ།། མིག་སྐྱའི་སྨིན་མ་གཟེངས་ཏེ་ལྟ་བ་བཞིན།། རྒྱལ་བའི་སྐུ་བརྙན་རང་བྱོན་སྟོང་ཕྲག་འགའ།། སྐྱེ་འགྲོ་ཀུན་གྱི་བསོད་ནམས་བསོག་བྱའི་ཕྱིར།། རིན་ཆེན་གཏེར་ལས་གླིང་འདིར་དྲངས་པའི་གཏམ།། བྱིན་རྟེན་ཁྱད་པར་འཕགས་པའི་ལོ་རྒྱུས་བརླིང་།། ཐུབ་པའི་བསྟན་པ་རིང་དུ་གནས་པ་དང་།། དེ་ཉིད་འཛིན་དང་ཕྱོགས་བཅུར་སྤེལ་བ་ལ།། དགེ་འདུན་འདུས་པའི་ཚོགས་ལ་རག་ལས་ཕྱིར།། བཅའ་ཁྲིམས་དམ་པོར་སྲུང་བའི་ལྗགས་བཀོད་མཛད།། མཆོད་སྡོང་བླ་ན་འབར་བའི་གཟི་བྱིན་བརྒྱའི།། རིན་ཆེན་ཕྲ་ཚོམ་འཐབ་པའི་འོད་འབྱེད་པ།། རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ་ཚོགས་ལ།། རབ་གནས་ཆོ་ག་དང་བཅས་ལྷུན་གྱིས་གྲུབ།། དེ་ལྟར་རིང་བོར་བསྐྱངས་པའི་དབེན་དགོན་དེར།། རྒྱུད་སྡེ་གོང་འོག་སྲོལ་ཀ་བསླད་མེད་བཙུགས།། ཆོས་སྤྱོད་ཡར་ངོའི་ཟླ་བཞིན་འཕེལ་བ་ལ།། ཐུགས་བརྩེའི་ལྕགས་ཀྱུས་ནམ་ཡང་ལྷོད་མ་གྱུར།། ཡེ་ཤེས་ཆུ་གཏེར་ཀློང་དུ་འཇུག་པའི་གྲུ།། མཁྱེན་རྩལ་རླུང་ཤུགས་དྲག་པོས་རབ་བསྐུལ་ཏེ།། རིན་ཆེན་གླིང་དུ་བགྲོད་པའི་དེད་དཔོན་གྱིས།། རླབས་ཆེན་ཚོགས་གཉིས་གོམས་པའི་མཐུ་བྱིན་གྲུབ།། རྒྱ་ཆེན་གཞུང་ལ་གོམས་པའི་བག་ཆགས་སྟོབས།། གཞུང་དོན་གདམས་པར་འཆར་བའི་ཉམས་ལེན་དང་།། ཉམ་ཆུང་འགྲོ་ལ་བརྩེ་བའི་ལྷག་བསམ་བཅས།། ཕན་ཚུན་འགྲན་བཞིན་དལ་འབྱོར་དོན་ཡོད་བྱས།། g སྣང་གསལ་ལྷ་ཡི་བཞིན་ལེགས་རབ་རྫོགས་ཏེ།། རྟེན་དང་བརྟེན་པའི་དཀྱིལ་འཁོར་བཀྲ་བའི་མདངས།། ཐ་མལ་སྣང་ཞེན་མ་ལུས་དྲུངས་ཕྱུང་སྟེ།། དག་པ་ཡེ་ཤེས་འབའ་ཞིག་ཐུགས་ལ་བཏེགས།། བསམ་གཏན་སྔགས་ཀྱིས་བཀུག་པའི་དཀྱིལ་འཁོར་ལ།། དམིགས་པ་རྒྱང་དུ་བསྲིངས་པའི་སྟོང་མཐའ་ན།། མ་འགག་ཡེ་ཤེས་ཀློང་དུ་འཐིམ་པའི་བརྡར།། ཏིང་འཛིན་རོ་ཡི་བཅུད་བཟང་མཁའ་ལ་གཏིབས།། ལྷན་སྐྱེས་བདེ་ཆེན་འབར་བའི་དབྱིངས་རིམ་ནས།། སྒྲིབ་གཉིས་སྤྲིན་དང་བྲལ་བའི་ཉིན་མོར་བྱེད།། མོས་བློའི་མཁའ་ལ་འགོག་མེད་འཆར་བའི་གཟིས།། སྤངས་རྟོགས་ཡོན་ཏན་རྫོགས་པའི་པད་དཀར་འཛུམ།། འདུ་འཛིའི་ནགས་ཀློང་བྲལ་བའི་བས་མཐའ་ནས།། སྟོབས་བཅུ་གཡུ་རལ་བསིགས་པའི་གདོང་ལྔ་བ།། མཁས་རློམ་རི་སྐྱེས་བྲན་དུ་བཀོད་པའི་ཕྱིར།། ཐུབ་བསྟན་གངས་རིའི་སྤོ་ལ་འཛེགས་པ་བཞིན།། རབ་འབྱམས་རྒྱལ་བས་ཆེས་ཆེར་བསྔགས་པའི་ལམ།།
Gདབུ་མའི་ཟབ་དོན་མཐའ་བྲལ་རྡོ་རྗེའི་གླུ།། མདོ་སྔགས་ཧྲིལ་གྱིས་བསྡུས་པའི་མཱ་ལི་ཀཿ།། ཉམས་སུ་བཞེས་པས་རྟོགས་པ་ཀློང་བཞིན་བརྡོལ།། ཆོས་ཉིད་བདེན་པ་མཐོང་བའི་ལེགས་མཚོན་དཔེར།། གྲུབ་པའི་མཚན་མ་སྤྲུལ་བའི་མཐའ་མ་དམིགས།། སྒྱུ་འཕྲུལ་སྣ་ཚོགས་བསྒྱུར་ལ་ལྟ་བྱེད་མིག། རྩིག་པའི་རི་མོར་ཐེངས་མང་བྲིས་པ་མཚར།། ཏིང་འཛིན་གཡོ་མེད་ཀུན་གསལ་ཡངས་པའི་དབུས།། གཉུག་མའི་སེམས་ཀྱི་དབང་གཞུ་བཀྲ་བའི་མདངས།། རྡོར་ཟླས་རླུང་གི་སྒྲ་བརྒྱ་དགོད་པའི་ཟིལ།། སྐྱེ་འགག་དབྱིངས་སུ་གཞིབ་པའི་སྲོག་རྩར་མནོས།། ཞྭ་སེར་རིང་ལུགས་འཛིན་དང་སྤེལ་བའི་ཁུར།། ལེགས་པར་མནོས་པའི་སེམས་དཔའི་ངང་ཚུལ་གྱིས།། སྐལ་ལྡན་ཡིད་རབ་འཕྲོག་པའི་དམིགས་རྐྱེན་དུ།། འཆད་ཉན་ལས་ཀྱི་འཁོར་ལོའི་སྲོག་རྩ་བཟུང་། མ་རིག་རྨོངས་པའི་ལས་ཀྱི་ཕ་མཐའ་ན།། འདོད་ཡོན་དུག་གིས་སྦྲིད་པའི་ཉམ་ཆུང་རྣམས།། ཐུགས་བརྩེ་གཡོ་བ་མེད་པར་སྲུང་བའི་སེམས།། སྡུག་པའི་བུ་ལ་མ་ཡིས་དེ་ལྟ་མིན།། ནོར་འཛིན་བུ་མོ་མཛེས་པའི་རྒྱན་འཕྲེང་ལ།། ཕྱོགས་བཅུའི་རྣ་ཆ་གཡོ་བའི་འཕྱང་འཕྲུལ་ཅན།། སྲིད་འབྱོར་རིག་གསུམ་དར་བའི་དགོན་ཆེན་པོ།། རིས་བྲལ་དུ་མར་ཞབས་སྐྱེས་པདྨོ་བཀོད།། འཇང་དང་འཆང་གི་གདོད་མའི་བཙན་རྫོང་སྟེ།། མཚན་མོར་བཞད་པའི་ཙམ་པཱ་ཀ་ཡི་འཛུམ།། ལོ་རྒྱུས་ལྗོན་པ་གནའ་མའི་མེ་ཏོག་ལ།། སོར་མོའི་སྲབ་མཐུག་ལྗགས་ཀྱི་རྩེ་བོར་འཁྱུག།། ལམ་ཐག་རིང་བོས་མྱ་ངན་ཐང་ན་གནས།། སྐོམ་གདུང་ཚ་བས་སྲོག་ཀྱང་འབྲལ་ལ་ཉེ།། ངལ་ཞིང་དུབ་པའི་འཁོར་གཡོགས་དབུགས་དབྱུང་ཕྱིར།། བྱེ་མའི་ཁུག་པར་སྔོན་མེད་ཁྲོན་པ་བསྟན།། དྭངས་བསིལ་རྙོག་མ་བྲལ་བ་གཙང་མའི་ཆབ།། དངོས་སུ་མྱངས་པས་ཀུནད་ཀྱང་ཡ་མཚན་ཞེས།། བཏུང་བའི་རོ་ལ་འོ་མའི་བྲོ་བ་བསྟར།། ཞབས་འབྲང་དགའ་བའི་ཅ་ཅོ་གླིང་ལ་བསྒྲགས།། སྡིགས་མཛུབ་མཛད་པས་ས་འཛིན་གར་ལ་རྩེན།། བྲག་རིའི་ཁོངས་གསེང་བསྐོས་པའི་གསང་མཐའ་ནས།། ངོ་མཚར་འཕྲུལ་གྱིས་བསྐྲུན་པའི་རང་བྱོན་སྟེ།། བྲམ་གཟིགས་སྐུ་བརྙན་ལ་སོགས་གཏེར་འགའ་བཞེས།། བྱང་ཐང་མཐའ་དབུས་བྲལ་བའི་གསིང་སྟོང་དུ།། ཚེ་རབས་དྲན་པའི་ལོ་རྒྱུས་འཕྲོས་པའི་མུར།། མི་ལོ་སྟོང་ཕྲག་སྔོན་མའི་བརྡ་ཐབས་བསྟན།། འཁོར་གཡོགས་ཀུན་གྱི་དད་པའི་སྤུ་ལོང་གཡོས།། གཞོན་ནུའི་དུས་ནས་རྟོགས་པའི་ཡོན་ཏན་ཀུན།། མ་ལུས་ལྷུན་ཏུ་རྫོགས་པའི་རྨད་བྱུང་དཔལ།། རོལ་རྩེད་ངོམ་པ་བྱིས་པའི་རྐང་འགྲོས་ཀྱིས།། ཅི་དགར་བསྒྱུར་བ་སྒྱུ་མའི་རོལ་རྩལ་བཞིན།། མི་རྟག་སྒྱུ་མའི་རོལ་བ་སྣ་ཚོགས་བཞིན།། འགྲོ་བའི་ཡིད་ཁམས་རྒྱུན་གྱིས་རབ་བརླན་ཏེ།། ཐར་འདོད་ཡོངས་ཀྱི་ཞིང་ས་བཤིན་པོ་ལ།། བླ་མེད་སྐུ་བཞི་བསྐྱེད་པའི་ས་བོན་བསྐྲུན།། མཁྱེན་རབ་རྩལ་ཆེན་གསེར་གྱི་ལྡེའུ་མིག་གིས།། དུས་ཀྱི་འཁོར་ལོའི་སྒོ་འཕར་ལེགས་ཕྱེ་ཞིང་།། ཟབ་དོན་ནོར་བུའི་ཁྲི་འཕང་རྩེར་འཛེགས་ཏེ།། རིགས་ལྡན་རྒྱལ་བོའི་མངའ་ཐང་བཙན་གྱིས་འཕྲོགས།། བདེ་ཆེན་ཡེ་ཤེས་ཡོངས་འདུས་ལྗོན་པའི་རྩེར།། ལེགས་པར་སྨིན་པའི་ཆོས་སྐུའི་ལོངས་སྤྱོད་ལ།། མངོན་པར་རོལ་བའི་སྐལ་བཟང་རྣམ་སད་ཚོགས།། དངོས་གྲུབ་བཅུད་ཀྱིས་མྱོས་པའི་གར་ལ་ཆས།། ཟག་མེད་མཚོ་ཆེན་བསྲུབས་པའི་གདེངས་ཀ་ཆེར།། རིམ་གཉིས་རྟོགས་པ་དགུང་དུ་འཕྱོ་བའི་རླབས།། མཐོང་ཚེ་འོག་མིན་ཆོས་ཀྱི་ཞིང་ཁམས་སུ།། རྒྱལ་རྣམས་དགྱེས་པའི་མེ་ཏོག་ལྷམ་མེར་གཏོར།། ཡེ་ཤེས་ཕྱག་རྒྱ་ཆེན་པོའི་འཛུམ་བག་ལ།། ལེགས་པར་འཁྱུད་པའི་རིག་འཛིན་ཆོས་ཀྱི་རྗེ།། སྒྱུ་ལུས་རྩལ་དུ་རྫོགས་པའི་སྔགས་འཆང་ཞེས།། གྲུབ་པའི་དབང་ཕྱུག་གཞན་དུ་བཙལ་བྱ་མིན།། དམ་པ་རྣམས་ཀྱིས་རྟོགས་པ་བརྙེས་པའི་ཚུལ།། འདི་ཉིད་ཁོ་ན་ཡིན་ཞེས་ལྟ་སྤྱོད་ཀྱི།། རྣམ་ཐར་གཙང་མར་བཞེས་པའི་གཟིགས་མོ་ཡིས།། ཤེས་ལྡན་མ་ལུས་ཡིད་ལ་ངལ་གསོ་ཐོབ།།
₹འཁོར་བའི་བདེ་འབྱོར་དབྱར་གྱི་ཆུ་གཏེར་ལ།། རིང་ནས་པྱིང་བའི་བྱིས་བློའི་ངང་ཚུལ་དག། གཟིགས་ཏེ་བརྩེ་སེམས་དུས་མཐའི་མེ་དཔུང་གིས།། ཆོས་བརྒྱད་ཆུ་ཀླུང་ལྷག་མེད་སྐམ་པར་བྱས།། རྒྱལ་བའི་མཛད་པ་ཡོངས་སུ་བཞེས་པའི་ཁུར།། འདེགས་བྱེད་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱིས།། འགྲོ་བ་དབུགས་དབྱུང་བྱམས་བརྩེའི་དྲི་བཟང་ཅན།། གཉིས་འཐུང་དབང་བོ་ཐུབ་བསྟན་མཚོ་ཆེན་བརྒལ།། བཤད་སྒྲུབ་ཆུ་སྐྱེས་འདབ་འཕྲེང་གྲོལ་བའི་གཞིར།། སྤངས་རྟོགས་ངང་བའི་མགྲིན་རྔ་འཁྲོལ་མཐོང་ཚེ།། རྩོད་རིག་གཤོག་པ་བརྐྱངས་པའི་ངུར་བ་མོ།། འཇམ་མགོན་རྒྱལ་བའི་རྫང་བུར་དལ་གྱིས་གཤེགས།། དགེ་ཚོགས་སྤྲོ་བསྡུ་དབྱར་གྱི་ཆུ་འཛིན་བཞིན།། ལང་ལོང་ཕྱོགས་བརྒྱར་གཡོ་བའི་འཇིངས་གསེང་ན།། རིག་འཛིན་མཁའ་ལ་རྒྱུ་བའི་ཁྱུང་ཆེན་གྱིས།། ཚོགས་གཉིས་གཤོག་པ་བསྒྱུར་བའ༨་བརྡ་ཐབས་བསྟན།། འཇམ་མགོན་བླ་མའི་ཐུགས་དམ་ལྷ་མཆོག་ལྔ།། ཁྱད་པར་རྒྱུད་ཆེན་གསང་བ་འདུས་པ་ཡི།། བཤད་སྲོལ་དྲི་མ་མེད་པའི་བསྟན་པ་དག། ཇི་བཞིན་འཛིན་ཕྱིར་གྲྭ་ཚང་ཟུར་འཛུགས་མཛད།། ཞྭ་སེར་མཁན་པོའི་ཐུགས་དཀྱིལ་མ་དྲོས་ཀློང་།། འཆད་པའི་རྒྱུད་འགྲེལ་ཕྱག་བཞེས་མ་ཉམས་པ།། ཆོ་གའི་དབྱངས་རྟ་དང་བཅས་སོར་ཆུད་ཀྱིས།། ཕྲ་ཞིབ་མན་ངག་ཚང་བའི་སྲོལ་ཀ་བཙུགས།། ཐབས་ཀྱི་ཕྱོགས་ཆ་འབར་བའི་ཉིན་མོར་བྱེད།། ཤེས་རབ་གཙོར་འདོན་ཟླ་བའི་སྣང་བ་འབྱེད།། ཨེ་ཝམ་ཟུང་དུ་འཇུག་པའི་ཆོས་ཚུལ་གྱིས།། རྒྱལ་ཀུན་གཤེགས་པའི་ཤུལ་ལམ་བླ་མེད་གཟིགས།། འཆད་ཉན་འཕེལ་བའི་ཆུ་སྐྱེས་འདབ་མ་ལ།། ངམ་གནག་གྲང་རེག་ལྡང་བས་སྐམ་བྱེད་ཅིང་།། བསམ་སྦྱོར་ངན་པའི་སྡིག་རྩུབ་མཚན་མ་ཀུན།། ཞི་བྱེད་ཟབ་རྒྱས་ལྕགས་མཁར་སྒྲུབ་མཆོད་མཛད།། འདི་ལྟར་འབད་པས་ཕྱི་ནང་འགལ་རྐྱེན་གྱིས།། ནམ་ཡང་མི་ཚུགས་བཤད་སྒྲུབ་ཟླ་བའི་ཉ།། ལེགས་པར་གང་བའི་དགེ་མཚན་ངེས་པར་དུ།། འབྱུང་ཞེས་གསུང་གི་བཀའ་ནན་དམ་པོར་མཛད།། ཨརྐེའི་སྐར་ཚོགས་ས་ལ་བབས་པའི་གཟུགས།། རྣམ་བྲིས་རི་མོ་དབྱར་གྱི་ལང་ཚོ་བཞིན།། མང་རའི་ཡུར་བ་ཆུ་མའི་ཞིང་ཁར་བསྒྱུར།། དམངས་ཀྱི་འཚོ་བ་སྟོན་གྱི་འབྲས་བུ་བཞིན།། གཉེར་ཆེན་དགེ་འདུན་མཆོད་རྟེན་ཐང་དུ་སྐོང་།། མཚན་འགེབས་མ་པང་ཇག་དམག་རུབ་པའི་མདའ།། རུམ་ལ་བླུགས་པའི་མདེའུ་བགྲང་མེད་ཅེས།། གཏམ་རྒྱུད་སྙན་མོ་དཔལ་མགོན་འཕྲུལ་དུ་གྲགས།། མང་འབལ་བྱ་གསུམ་རང་ཕྱོགས་ཆབ་འབངས་ཀྱི།། སྡེ་ལ་རྒོལ་བའི་མ་པང་གཏུམ་པོ་ལ།། ཐུགས་བརྩེའི་ཏིང་འཛིན་འཕྲུལ་འཁོར་མེ་ལྕེ་ཡིས།། ཕྱེ་མར་འཐག་པའི་མཚན་མ་མངོན་སུམ་ཉིད།། ཕྱོགས་དེར་ལྡང་བའི་དུས་མཐའི་ཐོར་རླུང་གིས།། ཁ་མཆུ་སྣ་མང་ནོར་གྱིས་བསླུས་པ་ཡིས།། དཀྲིགས་སྦྱོར་ལས་ལ་ཆས་པའི་མི་བསྲུན་པ།། ལས་གཤིན་དྲག་པོས་མིང་གི་ལྷག་མར་བྱས།། ནག་པོའི་ཕྱོགས་སུ་བརླམ་པ་འཕང་མཐོ་བས།། ཡུལ་ཁམས་བཅོམ་འཕྲོག་བྱེད་པའི་ངང་ཚུལ་ལ།། ཉེ་བར་ཟློག་པའི་ཟོར་སྦྱོར་མཐུ་ཆེན་གྱིས།། མཐའ་དག་བདེ་ལ་འགོད་པའི་བསྐལ་བཟང་བྱིན།། བསྟན་དང་འགྲོ་ལ་གཙེ་བའི་འབྱུང་བོ་རྣམས།། ཚར་གཅོད་ཕྲིན་ལས་སྒྲུབ་པའི་སྲུང་མ་ཡིས།། ངེས་པར་སྒྲུབ་པའི་ལས་འདི་སྲུང་བྱ་ཞེས།། དམ་ཚིག་གཉེན་པོའི་གཡར་དམ་ཐེངས་འགར་སྩལ།། བསྟན་ལ་གནོད་པའི་བདུད་དམ་སྲིད་ཆོ་འཕྲུལ་ཆེས།། སྣང་བའི་མཚན་མ་འཇོམས་བྱེད་མཐུ་ཆེན་ལྷའི།། ལས་སྦྱོར་བྱེད་པ་སྔགས་འཆང་ཆོ་ག་འཁྲུལ།། ཏིང་འཛིན་བསམ་གཏན་ནང་གཏམ་མན་ངག་གྲོལ།།
₹ དུས་འགྱུར་འཁྲུག་ལོང་ཚངས་དབང་མལ་ལས་ལངས།། རྒུད་པའི་མཚན་མ་རླུང་ལྷའི་ཕྱོགས་སུ་འཕྱོ།། བསོད་ནམས་ལས་ཀྱི་ཟླ་བ་བྲི་བ་ཞེས།། དུས་ཀྱི་འཚུབ་མ་གང་གིས་ཟློག་ཐབས་བྲལ།། པཎ་ཆེན་ཨེར་ཏི་ཆོས་ཀྱི་རྒྱལ་མཚན་གྱི།། ཉེན་འགོག་སྐུ་ཚབ་མཚོ་སྔོན་མགྲིན་ཚབ་མཛད།། དབུས་འགྱུར་བོད་ཀྱི་སྐུ་མགོན་བཞི་ཡི་གྲས།། བལ་ཡུལ་ལ་སོགས་ཞབས་སོར་རེ་ཁཱ་བྲེ།། རྒྱལ་བསྟན་རིན་ཆེན་འབྱུང་བའི་གནས་ཀྱི་མཆོག། ན་ལེནྜ་ཡི་ཁེངས་པ་འཇོམས་བྱེད་པ།། པཎ་གྲུབ་ཀླུ་དབང་འབུམ་ཕྲག་རོལ་བའི་མཚོ།། གདན་ས་གསུམ་ཞེས་གྲགས་པའི་རླབས་འཕྲེང་རྒོད།། སྙན་པའི་གྲགས་པ་འཛིན་མའི་སོར་འཕྲེང་རྩེར།། ཆེས་ཆེར་ལྡིར་བའི་དུས་སྟོན་ཕོ་ཉ་མོས།། ལེགས་པར་དྲངས་པའི་ཐུགས་འདུན་རི་བོང་འཛིན།། མཚན་མོའི་མུན་པ་སེལ་ཕྱིར་མཁའ་ལ་འཁོར།། བཤད་སྒྲུབ་རླབས་ཀྱི་འཕྲེང་བ་ཆལ་ཆིལ་དུ།། གཡོ་བའི་དཔལ་ལྡན་འབྲས་དཀར་སྤུངས་པའི་སྡེར།། རྣམདཔྱོད་རྩལ་དུ་རྫོགས་པའི་ངང་བ་མོ།། བརྩོན་འགྲུས་གཤོག་པ་བརྐྱངས་ཏེ་འཇིངས་སུ་རོལ།། ངེས་དོན་མཁས་པའི་གོ་སར་འགྱིང་བག་གིས།། འཆད་རྩོད་ལུང་རིགས་སྤྲོ་བའི་འོད་རྣོན་ཅན།། འོད་འབར་ལེགས་ལྡན་ལ་སོགས་མཚན་ལྡན་བཤེས།། ཟླ་བྲལ་མཁས་པ་དུ་མས་མཛུབ་ཁྲིད་ཐོབ།། མདོ་སྔགས་གཞུང་བསྲིངས་མཛུབ་སྟོན་རི་མོ་ལ།། ཕྲ་ཞིབ་རིག་པའི་འཕྲུལ་གྱི་གཟེར་བཏབ་སྟེ།། ཐུབ་བསྟན་རྒྱ་མཚོ་འཐུང་བའི་སྤྲིན་རིམ་ལས།། ལུང་རིགས་དབྱངས་སྙན་སྤེལ་འདིས་ས་གསུམ་འདར།། རྣམ་སྲས་དབྱིག་གི་མཛོད་ཀྱང་ཕམ་བྱེད་པའི།། ལ་མོའི་དཀོར་མཛོད་ཕྱེ་བའོ་གསེར་དངུལ་སྤྲམ།། རིན་བྲལ་ནོར་བུའི་ཟོང་གི་མཁོ་རྒུ་རྣམས།། མཛོ་རྟ་རྔ་མོང་སྦྲེལ་ནས་དབུས་སུ་བསྙིལ།། དགེ་འདུན་ཆུ་ཀླུང་འདུས་པའི་གྲྭ་ཆེན་པོར།། མཆོད་སྤྲིན་བླ་མེད་འཁྲིགས་པ་ནོམ་པའི་རྫས།། སྲི་ཞུ་དངོས་པོ་བསྟར་ལ་བརྒྱུས་པའི་འཕྲེང་།། ཀུན་ཡིད་འོ་མའི་རྒྱ་མཚོ་འཁོལ་བར་གྱུར།། ཐམས་ཅད་ཡིད་དགའ་ཚིམ་པའི་དབྱིངས་རིམ་ནས།། བསྔགས་པའི་འབྲུག་སྟོང་རྒྱུད་མུར་ལྡིར་བ་ཡིས།། ལ་མོའི་དངུལ་དཀར་གྲགས་པའི་འགྱེད་ཆེན་ཞེས།། ཕྱོགས་བཅུའི་རྣ་བའི་ངོས་སུ་རང་སྒྲ་དགོད།། དབུས་འགྱུར་ཀུན་སྨོན་ཆོས་ཀྱི་ཞིང་ཁམས་དེར།། མཆོག་གསུམ་མཆོད་པའི་དགའ་བ་ལྷུར་ལེན་གྱིས།། སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱར་ཏེ།། བསྟན་འགྲོ་འབའ་ཞིག་དོན་དུ་བསྔོས་པར་མཛད།། དད་པའི་མེ་ཏོག་འབུམ་ཕྲག་ཅིག་ཆར་དུ།། མངོན་པར་བཞད་པའི་ཆུ་སྐྱེས་གེ་སེར་རྡུལ།། ལེགས་པར་འཐོར་བའི་ཟང་ཟིང་སྦྱིན་པ་ཡིས།། ཕངས་མེད་ལག་པ་རིང་དུ་བརྐྱངས་པར་མཛད།། རིང་ནས་འདྲིས་ཤིང་མཛའ་བའི་གཉེན་དང་འབྲེལ།། གྲྭ་སའི་རིགས་པ་སྨྲ་བའི་རྩེ་དང་ཕུད།། ཆི་ཀྱ་ཞབས་དྲུང་ཆོས་ཀྱི་ཉི་མ་ཡིས།། མཚམས་སྦྱོར་སྣེ་ཤན་བརྡ་ལ་བྱང་བར་མཛད།། མཐོན་པོའི་རི་དང་དམའ་བའི་གཤོང་བརྒྱུད་དེ།། གཙང་དང་ས་སྐྱའི་གནའ་བོའི་ཅོང་རྙིང་བརྡུངས།། ལྷོ་ཁའི་གནས་ཆེན་གྲགས་པའི་མུ་ཁྱུད་ཅན།། ལྗོངས་རྒྱུའི་ལྟད་མོ་སེམས་ཀྱི་སྟེགས་བུར་བསྟུས།། བྱིན་རྟེན་ཁྱད་འཕགས་དཔྲལ་བའི་ཐོད་དུ་བླངས།། སྔོན་བྱུང་གཏམ་དང་འབྲེལ་བའི་ལོ་རྒྱུས་གླེང་།། ས་ཆུ་རི་ལུང་གཏེར་ཆེན་ནམ་མཁའི་མཛོད།། བྱིན་རླབས་མཚན་མ་ཐུབ་པའི་ལུང་གིས་འགྲེལ།། སྣོད་བཅུད་ལྷ་ཡི་འཕྲུལ་འཁོར་གནས་ཉེར་བཞི།། གཟིགས་སྣང་དཔག་པར་དཀའ་བ་སྣ་ཚོགས་དང་།། ཁྱད་པར་དཔལ་ལྡན་མགོན་པོ་ཞལ་བཞི་བས།། སྐུ་མཆོག་དངོས་སུ་བསྟན་ཏེ་བྲན་བཞིན་འབྲངས།། གསེར་གྱི་བཀའ་ལུང་མནོས་པའི་བྱ་མ་རྟས།། ཡིག་འཕྲེང་རླུང་ལ་བྲིས་ནས་ཕྱོགསསུ་སྤྲིངས།། རྒྱལ་པཎ་ཉི་ཟླ་བསུ་ཕྱིར་གཟིམ་ཆུང་གོང་།། རྒྱབ་ཕིབས་ཉི་འོད་འཁྱིལ་བའི་ཕོ་བྲང་བརྩིགས།། རེ་ལྟོས་འཆའ་བའི་དགོན་སྡེའི་གནད་ཡོད་ཀུན།། གཉེན་ཉེ་ལུང་རིགས་རྒྱ་མཚོས་གསོལ་བཏབ་བཞིན།། འབྲས་བཟང་སྙེ་མའི་ཁུར་གྱིས་དུད་པ་ཅན།། ཆིབས་ཞབས་འཁོར་ལོ་མདོ་སྨད་ཕྱོགས་སུ་བསྒྱུར།། འབྲས་དཀར་སྤུངས་བཞུགས་ལྷོ་ཁའི་གནས་གཟིགས་གྲུབ།། མདོ་སྨད་རྟ་ཡི་ཆོལ་ཁ་འཛིན་མའི་རྒྱན།། དགོན་གནས་ཉམས་གསོ་བཤད་སྒྲུབ་ཆོས་འཁོར་བསྐོར།། ས་ཡི་ཚངས་པ་ལུང་གིས་ཁ་ལོ་བསྒྱུར།།
༑ འཇིག་རྟེན་ཀུན་གྱི་ཡིད་འོང་མཛེས་སྡུག་རྣམས།། བསྡུས་པའི་བཞིན་གྱུར་ཡིད་འཕྲོག་ལྟ་ན་སྡུག། མི་མཇེད་ཞིང་གི་བརྒྱན་དུ་ཟློས་པ་མོར།། ཞལ་རས་ཟླ་བ་འཛུམ་བཞིན་འཁོར་བཅས་ལྷགས།། ཆོས་ཀྱི་མེས་པོ་མཁས་པ་མི་གསུམ་གྱིས།། བསྟན་པའི་མེ་རོ་གང་ནས་གསོས་པའི་གནས།། མཛད་ཕྲིན་བླ་ན་མེད་པའི་རྗེས་དྲན་དུ།། བརྗིད་པའི་ལྷ་ཁང་ཟི་ལིང་མཁར་དུ་བརྩིགས།། འཇམ་མགོན་བླ་མའི་ལྟེ་ཁྲག་འཕོ་བའི་གནས།། སྐུ་འབུམ་ཞེས་བྱའི་ཁྲི་འཕང་ཡངས་པའི་རྩེར།། ཞབས་སོར་དངོས་བཀོད་ཆོས་རྒྱུན་གྲུ་ཆར་ཕབ།། ཐུབ་པའི་བསྟན་ལ་ཐུབ་པ་གཉིས་པ་བྱོན།།
