སྡིག་པ་ར་ཛ།
དེ་རིང་ཨ་རིའི་རླུང་འཕྲིན་ཁང་གིས་བཀྲ་ཤིས་དབང་ཕྱུག་དང་། འབུམ་རམས་པ་བསྟན་འཛིན་རྣམ་གྲོལ། བློ་གླིང་དགེ་བཤེས་དགེ་ལེགས་གསུམ་གྱིས་རྒན་འཁོགས་རྣམས་ཀྱི་(alzheimer)དྲན་པ་ཉམ་པའི་རྒྱུ་མཚན་སྐོར་བགྲོ་གླེང་ཆུ་ཚོད་ཕྱེད་ཀ་ལྷག་བྱས་སོང་། དེ་ལ་(Dimentia)ཡང་ཟེར་བ་རེད། སྨན་པ་ཚོས་ན་ཚ་འདི་གཉིས་སྤྱི་དང་བྱེ་བྲག་གི་དབྱེ་ཚུལ་མི་གཅིག་པ་དང་། མིང་འདྲ་མིན་མང་པོ་བཏགས་ཡོད། ཁོང་གསུམ་གྱིས་སྐད་ཆའི་ནང་ཆོས་ཀྱི་ཉམས་ལེན་དང་། འཁོར་ཡུག སྤྱོད་པ་བཟང་ངན། ཟས་སྤྱོད་ལ་རག་ལས་ཚུལ་ལས་བརྩམས་ཏེ་མང་པོ་གསུང་སོང་།
ངས་འདིའི་སྐོར་ལ་ལོ་གསུམ་ལ་ལས་ཀ་ལས་བཞིན་ཞིབ་འཇུག་བྱས་པ་ཡིན། ངས་ཞིབ་འཇུག་དེ་ཁྱོད་ཚོ་ནང་བཞིན་དེབ་བཀླགས། མཐོ་རིམ་སློབ་གྲྭའི་དགེ་རྒན་དེ་ཚོའི་མཉམ་དུ་ཁ་བརྡར་ནས་ཤེས་རྟོགས་བྱུང་བ་གང་ཡང་མ་རེད། ངས་དྲན་པ་ཉམས་པ་དང་། ཀླད་པ་རྨས་མ། ཨ་རག་ལང་ཤོར། མྱོས་སྨན་ལང་ཤོར་འདི་ཚོ་དང་མཉམ་དུ་ཉིན་མཚན་གཉིས་ཀར་བསྡད་དེ། དགེ་རྒན་བརྟེན་ཏེ་སློབ་སྦྱོང་ཡང་ཅུང་ཙམ་བྱས་པ་ཡིན། དེབ་ཀྱང་བཀླགས་པ་ཡིན། འདིའི་སྐོར་དེབ་ཅིག་འབྲི་འདོད་ཡོད་དེ། ཏོག་དབྱིབས་རྫུན་མའི་སྨན་ཁབ་རྒྱག་དགོས་ཞེས་གཞུང་གིས་བཙན་བཀའ་ཕེབས་པ་ན། ལས་ཀ་དེ་ལས་ཐོན་ཏེ་ལས་སྣེ་གཞན་ཞིག་ལ་བྲེལ་ཏེ་དེ་རིང་བར་བརྗེད་ཚར་འདུག དེ་མ་ཡིན་ན་རྒས་གསོ་ཁང་གི་བྱ་བ་ཆེ་ཆུང་མཐའ་དག་ཞིབ་ཚག་གིས་དེབ་ཅིག་འབྲི་ཐུབ་ཡོད་ས་རེད། ལས་རོགས་འགའ་ཞིག་ལ་དེབ་འབྲི་བའི་སྐོར་སྐད་ཆ་ཡང་བཤད་པ་ཡིན།
ཁོ་ཚོའི་བགྲོ་བ་ཚང་མ་ལ་ཞིབ་ཙམ་ཉན་པ་ཡིན་ཏེ། དངོས་གནས་ཞིབ་འཇུག་གནད་སྨིན་པ་ཇི་ལྟར་སོང་མིན་ལ་མ་ལྟོས་པར། ཐད་གའི་སྐད་ཆ་གནད་ཕུག་པ་ཞིག་གང་ཡང་བཤད་མ་སོང་། ངས་ཞིབ་འཇུག་བྱེད་ས་དེ་ཚོ་ཕོ་མོ་གཉིས་ཀ་ཡོད། ཁོ་ཚོའི་སྐྱག་པ་ཕྱིས། གོས་སྐོན། གཡས་སྐྱོར་གཡོན་སྐྱོར་བྱེད། ཟ་མ་སྤྲད་དེ་ལོ་གསུམ་ལ་བལྟས་པ་ཡིན། ཕལ་མོ་ཆེ་ལོ་བརྒྱད་ཅུ་དང་། དགུ་བཅུའི་གོང་ལ་ཕྱིན་ཟིན་པ་རེད། འགའ་ཞིག་ལོ་ལྔ་བཅུ་ནས་དྲན་ཉམ་ན་ཚ་ཡོང་བསྡད་པ་དང་། ཡང་བྱིས་པ་དང་། ལོ་གཞོན་ལ་ཡོང་བསྡད་པ་འགའ་ཞིག་འདུག དེའི་ནང་ནང་ནས་ལོ་ཆུང་བ་རིགས་དེ་ཕལ་ཆེ་བ་ཀླད་པ་བརྡབ་སྐྱོན་བྱུང་བ་ལ་བརྟེན་ནས་བྱུང་འདུག རྒན་པ་ཕལ་མོ་ཆེ་ཀླད་པ་རྒས་ཏེ་བྱུང་བ་རེད།
བོད་པའི་སྤྱི་ཚོགས་གཞིས་བྱེས་གཉིས་སུ་ཉམས་ཞིབ་བྱེད་པ་ལ་བརྟེན་ནས་ན་ཚ་ཡོད་མཁན་ཕལ་ཆེར་མེད་པ་རེད་ལབ་པ་རེད་ཅེས་བཤད་སོང་། དེ་བདེན་པ་རེད། ང་ཚོའི་ཡན་གྱི་མི་རྒན་སྐྱ་སེར་གཉིས་ཀ་དེང་སང་འཕྲུལ་ཆས་དང་། ཀློག་ཀླད། རྩིས་འཕྲུལ། ཁ་པར་སོགས་མགོ་མི་འཁོར་བ་དང་། ཁ་ཚོའི་ཟ་མ་ཕལ་ཆེ་བ་རང་བྱུང་ཁམས་ཀྱི་ཐོན་རྫས་རེད། བྱ་བ་གང་ཞིག་སྒྲུབ་ན་ཡང་རང་གི་སྒོ་གསུམ་བེད་ཆོད་བཏང་པ་ལ་བརྟེན་ནས་བྱུང་བ་རེད། མདོར་ན་རྩིས་རྒྱག་ན་ཁོག་རྩིས་དང་། སློབ་སྦྱོང་བྱེད་ན་བློ་ལ་འཛིན། དྲན་ཐོ་མཐའ་དག་སེམས་ཀྱི་སྟེང་དུ་བཞག རང་གི་འོས་འགན་མཐའ་དག་འཕྲུལ་ཆའི་དབང་དུ་མི་ཤོར་བར། རང་སྟོབས་ལ་བརྟེན་ནས་སྒྲུབ་པ་ལས་བྱུང་བ་རེད། ཆོས་ཀྱི་ཉམས་ལེན་གྱིས་གང་ཡང་མ་རེད། བོད་པའི་སྐྱ་སེར་གཉིས་ཀའི་ནང་དུ་ཆོས་སྒྲུབ་མཁན་ཉུང་ཉུང་རེད། དེའི་ནང་ནས་དྲན་ཤེས་བསྟེན་དགོས་ཞེས་བཤད་པ་དེ་ལ་རྒྱུ་མཚན་ཅུང་ཙམ་འདུག དྲན་ཤེས་བརྟེན་པ་ཆོས་གང་ཡང་མ་རེད།
དྲན་ཉམ་ན་ཚ་ཡོད་པའི་རྒན་འཁོགས་ཚོའི་གནས་བབས་ལ་ལྟོས་དང་། འགའ་ཞིག་དྲན་པ་མཐའ་དག་བརླགས་ཏེ། སྨྱོ་ནག་རང་རེད། དེ་ཚོས་རང་ངོ་གཏན་ནས་མི་ཤེས། ཡང་འགའ་ཞིག་ཐེངས་འགའ་བརྗེད། ཡང་དྲན་པ་སོས་པ་དེ་འདྲའི་རིགས་ཀྱང་ཡོད། ཕལ་མོ་ཆེས་ཆུང་དུས་སློབ་གྲྭའི་ནང་དུ་སྡོད་སྐབས་དང་། ཕ་མའི་གམ་དུ་འདུག་པའི་དུས་ཚོད་དེ་གསལ་པོ་དྲན། ལོ་བརྒྱད་ཅུའི་གོང་ལ་བསླེབ་ཟིན་ན་ཡང་། ང་སློབ་གྲྭ་ལ་བསླེབས་ཡོད། ངའི་ཨ་མ་ཡོང་མ་སོང་། ག་བ་སོང་ཡིན་ན་ཟེར། ཁྱོད་ལོ་ག་ཚོད་ཡིན་ཞེས་དྲིས་ན་ལོ་ཉི་ཤུ་དང་། སུམ་ཅུའི་གཡས་གཡོན་ཞེས་ཟེར། རྒྱུ་མཚན་གཙོ་བོ་དེ་དུས་གློག་གི་ཡོ་བྱད་རྣམས་དང་། རྫས་སྦྱོར་འདྲ་མིན་འདྲེས་པའི་ཟས་མེད། སྐབས་དེ་དུས་ཀྱི་བྱ་བཞག་ཕལ་མོ་ཆེ་བོད་པའི་སྤྱི་ཚོགས་དང་འདྲ་བོ་རེད།
དེང་སང་བོད་ཀྱི་བླ་རྒན་གྲྭ་རྒན་ནས་བཟུང་གྲྭ་བཙུན་བྱིངས་དང་། མི་སྐྱ་རྒན་དར་གཞོན་གསུམ་གྱིས་ཁ་པར་ལག་དང་འབྲལ་མེད། ད་དུང་རྣ་ཉན་སྐད་མེད་དང་། མགོ་ཁེབ་ཅན་མང་པོ་ཞིག་འདུག གློག་ཀླད་ལུས་དང་མ་འབྲལ་བར་མུ་མཐུད་དུ་གནས་ན། དྲན་ཉམ་ན་ཚ་ཡོང་རྒྱུ་ཉག་གཅིག་རེད། གློག་གི་འོད་རླབས་ཤུགས་ཆེན་པོ་བཏང་ན། མི་ཙམ་དུ་མ་ཟད། སྐྱེ་དངོས་ཕྲ་རག་ཚང་མ་འཇོམས་ཐུབ། ང་ཚོས་དངོས་སུ་མྱོང་བ་ལག་པས་ཁ་པར་ཡུན་རིང་འཛིན་ན། ལག་པ་ན་བ་དང་། མིག་སྦྲིད་པ་སོགས་ལ་སོམས།
གལ་སྲིད་དྲན་ཉམ་ན་ཚ་ལ་འཇིག་ན། དྲ་རྒྱ་ཡོད་པའི་ཁ་པར་མ་ཁུར། དེའི་ནང་དུ་མགོ་འཁོར་བ་དེས་བལྟས་བལྟས་རིག་རིག་ལ་དྲན་པ་ཉམ་བཞིན་པ་མཐོང་། གློག་ཀླད་དང་། རྩིས་འཕྲུལ། བརྙན་འཕྲིན་མང་པོ་མ་ལྟ། བྱ་བ་གང་ཞིག་སྒྲུབ་ན། གྱ་ཚོམ་དུ་མི་སྤྱད་པར། དྲན་པ་དང་། ཤེས་བཞིན་སྔོན་དུ་སོང་བ་ཞིག་གིས་གནའ་མི་རྒན་པོ་ཚོས་ཀུན་སྤྱོད་ལྟར་བྱོས། རང་ལ་ལུས་སེམས་ནད་མེད་བརྟན་ཚུགས་མེད་བཞིན་མི་ཚེ་གཅིག་ལ་བྱ་བ་མང་པོའི་སྣེ་ལ་མ་འབྱར། གནས་ཚུལ་མང་པོ་རྒྱུས་ལོན་མ་བྱེད། རང་གི་ཤེས་འཇོན་ལྟར་སློབ་སྦྱོང་དང་། བྱ་བ་ཚང་མ་ཚོད་ལེགས་པར་ཟིན་ན། ན་ཚ་དེས་མི་མནར་བ་ངས་ཁེག་ཐེག་ཆོད།
གློག་གི་ཡོ་བྱད་སྤངས་མ་ཐུབ། བྱ་བ་ཚང་མ་འཕྲུལ་ཆའི་དབང་དུ་སོང་ན། ལོ་ཆུང་དུས་ནས་དྲན་པ་ཉམས་པའི་ན་ཚ་བསླེབ་ངེས་ལ། ཡར་རྒྱས་ཅན་གྱི་རྒྱལ་ཁབ་ནང་དུ་སེམས་ནད་ཅན་མང་བ་དེ་ཡང་རང་གིས་མི་ཐེག་པའི་ཁུར་འདོད་པའི་གང་ཟག་ཁེ་དམན་ཚོས་རང་ངོ་མ་ཤེས་པ་ལས་བྱུང་བ་རེད་འདུག སེམས་པ་ལ་རང་ཚུགས་དང་། རང་གཤིས་བརྟན་པོ་མེད་ན། བྱ་བ་ཉེན་ཆེན་ཞིག་དང་འཕྲད་པ་ན་སེམས་པ་འཆོལ། དེ་ལ་བརྟེན་ནས་ཀླད་པར་སྐྱོན་ཤོར་བ་དང་། སྙིང་རྩ་གས་པ་དེ་འདྲ་མང་པོ་རེད།
དྲན་ཉམ་གྱི་དངོས་རྒྱུ་གཙོ་བོ་དེ་གློག་གི་ཡོ་སྤྱད་རྣམས་རེད། འགྲོ་བ་མིའི་རིགས་ཀྱིས་ཡོད་ཚད་སྟབས་བདེ་རུ་དང་། ལས་སླ་རུ་བཏང་བ་ལ་བརྟེན་ནས་རང་གི་འདུ་ཤེས་བརླགས་སོང་བ་རེད། དེང་སང་ལྟོས་དང་སྟབས་ཆེན་རྒྱལ་ཁབ་ཕལ་མོ་ཆེས་རང་གི་ཡིག་གཟུགས་ལག་པས་འབྲི་དགོས་ན། དགེ་རྒན་འགའ་མ་གཏོགས་ཡག་པོ་ཤེས་མཁན་དཀོན་པོ་ཆགས་ཟིན་པ་རེད། མདོར་ན་རང་གི་སྒོ་གསུམ་བེད་ཆོད་ནར་མར་མ་བཏང་བར་རང་དབང་འཕྲུལ་ཆའི་ལག་པར་ཤོར་བ་ལ་བརྟེན་ནས་བྱུང་བ་རེད།
གལ་སྲིད་དངོས་རྒྱུ་གཙོ་བོ་ཀླད་པའི་མ་ལག་ཉམས་ནས་ཡིན་ན། དྲན་ཉམ་ནད་པ་ཚོས་ཆུང་དུས་ཀྱི་གནས་ཚུལ་གསལ་པོ་དྲན་མི་སྲིད་པ་རེད།
གཉིས་པ་དེ་རྫས་སྦྱོར་འདྲ་མིན་བསྲེས་པའི་ཟ་བཏུང་གིས་བྱེད་བཞིན་པ་རེད། ཟ་བཏུང་དེ་ཚོ་མདོག་ལེགས་པ། བྲོ་བ་ཞིམ་པ། ཡུན་རིང་མི་རུལ་བ་གསུམ་རྩལ་དུ་བཏོན་ཏེ་བཟོ་བཞིན་ཡོད། གནས་སྐབས་མངོན་གྱུར་གྱི་ཉེན་ཁ་མེད་ན། མ་འོངས་པར་བསམ་བློ་མཁན་དཀོན་པོ་རེད།
