ཆབ་མདོ་ངག་ཕུན་གྱིས་ཕུལ།
རྒྱ་ནག་དམར་པོའི་སྲིད་གཞུང་།། ཆོས་ལྡན་བོད་ཀྱི་ཞིང་ལ།།
དྲག་པོའི་བཙན་འཛུལ་བྱས་ནས།། བོད་མི་འབུམ་ཕྲག་བསད་སོང་།།
རིས་མེད་ཆོས་སྡེ་ཆེན་པོ།། དྲུག་སྟོང་ལྷག་ཙམ་གཏོར་སོང་།།
ཆོས་ལྡན་བོད་ཀྱི་ཞིང་ལ།། སྡུག་གི་མུན་པ་རུབ་སོང་།།
ནང་བཅུད་ཕུན་སུམ་ཚོགས་ཤིང་། །ཕྱི་ཡི་བཀོད་ལེགས་ལྡན་པར།།
ཡར་རྒྱས་ཁ་དབྱངས་སྒྲོག་ནས།། ཐལ་རྡུལ་ཉིད་དུ་སྒྱུར་སོང་།།
བོད་ཀྱི་བླ་སྤྲུལ་ཐམས་ཅད།། ཉེས་མེད་བཙོན་ལ་བཅུག་སྟེ།།
བོད་ཀྱི་ཆོས་དང་རིག་གཞུང་།། ཉམས་ཆགས་ཚད་མེད་བཏང་སོང་།།
གངས་ལྗོངས་བོད་མིའི་མགོན་སྐྱབས།། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ།།
གངས་ལྗོངས་བོད་རིགས་དོན་དུ།། མི་ཡུལ་ཕེབས་དགོས་བྱུང་སོང་།།
རྒྱ་དམར་གུང་ཁྲན་ཏང་གིས།། བོད་ལ་བཙན་འཛུལ་བྱས་ཏེ།།
དཀའ་སྡུག་སྣ་མང་འོག་ཏུ།། གཞིས་བྱེས་གནས་དགོས་གྱུར་སོང་།།
ཁུངས་ལྡན་ལོ་རྒྱུས་ཁག་ཏུ།། རྒྱ་བོད་ཐ་དད་ཡིན་ལས།།
གཅིག་འོག་གཅིག་ཏུ་མིན་པར།། ཚང་མས་ཤེས་པར་བྱོས་ཤིག།།
ཀླད་མེད་བྱབ་ཆུང་འགའ་རེས།། བོད་འདི་རྒྱ་མིའི་ཆ་ཤས།།
ཟ་ཟི་གླེང་མཁན་འདུག་རུང་།། རང་མགོ་རང་གིས་རྡུང་རེད།།
རང་བཙན་རྩོད་མཁན་ཡིན་ན།། དེ་ལ་མི་འདོད་མདོག་མདོག །
རང་བཙན་རྩོད་རྒྱུ་མེད་ན།། དབུ་མ་ཟེར་བ་མེད་དོ།།
དུས་རབས་འཕོ་འགྱུར་བསྟུན་ཏེ།། དགོངས་པ་རླབས་ཆེན་བཞེས་ནས།།
གཉིས་ཕན་དབུ་མའི་ལམ་དེ།། ང་ཚོའི་གཏན་འབེབས་གནང་ཡོད།
སྔོན་གྱི་ལོ་རྒྱུས་ཁག་ཏུ།། བོད་འདི་རྒྱ་མིའི་ཆ་ཤས།།
ནམ་ཡང་བཤད་མྱོང་མེད་ལ། དེ་དག་སེམས་ནང་བཟུང་དང་།།
དགོངས་པ་གཏིང་ཟབ་བཞེས་ནས།། བཀའ་མོལ་གནང་ན་མ་གཏོགས།།
བོད་ཁམས་ཕུང་པའི་གཏམ་གླེང་།། ནམ་ཡང་མི་གནང་རེ་སྐུལ།།
ཞེས་པ་འདི་ནི་དེང་སྐབས་དྲ་རྒྱ་ཁག་ཏུ་ཕན་ཐོགས་ཡོད་མེད་ལ་མ་སྟོས་པའི་གཏམ་གླེང་མང་པོ་ཞིག་འགྲོ་བཞིན་འདུག་ན། དེ་དག་མཐོང་རྗེས་སེམས་ཚོར་དང་བཅས་བྲིས་པ་ཞིག་ཡིན་པས། གཞན་ལ་སྐྱོན་བརྗོད་ཀྱི་དམིགས་ཡུལ་འཛིན་ནས་བྲིས་པ་ཞིག་མིན་ན། དེ་ལུགས་ཀློག་པ་པོ་རྣམས་ཀྱི་དགོངས་བཞེས་ཡོང་བ་མཛོད།