༑ གུང་ཁྲན་དམར་བོའི་འགུལ་བསྐྱོད་ཆུ་ཡི་རླབས།། རིམ་པར་འཕྱུར་བས་གངས་ཅན་འཛིན་མའིཟོམ།། ཡོད་རྒུ་སྣུབ་པའི་སྦྱོར་བ་ཆེར་བརྩམས་ཚེ།། ཞབས་ཟུང་འཁོར་ལོ་ཞི་ཨན་ཕྱོགས་སུ་བསྒྱུར།། ཡིད་སྲུབ་བདག་པོས་སྦྱར་བའི་དུག་གི་མེ།། ཞེ་སྡང་ནགས་ཀླུང་མཐུག་པོར་སླེབས་ཉེ་ཚེ།། བྱམས་བརྩེ་ཆར་གྱིས་གཞིབ་པའི་གོ་བྲལ་ཕྱིར།། སྔོན་ལས་ཆུ་བོ་གྱེན་དུ་སུ་ཡིས་བཟློག། སྙུག་མའི་ཆབ་འབངས་དགྲ་བོའི་མཚོན་ཁར་རྒས།། དགོན་སྡེ་ཆེ་ཕྲ་སྟོབས་དང་འབྱོར་བས་བསླུས།། འཕྲོག་བཅོམ་གཏོར་བསྲེགས་ཆུ་ཡི་རླབས་བཞིན་འཕྱོ།། མྱུར་སྐྱོབ་དར་ཆེན་བཏེགས་ཏེ་བདེ་བར་འབྱོར།། ནག་ཕྱོགས་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ།། མདའ་མཚོན་ངན་རྒུའི་དུག་གི་སྦྱོར་བ་ཡིས།། གངས་ཅན་ཡངས་པའི་འཛིན་མའི་ལྟོ་བ་རུ།། ཤ་ཁྲག་རུས་པའི་འཁོར་ལོ་ཐེངས་འགའ་བསྐོར།།
༑ ཤར་གྱི་ཚངས་པ་སྟེགས་ལས་ལྷུང་བའི་གཏམ།། གཡུལ་གྱི་ཁ་ལོ་བསྒྱུར་བའི་དུས་འགྱུར་ལ།། ཐུགས་བརྩེས་མ་བཟོད་རིམ་བྲོ་སྔོན་འགོག་ལ།། ཟིང་འཁྲུག་ཞི་ཞིང་འདུམ་པའི་ཚུལ་ལ་བྲེལ།། ཡུལ་ཁམས་དཀྲིགས་པའི་མི་བསྲུན་ངན་རྒུ་ཡིས།། ཡོད་ཚད་བརླག་ལྟའི་མ་རུང་བྱ་སྤྱོད་དང་།། བསྟན་དང་འགྲོ་ལ་གཙེ་བའི་མཚན་མ་ཀུན།། བྱམས་བརྩེ་ཆུ་ཡི་འཕྲུལ་འཁོར་མཆོག་ཏུ་བཟུངས།། སྙིང་ལ་སྡུག་པའི་གངས་ཅན་གཡང་གི་མཛོད།། གློ་བུར་མི་རྟག་སྒྱུ་མའི་ངང་ཚུལ་གྱིས།། མྱ་ངན་གོས་དག་བཀླུབས་ཏེ་ཨ་དི་བུའི།། ཆུང་མར་བརྫངས་པའི་རྩུབ་སྤྱོད་སྙིང་ལ་གཟན།། ཧུར་བརྩོན་ཅན་རྣམས་སྨྱོན་པའི་གར་ལ་ཞུགས།། མཆོང་སྤྱོད་ཆེན་པོས་རྙིང་བཞི་རྩ་གཏོར་བཏང་།། རིག་གནས་གསར་བརྗེ་དུས་མཐའི་མེ་དཔུང་གི། ཟས་སུ་མ་གྱུར་དངོས་དེ་ཅང་སྲིད་དམ།། ཞྭ་མོ་ནག་པོའི་མིང་བྱང་ལྗིད་པའི་ཁུར།། འཛིན་བཟུང་བཙོན་འཇུག་བྲན་གཡོགས་འཐབ་རྩོད་བྱེད།། དམྱལ་བ་ས་སྟེང་བུད་པའི་ལོ་ཟླ་དེར།། རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་མྱངས།། སྡིག་སྤྱོད་ལས་ལ་བྲེལ་བའི་སྙིང་ཁམས་ཅན།། གནོད་པའི་བསམ་སྦྱོར་འཕྲུལ་གྱིས་རྩལ་སྤྲུགས་ཀྱང་།། ཚེ་རབས་དུ་མར་གོམས་པའི་བྱམས་བརྩེ་ཡིས།། ཐམས་ཅད་རླབས་ཆེན་སྤྱོད་པའི་གྲོགས་སུ་བསྒྱུར།། རིང་མིན་རིག་གནས་གསར་བརྗེ་ཆེན་པོའི་རླབས།། དུས་ཟིང་རླུང་དམར་དྲག་ཏུ་འཚུབ་པ་ཡིས།། ནག་ཉེས་ཞྭ་མོ་བསྐྱོན་ནས་བཙོན་འཇུག་དང་།། ལོ་ཟླ་འཕྲེང་བ་བསྒྲིལ་ཏེ་རིང་དུ་བཞུགས།། རྡེག་དང་རྡུང་བའི་གཤེད་གྱུར་མ་རུང་བ།། བྱམས་བརྩེ་འཛུམ་གྱིས་བསུས་ཏེ་གྲོགས་སུ་བཀུག། གནོད་ལེན་ཕན་པ་སྒྲུབ་པའི་ཉམས་ལེན་གྱི།། བདག་གཞན་མཉམ་བརྗེ་ཐུགས་དམ་མཐིལ་དུ་མཛད།། རྨ་མགུར་འོག་དང་མཚོ་རྒན་ཁུག་སོགས་ནས།། ས་པག་སོ་ཕག་བརྩིགས་པའི་ལས་ལ་བཀོད།། རྡོ་རྩིག་ཁང་བརྩེགས་བསྐྲུན་ལ་བྱང་བ་ཡིས།། འགྲོ་བའི་སྡུག་བསྔལ་རང་སྟེང་མྱོང་བར་སྨོན།། ཤར་གྱི་སྲིན་པོ་འཆི་བདག་ཞགས་པས་ཟིན།། ལྟ་ངན་རྐྱལ་བ་སྙིགས་མའི་དོང་དུ་ལྷུང་།། དགྲ་ཡི་འཁྲུན་ཐག་དར་གྱི་མདུད་པ་བཅད།། ལྷ་ཡི་དགའ་སྟོན་དཔྱིད་ཀྱི་ལང་ཚོ་བཞིན།། ལྷ་མིན་གཡུལ་ཆེན་འཐབ་པའི་པེ་ཅིན་མཁར།། ནག་ཕྱོགས་ཕམ་པའི་གཡས་འཁྱིལ་དུང་གི་སྒྲས།། དཔྱིད་ཀྱི་པད་མོ་འཛིན་མའི་ཁྱོན་ཀུན་ལ།། ཁ་དབུགས་གསར་བའི་རླུང་དང་འགྲོགས་ནས་བསུ།། གངས་ལྗོངས་ནེའུ་གསིང་གཡུ་ཡི་ཐང་ཆེན་དུ།། རྫོགས་ལྡན་འཛུམ་ཆུང་གྲོལ་བའི་མེ་ཏོག་བརྒྱས།། འདབ་ལོ་ཐགས་སུ་བསྐྲུན་པའི་སྣམ་བུ་ངོས།། ཞབས་མཐིལ་རི་མོ་བཀོད་པའི་དགེ་མཚན་བྱིན།། དཔལ་ཡོན་ཟུང་གི་མེ་ཏོག་མཉམ་བཞད་ཀྱི།།་འཛུགས་བསྐྲུན་གསར་བའི་བཅུད་ཀྱི་ལོངས་སྤྱོད་ལ།། ཆོས་དད་རང་མོས་སྨན་ཆར་འཇོ་བ་ཡིས།། སྨོན་འཆིང་ལྗང་མྱུག་གསོ་བའི་གྲུ་ཆར་ཉིད།། སྲིད་ན་མངོན་པར་བཀྲ་བའི་བཤད་སྒྲུབ་སྡེའི།། འཆད་ཉན་སྲོལ་བཟང་འབྱེད་ལ་རང་དབང་ཞེས།། ཆོས་ཀྱི་སྒོ་མོ་སྟོང་ཕྲག་དུས་གཅིག་ཏུ།། འབྱེད་པའི་སྙིང་སྟོབས་གསེར་གྱི་ལྡེའུ་མིག་བསྐྲུན།། ཆབ་སྲིད་ལངས་ཕྱོགས་མི་བརྟན་འགྱུར་བ་དགུ།། སླར་ཡང་འབྱུང་བའི་དོགས་ཟོན་རྒྱང་བསྲིངས་ཏེ།། ཆོས་སྲིད་རང་དབང་ལས་ལ་བརྩོན་འོས་ཞེས།། དྲང་བདེན་གསུང་གིས་ཀུན་ལ་དབུགས་དབྱུང་མཛད།། ཕྲིན་ལས་ཡུ་བ་དྲང་བོའི་གསེར་གྱི་གདུགས།། རིས་བྲལ་འགྲོ་ལ་སྨིན་པའི་གྲིབ་བསིལ་འཇོ།།