གསུམ་པ་དེ་ཀླད་ཉམ་ལོ་ན་རྒས་པའམ། བརྡབ་སྐྱོན་སོགས་ལ་བརྟེན་ནས་འབྱུང་བཞིན་པའོ། །ཚན་རིག་པས་བསམ་བློ་རྒྱུན་དུ་བཏང་ན། ཀླད་པའི་རྩ་ཕྲན་རྣམས་ཕན་ཚུན་འབྱར་བ་དང་། ནམ་རྒྱུན་དྲན་ཤེས་མ་བརྟེན་ན་ཆད་འགྲོ་བ་དང་། ཉུང་དུ་སོང་ཡོང་ཟེར་བ་ལ་ཡིད་ཆེས་ཅང་མེད། སྤྱིར་བཏང་ཀླད་སེམས་གཉིས་རྟེན་དང་བརྟེན་པའི་འབྲེལ་བ་ཡོད་པ་གཞི་གྲུབ་རེད། དེ་ཕྱིར་དེ་གཉིས་གང་རུང་ལ་སྐྱོན་ཆགས་པ་ན། ནང་ཕན་ཚུན་གནོད་སྐྱོན་འཐེབ་བཞིན་པའོ། །
བཅོས་ཐབས་ལ་ལོ་གཞོན་རིགས་འགའ་སྨན་དང་། སྤྱོད་ལམ། གཤག་བཅོས་ཀྱིས་འཆོས་སྲིད་ཀྱང་། རྒན་འཁོགས་རིགས་ལ་རྩ་ཁམས་སྦྲིད་པའི་སྨན་ཙམ་ལས་གང་ཡང་མ་མཐོང་། ཚན་རིག་པ་དང་། སྨན་པ་ཚོས་སྨན་རྫས་ཚོང་རའི་རྗེས་སུ་རྒྱུག་བཞིན་བཅོས་ཐབས་ཡོད། བརྒྱ་ཆ་དགུ་བཅུའི་རེ་བ་ཡོད་ཅེས་ཁྱབ་སྒྲོག་བྱེད་བཞིན་པ་འགའ་ཐོས་ཀྱང་། ཚོང་ལས་ཀྱི་ཆེད་དུ་རྫུན་བཤད་པ་རེད།
ཉིན་ཞིག་ང་ཕྲུ་གུ་ཁྲིད་དེ་རྩེད་ར་ཞིག་ལ་ཕྱིན་པ་ཡིན། དེར་ཕོ་སར་ཞིག་འདུག ཁོ་དང་ང་ངེད་གཉིས་ལས་གནས་སྐོར་སྐད་ཆ་བཤད་པ་ཡིན། ཁོས་ཟེར་ན་ཁོའི་ཨ་ཕ་དེས་དྲན་ཉམ་གསོ་བའི་སྨན་བཟོ་བཞིན་པ་རེད། གྲུབ་འབྲས་ཡག་པོ་ཐོན་ཡོད། ད་ཕལ་ཆེར་བཅོས་ཐུབ་པ་ལ་ཡུན་རིང་མི་འགོར་ཟེར། དེའི་གཞུག་ནས་སྨན་ཟ་བཞིན་པའི་རྒས་འཁོགས་ཚོར་བརྟག་དཔྱད་མང་པོ་བྱས་པ་ཡིན་ཏེ། རྡུག་ཏུ་འགྲོ་བ་ལས། བཟང་དུ་འགྲོ་བ་གཅིག་ཀྱང་མ་མཐོང་།
སྔོན་འགོགས་ཡོད་པ་རེད། ལོ་ཆུང་དུས་ནས་གློག་གི་ཡོ་བྱད་བེད་ཆོད་མང་པོ་མི་གཏོང་། ཟ་མ་རང་གི་ཞིང་ནང་དུ་བཏབ་སྟེ་ཟ། ཡི་གེ་འབྲི་ན། གཏམ་བཤད་ན། བལྟད་མོ་བལྟ་ན། རང་གི་ཁ་ལག་མིག་སོགས་བེད་ཆོད་གཏོང་། ཉིན་རེའི་བྱ་བ་ཆེ་ཕྲ། ཁྱིམ་ལས། དགྲ་འདུལ་གཉེན་སྐྱོང་གང་བྱས་ཀྱང་། རང་གིས་གང་བྱ་འདོད་པ། བྱེད་བཞིན་པ། བྱས་ཟིན་དེ་ཧ་གོ་བ་དང་། དེ་ལ་ཡང་ཡང་རྟོག་དཔྱོད་ཞུགས་པ་དེ་གལ་ཆེན་པོ་རེད།
ཆོས་པ་ཚོས་དགེ་སྡིག་དང་། བྱམས་དང་། སྙིང་རྗེ། སྟོང་ཉིད་སོགས་སྲིད་པ་མགོ་མཇུག་ལྡོག་པའི་གཏམ་མང་པོ་འཆད་བཞིན་པ་རེད་དེ། དེ་ཚོ་ཁོ་རང་ཚོའི་ཚོང་ལས་རེད། སེམས་པ་འཆོལ་བའི་གང་ཟག་འཁྲུལ་ཤེས་ཅན་འགའ་ལས། སྐྱེ་བོ་རང་བཞིན་དུ་གནས་པ་ལ་ཕན་ཐོགས་གཏན་ནས་མེད།
རྒན་འཁོགས་དྲན་པ་ཉམས་པའི་གང་ཟག་ལ་རིགས་གཉིས་འདུག རིགས་དང་པོ་དེ་སེམས་པ་སྐྱིད་པོ་རེད། གད་མོ་འཆོར། གཞས་གཏོང་གིན་འདུག དུས་གསུམ་གྱི་རྟོག་ཚོགས་རག་པ་གཏན་ནས་མེད། ཆོས་པ་ཞིག་ཡིན་ན་རྣལ་འབྱོར་པ་དང་། གྲུབ་ཐོབ་ཅེས་ཟེར་ངེས། རིགས་གཉིས་པ་དེ་ཡིད་མུག་ཅན། རྟག་ཏུ་ཁོང་ཁྲོ་ལང་བཞིན། ཕྱོགས་ཀུན་འདུར། སེམས་སྔུག་གང་ཡོད་ངག་ནས་ཐོན་མི་ཐུབ།
དེབ་ཆེན་པོ་བྲིས་ན་མ་བྲིས་ན་གནད་འགག་གོང་གི་དེ་ཚོ་རེད། སྨན་པ་དང་། སྨན་གཡོག ཉམས་ཞིབ་པ་ཚོས་བརྒྱ་བསྐྱེད་དེ་བཤད་པ་འགྲོ་སྟངས་རེད། ཁོ་ཚོ་ལ་མི་ཚེའི་ལས་ཀ་དགོས་རེད།
ཚན་རིག་མཁན་པོ་བྱེ་བས་མ་རྟོགས་ཤིང་།། ལྟ་ལོག་ཆོས་ལུགས་པ་རྣམས་རྨོངས་པའི་དུས།། ཤར་ནུབ་སྲང་ལམ་ཉུལ་བའི་མུ་ཏོ་བ།། སྡིག་པ་ར་ཛས་གནད་དོན་མ་ལུས་བཀྲལ།།
སྡིག་པ་ར་ཛས་རང་སྤྱིལ་སྟུག་དྲིའི་ལྡིང་ཁང་ནས་བྲིས་པའོ། །