༑ པཎ་ཆེན་ཨར་ཏི་ཆོས་ཀྱི་རྒྱལ་མཚན་མཆོག། ཕན་ཚུན་དམ་ཚིག་འོ་མའི་རྒྱུན་འདྲེས་ཏེ།། ཞབས་ཟུང་འཁོར་ལོ་རྩུབས་སྟོང་ལྡན་པའི་འགྲོས།། རྒྱ་སོག་བོད་ཡུལ་ཀུན་ལ་ལྷན་ཅིག་བསྒྱུར།། དགེ་མཚན་བྱེ་བས་གཏམས་པའི་ཞབས་མཐིལ་གྱི།། རི་མོ་གང་ལ་བཀོད་པའི་གནས་ཀུན་ཏུ།། ཆོས་ཀྱི་དགའ་སྟོན་ཉི་མའི་འོད་སྟོང་གིས།། འགྲོ་ཀུན་ཡིད་ཀྱི་པད་མོ་རྒྱས་པར་མཛད།། ཁྱད་པར་ཡུལ་འདིའི་ཆོས་དང་རིག་གཞུང་གི། རྩ་ལག་ཉམས་པ་གསོ་བའི་སྟོབས་བསྐྱེད་དེ།། སློབ་གསོའི་ལས་ཁུར་སྦྲང་རྩིའི་དོག་པ་ཅན།། རིང་དུ་སྐྱོང་བའི་མཛད་རྗེས་བླ་ན་འབར།། ༑ ཁྱབ་བདག་བླ་མ་མཁས་གྲུབ་སྨྲ་བའི་རྗེ།། རྒྱལ་ཀུན་གསང་གསུམ་གསང་བའི་མཛོད་ཕྱེས་ཏེ།། རིག་ལྡན་མཆོད་པའི་མེ་ཏོག་སྙིམ་པའི་མདངས།། སྤྱི་བོར་ལན་གཉིས་ཕོག་པའི་དགའ་སྟོན་མྱངས།།
མཚོ་སྔོན་ཆོས་ལུགས་སྤྱི་ཡི་གཙོ་འགན་ཁུར།། བྱམས་བརྩེའི་གཟི་འོད་སྟོང་གི་འཛུམ་ཞལ་ངོམ།། ཡུལ་འདིར་གནས་པའི་དགོན་སྡེ་ཇི་སྙེད་ཅིག། མཆིས་པ་ཀུན་གྱི་སྒྲིག་ལམ་དམ་སྲུང་སྒོས།། བླང་དོར་ལེགས་ཉེས་འདབ་མའི་ཁ་འབྱེད་ཕྱིར།། ཞལ་གསུང་འོང་སྣང་དཀར་བོས་ཉིན་བཞིན་བསྐྱངས།། ཟི་ལིང་གྲོང་གི་ལྟོ་བ་མནན་པའི་ཟིལ།། དམར་གཡོ་གཙང་གསུམ་མཁས་པའི་ལྷ་ཁང་བརྗིད།། དངུལ་དཀར་སྟོང་གིས་བསྐྲུན་པའི་དཔལ་ཡོན་ལ།། གྲགས་པའི་རྔ་ཆེན་གངས་ཅན་མཁའ་ལ་ལྡིར།། མི་ལོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ལ།། ཉམས་མེད་འོད་སྟོང་འཕྲོ་བའི་དཔལ་རབ་འབར།། དེ་ཡི་གཟི་བྱིན་མ་བཟོད་རིག་གསར་གྱི། མེ་ཡི་བུད་ཤིང་ཉིད་དུ་གྱུར་བ་དྲན།། རླབས་ཆེན་མཛད་རྗེས་གསུབ་ཏུ་མི་རུང་ཞེས།། སྙིང་སྟོབས་གསེར་གྱི་གོ་ཆ་ལེགས་བགོས་ཏེ།། གཟི་འོད་འབར་བའི་བླ་མེད་མཆོད་གདུང་ཆེ།། བསྐྱར་དུ་བཞེངས་པའི་ལས་ཁུར་རྨང་ནས་བསྐྲུན།། ཡུལ་ཕྱོགས་གང་སར་རྩྭ་ས་རྩོད་སློང་གིས།། ཕྱི་གསོད་ནང་རྨས་ཁྲག་གི་གཡུལ་འཐབ་ལ།། སྙིང་རྗེའི་རྦ་རླབས་དྲག་ཏུ་འཕྱོ་བ་ཡིས།། ཕན་ཚུན་འདུམ་ཞིང་སྐྱིད་པའི་དཔལ་ལ་བཀོད།། ཐེན་འཁྱེར་ཕྱོགས་ལྷུང་སྲིད་ཀྱི་ཁ་ལོ་བས།། ཡུལ་ཁམས་འཇོམས་བྱེད་ངན་དགུའི་གསང་བའི་ནད།། ཐུགས་བརྩེ་སྨན་གྱི་སྦྱོར་བ་སྣ་ཚོགས་ཀྱིས།། རིང་མིན་འཆི་བའི་དགྲ་ལས་རྒྱལ་བར་བྱས།།
འཇིག་རྟེན་དར་རྒུད་དབྱར་གྱི་ཆུ་འཛིན་བཞིན།། ལོངས་སྤྱོད་ཕུན་ཚོགས་རྩྭ་ཡི་བསིལ་བ་བཞིན།། ཁ་རྒྱས་དབང་ཐང་རྡོ་ཐོག་བྱ་རྗེས་བཞིན།། སྲིད་གསུམ་སྲིན་མོའི་གདོང་རིས་ཅི་ཡང་སྟོན། མི་རྟག་འཆི་བ་ཆོས་དང་ཆོས་ཉིད་ཅིག། འབྱུང་བཞིའི་ལུས་པོ་གང་ཞིང་ཟག་པ་ཞིག ཤ་རུས་བདོས་བཅས་ས་ཡི་ཁ་ཟས་ཤིག འཇིག་རྟེན་འགྲོ་འོང་མགྲོན་པོའི་གནས་ལམ་བཞིན། དེ་ཡི་སྙན་པ་འཛམ་གླིང་ཟིན་ཐོ་ལ།། འགོད་མཁས་སྙིང་སྟོབས་བླ་ན་མེད་པ་ཞེས།། ལ་མོ་དགེ་འདུན་བསྟན་འཛིན་ནོར་བུ་ཡི།། ཐུགས་སྨོན་སླར་ཡང་གྲུབ་པས་དགྱེས་ཚོར་འཁྲུངས།། མཚོ་སྔོན་ལྟེ་བ་གནའ་མཁར་ཟི་ལིང་ཞེས།། སྙན་པ་རོང་དུ་རྒྱས་པའི་གྲོང་ཁྱེར་དེར།། སྨྲར་གཡོ་གཙང་གསུམ་སྐུ་གདུང་རིལ་བོར་གནས།། ནང་རྟེན་ལྷར་བཅས་བསོད་ནམས་ཞིང་དུ་བསྐྲུན།། སྲིད་ཀྱི་ལས་དོན་གོངརིམ་སྙན་གསན་ཞུས།། ཕ་ཡུལ་གཉེན་ཉེར་ནང་མོལ་གོ་བསྡུར་གནང་། ཁྱིམ་གྱི་བཟའ་ཟླར་མོས་མཐུན་ཐོར་ཡིག་བླངས།། མཁས་པ་མི་གསུམ་ལྷ་ཁང་བསྐྱར་གསོ་གནང་།། སྲིད་ཀྱི་ལས་དོན་གོངརིམ་སྙན་གསན་ཞུས།།
མཚོ་སྔོན་སྲིད་གྲོས་ཀྲུའུ་ཞི་གཞོན་པའི་འགན།། གོམ་པ་རིམ་སྤོས་ལས་ཁུར་སྣ་མང་གིས།། ཆོས་སྲིད་སྲི་ཞུ་བླ་མེད་སྒྲུབ་པ་ཡིས།། བསྟན་འགྲོའི་བདེ་རྩ་ཁོ་ན་ཐུགས་ལ་བཅངས།། སྲིད་ཇུས་གུ་ཡངས་དགོན་སྡེ་སླར་གསོ་བྱས།། ཆོས་ལུགས་དད་མོས་རང་དབང་འབོད་སྒྲ་བཞིན།། པཎ་ཆེན་བླ་མའི་དཔུང་བ་གཡས་པ་ཞེས།། ཆོལ་གསུམ་ཡུལ་ལུང་ཀུན་ལ་ཞབས་སོར་བཀོད།། མཚོ་སྔོན་ནང་བསྟན་མཐུན་ཚོགས་ཚོགས་གཙོ་དང་།། ནང་བསྟན་སློབ་གྲྭའི་སློབ་དཔོན་མཚན་གནས་ཁུར།། བྱིས་པའི་ཐེབས་རྩའི་གཙོ་དང་ཟི་ལིང་གི། དབང་བོ་སྐྱོན་ཅན་ཐེབས་རྩ་འི་གཙོ་འགན་བཞེས།།
དམར་གཡོ་གཙང་གསུམ་གྲགས་པའི་རྣ་ཆ་ཅན།། གང་གི་གདུང་རྟེན་རལ་བོར་བཞུགས་པའི་གནས།། གནའ་མཁར་ཟི་ལིང་གྲོང་ཁྱེར་ལྟེ་བ་རུ།། ཉམས་གསོ་མཛད་ལ་དད་པའི་གསོས་སུ་གྲུབ།།
༑ རྟག་པའི་འཁོར་བའི་བསྡུས་པའི་ཡོད་མཐའ་སེལ།། ཆད་པ་རང་བཞིན་མེད་པའི་མྱང་འདས་མནོན།། མཐའ་བྲལ་དབུ་མར་སྟོང་བའི་དེ་ཉིད་ཀྱིས།། སྐྱེས་འགག་ཟིལ་གྱིས་གནོན་པའི་དགའ་སྟོན་འགྱེད།། ཡི་དམ་ལྷ་ཡི་ཞལ་གཟིགས་ལུང་བསྟན་སོགས།། རྨད་བྱུང་ཡོན་ཏན་བྱེ་བའི་སྒོ་ཕྱེས་ཏེ།། འགྲོ་ཀུན་སྲིད་ལས་སྒྲོལ་བའི་དེད་དཔོན་དུ།། ཕྱོགས་བཅུའི་རྒྱལ་རྣམས་དགྱེས་པས་དབང་བསྐུར་བཞིན།། གཏུམ་མོ་དྲག་ཏུ་འབར་བའི་མེ་ལྕེ་ཡིས།། སྤྱི་བོའི་ཧང་ཡིག་བཞུས་པའི་བདེ་ཆེན་གྱིས།། ཆོས་ཀྱི་དབྱིངས་དང་དབྱེར་མེད་རོ་གཅིག་གྱུར།། མི་འགྱུར་འོད་གསལ་མཆོག་གིས་རྟག་ཏུ་མྱོས།། དགའ་བཞིས་དྲངས་པའི་རྡོ་རྗེ་ཟློས་པའི་མདངས།། རིམ་གཉིས་རྩལ་ཏུ་རྫོགས་པའི་རོལ་གར་གྱིས།། འོད་གསལ་སྒྱུ་ལུས་ཟུང་དུ་འཇུག་པ་ཡི།། ཟག་མེད་ཡེ་ཤེས་ཆེན་པོའི་མཆོག་རབ་བརྙེས།། ཆོས་ཀུན་སྒྱུ་མར་རྟོགས་པའི་ཤེས་རབ་དང་།། ལས་འབྲས་བསླུ་བ་མེད་པའི་ཡིད་ཆེས་གཉིས།། ཕན་ཚུན་མཐུན་པའི་རླུང་དང་འགྲོགས་པའི་གྲུ།། རྒྱལ་སྲས་སྤྱོད་པའི་ཕ་མཐའ་ངང་གིས་བརྒལ།། སྐྱེ་འཆི་མི་མངའ་དྲི་མེད་རྒྱལ་བའི་སྐུར།། གཡོ་མེད་རྡོ་རྗེའི་སྲོག་རྩ་རབ་བརྟན་ཅིང་།། གདུལ་བྱའི་མོས་བློ་རྟོགས་པའི་བརྩེ་བ་ཡིས།། དམིགས་མེད་ཞི་བའི་དབྱིངས་ལ་དགོངས་པ་གཏད།། ཟག་མེད་ཡེ་ཤེས་ཆེན་པོའི་ཀློང་ཡངས་སུ།། སྐུ་གཉིས་མངོན་གྱུར་སྒྲོ་ལྡན་མདའ་རྣོན་གྱིས།། སྒྱུ་མའི་མཐེབ་ལོང་སྦྱར་བའི་འཕྲུལ་རྩལ་གྱིས།། ཆོས་ཀྱི་དབྱིངས་དང་དབྱེར་མེད་རོ་གཅིག་མྱ་ངན་འདས།། ཡེ་ཤུའི་འདས་ལོ་གཅིག་དགུ་གོ་གཉིས་ལོ།། ཟླ་བ་བཞི་བའི་ཕྱི་ཚེས་ལྔ་བའི་ཉིན།། གཟུགས་སྐུ་བཀོད་པ་འོད་གསལ་དབྱིངས་སུ་བསྡུས།། འགྲོ་བའི་ཡིད་ལ་མུན་པའི་སྨག་རུམ་འཐིབས།། དེའི་ཚེ་སྐྱེས་འཇུག་གློག་གི་གར་མཁན་མས།། གདུལ་བྱའི་ཡིད་རབ་གདུངས་པའི་ཟུག་རྔུ་བྱིན།། སྐྱོ་བའི་མཆི་མ་བསྲུབས་པའི་འཕྲུལ་འཁོར་གྱིས།། འཇིག་རྟེན་མ་ལུས་བརྣངས་པའི་མྱ་ངན་བྱིན།། ཟ་བྱེད་ཞུགས་འབུལ་བཞུས་པའི་སྐུ་གདུང་ལ།། སྙིང་བོ་གསུམ་གྱི་འབྲུ་མང་ཐང་མར་བརྡལ།། ཐུགས་ལྗགས་སྤྱན་གསུམ་བྱིན་རྟེན་སྙིང་བོའི་ཁམས།། ངོ་མཚར་བརྒྱ་ཡི་རི་མོ་མིག་ལ་བྲིས།། དམ་པ་རྣམས་ཀྱི་རྨད་བྱུང་རྣམ་ཐར་ལ།། དམན་འཆར་བློ་ལས་འགོངས་པའི་གཟི་བྱིན་འཕྲོ།། སེམས་དཔའ་ཕན་ཚུན་སྤྱོད་ཡུལ་ཡིན་མོད་ཀྱང་།། ཐར་འདོད་རྣམས་ལའང་བླ་མེད་ས་བོན་སྟེར།།