ངས་སྔོན་མ་དྲན་ཉམ་ན་ཚ་འདི་འབྱུང་ཁུངས་དངོས་གནས་དེ་གློག་རེད་འདུག་ལབ་ཡིན་པ། དེ་ལ་བསྐྱར་བསྣན་ཞིག་བྱེད་པ་ཡིན་པ། ང་ཚོ་ཆུང་ནས་ད་ལྟའི་བར་གྱི་ལོ་རྒྱུས་ལ་ཕྱིར་བལྟས་ཀྱིས་ཀྱང་། སྔོན་མ་གྲོང་གསེབ་ལ་བརྡ་འཕྲིན་མེད། གློག་བརྙན་མེད། གཞན་གྱི་འཕྲིན་དང་། སྐད་ཆ་གང་འདྲ་ཞིག་བཤད་ན་ཡང་ལོ་ཟླ་ལ་ཉར་ཐུབ། དེ་ནས་གྲོང་ཁྱེར་ལ་ཐོན་པ་ན་དྲན་འཛིན་རྡུག་ཏུ་ཕྱིན། གཞུག་ནས་ཤར་ནུབ་ཡུལ་གྲུ་དུ་མར་འགྲིམས་འགྲུལ་བྱས། ཅ་དངོས། མི་རིགས། ཁྱབ་སྒྲོག་སོགས་མཐོང་ཐོས་མང་པོ་བྱུང་བ་ན། འཕྲིན་བརྡ་མ་ལུས་ཡིག་ཐོག་མ་བཀོད་ན། ཉིན་ཞགས་ཀྱི་བར་མ་ཆད་པར་བརྗེད་ཟིན། དྲན་ཡང་དུས་ཐོག་ལ་མི་བསླེབས།
འདི་ཚོ་ཆ་ཚང་འཕྲུལ་ཆ་འདིས་འགྲིམས་འགྲུལ་དང་། ཐོན་རྫས་བཟོ་བསྐྲུན་ཤིན་ཏུ་མྱུར་བོར་ཆགས། དེ་ལ་བརྟེན་ནས་མཐོང་ཐོས་ཀྱང་སྐད་ཅིག་རེ་རེ་ནས་མི་འདྲ་བ་མང་པོ་ཆགས། སྔོན་མ་ང་ཚོས་ལོ་ཟླ་ལ་ཐེངས་གཅིག་མཐོང་བ་དང་། ཐོས་པ་རྣམས། དེང་སང་སྐར་ཆ་རེ་ནང་འབྱུང་བཞིན་ཡོད། དེ་ཕྱིར་དྲན་འཛིན་གྱི་དབང་ཤེས་ལ་བག་ཆགས་མཐུག་པོ་འཇོག་ཐུབ་ཀྱིན་མེད། དེ་ཕྱིར་འཕྲུལ་ཆས་དང་། དེ་ཉིད་བསྒུལ་བསྐྱོད་ལ་ནུས་སྟོབས་ཆེ་བའི་གློག་གི་སྒྱུ་ཐབས་འདི་ཁོ་ནས་བཟོས་པའོ། །
སྔོན་འགོགས་འདུག་ས་གྲོང་གསེབ་ལ་འདུག དེང་སང་གནས་ཚུལ་མཐོང་ཐོས་ཉུང་བ་དང་། ཟ་བཏུང་རང་བྱུང་ཁམས་ལས་བྱུང་བ་མ་བཅོས་པ་ཤ་སྟག་བརྟེན་ན་དྲན་ཉམ་ན་ཚ་མི་ཡོང་ཁོ་ཐག་རེད། རིམ་གྱིས་དབང་པོ་རྒུད་དེ་བྱུང་བའི་དྲན་ཉམ་ན་ཚ་དེས་མནར་ཚར་བས་བཟུང་སྨན་མེད། བོད་པ་ཕལ་མོ་ཆེས་དྲན་ཉམ་ན་ཚ་འདི་ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་མི་ཐུབ་ན་ཡང་། སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་རྣམས་ཀྱི་ནང་ན་དཀའ་ངལ་ཆེ་ཤོས་འདི་རེད། འགྲོ་སོང་ཧ་ལས་པ་ཆེན་པོ་རེད།