༑ སྐུ་མཆོག་ནོར་བའི་དྲུང་དུ་བཅར་བ་ཡིས།། རྣམ་ཐར་འདི་གོ་འདྲི་བའི་སྤོབས་པ་བྲལ།། སྔོན་མེད་རྣ་བའི་འཕྱང་འཕྲུལ་མཛེས་པའི་རྒྱན།། དྲན་འཛིན་དབང་བོའི་སྦུབས་སུ་ཅུང་ཟད་ཉར།། མཛད་ཕྲིན་མཁའ་དང་མཉམ་པའི་ལེགས་བྱས་ལ།། སུག་བྲིས་རི་མོ་བཏབ་པའི་ངོ་མཚར་གཏམ།། གླེགས་བམ་ཁུར་གྱིས་མནོན་པ་བརྩེགས་པའི་འཕྲུལ།། བློ་ལྡན་ཡིད་ཀྱི་གསོས་སྨན་ཅི་སྟེ་མིན།། བདག་གི་བློ་གྲོས་སྐྱེད་མོས་ཚལ་ཡངས་སུ།། ཟོལ་བྲལ་དད་པའི་ཆུ་སྐྱེས་ལྡེམ་པའི་རྩེར།། དམ་པའི་རྣམ་ཐར་རྗེས་འཇུག་ཉམས་ལེན་ཞེས།། མགྲིན་པའི་རྫ་རྔ་བརྡུངས་བཞིན་རངས་པར་ཆས།།
འོན་ཀྱང་བདག་བློ་པད་མོ་འཛུམ་པའི་ཁར།། དགོངས་བཞེད་ལྷ་ཡི་བཅུད་ཀྱིས་རབ་བརླན་ཏེ།། ཀུན་རྟོག་དྲོད་ཀྱིས་རྩེ་དགའ་འབྱེད་པ་ཡིས།། རྟོགས་བརྗོད་ཆུན་པོ་གྲོལ་བའི་མགོ་ལྕོག་ལྡེམ།། གཞུང་མང་སྦྱང་བའི་སྤོབས་ཆེས་ཕྲ་ཞིང་།། སོར་མོའི་འདུ་བྱེད་སོམ་ཉིའི་གཟེབ་ཏུ་འཆིང་།། ཤིན་ཏུ་ལྕི་བའི་ཁུར་ཆེན་འདེགས་དཀའ་བས།། རེ་ཞིག་བཏང་བསྙོམས་མི་འཇོག་རང་དབང་ཅི།། དམ་བཅའི་རི་མོ་སྙིང་ལ་བསྐོས་པ་འདི།། སུས་ཀྱང་མ་སྲུབ་ངང་གིས་འཇིག་པ་ན།། སྔོན་བསགས་ལས་ཀྱིས་བདས་པའི་རླུང་བཞིན་དུ།། སྦྲང་བོའི་དབྱུག་པ་ཁུར་ནས་ས་མཐར་འཁྱམས།།
རིན་བྲལ་ནོར་བུས་ཁུན་མིན་ཡལ་བོར་ནས།། བྱེ་མའི་འཆང་བུ་བཙུར་བ་བྱིས་པའི་བློ།། ཞིབ་མོར་བསམ་ཚེ་འགྱོད་གདུང་མིག་མཐའ་ནས།། མཆི་མས་འཛིན་པ་བརླན་ཡང་ཕངས་སེམས་ཅི།། ལྷ་མིའི་རྣམ་འདྲེན་བཀའ་ལུང་རྒྱུད་སྨད་དུ།། གསང་ཆེན་བཞི་བསྦྲགས་གནང་བའི་སྐབས་དང་བསྟུན།། མི་ཁོམ་སྣ་དགུ་བསྲིངས་པའི་སྟོབས་བསྐྱེད་དེ།། ཟིན་ཐོ་ཅུང་ཟད་འབྲི་བའི་བསྐལ་བ་རྙེད་།། ལང་ཚོ་མི་སྡོད་ཆུ་ཡི་རི་མོ་ལ།། རྗེས་སུ་ཆགས་པའི་ཆོས་མེད་ཁ་རྒོད་པ།། ལྷོ་ཕྱོགས་མཐའ་ལ་ཉུལ་བའི་སྦྲང་ཕྲུག་དེས།། རང་ཚོད་མ་ཟིན་བརླིང་བའི་གཏམ་འདི་སྨྲས།། གང་གི་ཡོན་ཏན་གཏིང་མཐའ་མེད་པའི་ཀློང་།། བློ་ཡིས་བསྲུབས་པའི་བདུད་རྩི་བུམ་པ་གང་།། བློ་གསལ་འཆི་མེད་དགྱེས་པའི་དཔལ་འཐོབ་ཕྱིར།། རྣམ་སད་གྲོང་དུ་འཁྱེར་བའི་སྤོབས་པ་སྐྱེས།། འོན་ཀྱང་ཕྱི་ནང་འཕྲད་རྐྱེན་སྣ་ཚོགས་དབང་།། མི་ཁོམ་སྣ་རྒུའི་འདུ་ལོང་བསྒྱུར་བ་ཡིས།། བླ་མའི་རྟོགས་བརྗོད་ངག་རིགས་སོར་མོའི་རྩེར།། སྨིན་པ་འདི་ལས་ཞིབ་ཏུ་བརྗོད་མ་ནུས།།
འདི་ན་ནོངས་པའི་སྐྱོན་གྱི་དྲི་མ་བརྒྱས།། སྦག་པའི་ཉེས་ཚོགས་བདག་བློ་རྨོངས་པའི་སྐྱོན།། ཚིག་དོན་ཕྲ་ཞིབ་ཀུ་ཤའི་རྩེ་མོ་ཡིས།། མཁས་རྣམས་རིགས་པས་དཔྱད་པ་ལྷུར་ལེན་མཛོད།། རྣམ་དཀར་དགེ་བའི་ཚོགས་གཉིས་རླབས་ཆེན་མཐུས།། མཁའ་ཁྱབ་འགྲོ་བའི་སྡུག་བསྔལ་ཡོངས་སེལ་ཏེ།། སློབ་བུ་བདག་སོགས་དཔལ་ལྡན་བླ་མ་ཡིས།། མི་འབྲལ་རྟག་ཏུ་འཚོ་བའི་སྨོན་འགྲུབ་ཤོག། ཕྱག་དྲུག་མགོན་དང་ལས་གཤིན་རྣམ་ཐོས་སྲས།། བག་རྩེ་ལྕམ་སྲིང་དཔལ་ལྡན་དམག་ཟོར་ལྷ།། སྟོབས་འཕྲོག་གདོང་བཞི་ཁྱད་པར་བྲམ་ཟེ་གཟུགས།། གསང་གསུམ་གར་གྱིས་རྣམ་ཀུན་སྲུང་བར་མཛོད།།
ཅེས་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་དཔལ་བཟང་བོའི་རྟོགས་པ་བརྗོད་པ་ཐར་ལམ་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི་གྱི་ན་བ་དགེ་འདུན་རྒྱ་མཚོས་དཔལ་ལྡན་རྒྱུད་སྨད་དུ་ཡིག་ཆུང་ལ་ཕབ་ཟིན་ཡང་སེ་རའི་འཇང་དགུན་ཆོས་ལ་བྲེལ་བས་རེ་ཞིག་ལྷག་ཀྱང་ཕྱིར་འབྲས་སྤུངས་པ་ལ་སླེབས་འཕྲད་ལོ་གསར་གྱི་གུང་སེང་དང་སྟབས་བསྟུན་གཙང་བཤུས་ཅུང་ཟད་བྱས་པ་དང་། རྗེས་སུ་ཁོམ་ལོང་འདྲ་བྱུང་ཚེ་རྣམ་ཐར་ཞིག་འབྲི་འདུན་མཆིས་ཀྱང་སློབ་གཉེར་ལ་འབད་ཁུལ་གྱིས་དུས་བྲེལ་ཆེ་བས་དགུ་བཅུ་གོ་བཞི་ཕྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་རྫོགས་པར་བྲིས་པ་དགེའོ།། 1994/3/16/