ནམ་མཁའ།
བོད་ཀྱི་སྒྲ་བསྒྱུར་ཉམས་ཞིབ་ཁང་གིས་བོད་བསྒྱུར་གནང་བའི་བྱིས་པའི་རྒྱུན་ཤེས་བང་མཛོད་ནང་དུ། མི་རྒན་ཕྲན་གྱིས་བསམ་བློས་དོགས་དཔྱོད་ཀྱི་ལམ་ནས་འགྲུལ་བཞུད་བྱས་ཤིང་། བསམ་བློས་འགྲུལ་བཞུད་བྱེད་ཡུལ་ནི། དངོས་ཁམས་རིག་པ་ཚོས་བཤད་པའི་འཐེན་ཤུགས་དང་མཁའ་དབྱིངས་ཀྱི་སྐར་མའི་གྲོང་ཁྱེར་ཆེན་པོ་ཞིག་རེད། སྐར་མའི་གྲོང་ཁྱེར་དེ་ཡང་ཉི་མའི་ཁྱིམ་རྒྱུད་ཀྱི་དགུ་ཚིགས་སྐྱ་མོའི་གྲོང་ཁྱེར་ཡིན་མོད། འོན་ཀྱང་ཚན་རིག་ལ་རྒྱུས་མེད་པའི་མི་རྒན་ཞིག་གིས་བྱིས་པའི་རྒྱུན་ཤེས་བང་མཛོད་ནང་དུ་དོགས་དཔྱོད་བསམ་བློས་འགྲུལ་བཞུད་བྱས་པ་ནི་གད་མོ་ཤོར་བའི་ཡུལ་ཡིན་སྲིད། ལྷག་པར་དུ་ཡང་གུང་ཁྲན་ཏང་གིས་རང་ཉིད་ཀྱི་ཀླད་པ་ཁྲུས་ཟིན་པ་ཡང་ངོས་མི་ཟིན་པའི་མིག་ཤེལ་དམར་པོ་གྱོན་མཁན་ཚོས། ས་གཞི་ཐམས་ཅད་དམར་པོ་སྣང་སྟེ་རང་གི་རིག་གཞུང་རྗེས་ལུས་སུ་མཐོང་བའི་གཞི་བྱེས་བོད་མི་འགའ་ཞིག་གི་མིག་ལམ་དུ། ཕྲན་ལྟ་བུ་ཚན་རིག་ལ་རྒྱུས་མེད་ཞིག་གིས་དོགས་འདྲི་བྱས་པ་རྣམས་ལ་འཕྱ་དམོད་བྱ་ཡུལ་ཡིན་སྲིད།
དེ་ལྟ་ན་ཡང་། ཕྲན་གྱི་མི་ཚེ་ནང་ཚན་རིག་ཤེས་བྱའི་སྐོར་ལ་རྩ་བ་ནས་སློབ་སྦྱོང་བྱས་མྱོང་མེད་སྟབས། བྱིས་པའི་རྒྱུན་ཤེས་བང་མཛོད་ལས་འཕྲོས་བའི་འོད་ཐིག་ཕྲ་མོ་ཞིག་གིས། ཕྲན་གྱི་བསམ་བློའི་སྨག་རུམ་མང་པོ་ཞིག་བཅོམ་སྟེ། ཤེས་བྱ་གསར་པ་མང་པོ་ཞིག་གི་དྲོད་ཁོལ་སྦྱིན་པ་མ་ཟད། བྱིས་པའི་རྒྱུན་ཤེས་བང་མཛོད་ནང་དུ་དོགས་འཇུག་རིང་ལུགས་ཀྱི་ལམ་ནས་འགྲུལ་བཞུད་བྱེད་འདོད་པའི་སྤྲོ་བ་རབ་ཏུ་འཕེལ། གལ་སྲིད་ཁྱེད་རང་གིས་ནང་པའི་གཞུང་ཆེན་མང་པོར་སློབ་སྦྱོང་བྱས་མྱོང་ཡོད་ཚེ། ནང་པའི་གཞུང་ལུགས་ནང་དུ་གཞིའི་དངོས་པོ་གཏན་ལ་ཕབས་པའི་ཐབས་ལམ་མི་འདྲ་བ་འགའ་གསུངས་ཡོད་པ་ལྟར། གང་ཟག་སུ་ཞིག་གྲགས་པ་ཆེ་མིན་ལ་མི་བལྟ་བར། གཞུང་ལུགས་ནང་དུ་གང་ཞིག་བརྗོད་པའི་ཚིག་དོན་རྣམས་ལ་ལྟ་དགོས་ཞིང་། དེ་ཡང་དོགས་དཔྱོད་བྱས་ཏེ་བརྗོད་བྱའི་དོན་ལ་ཐེ་ཚོམ་གྱི་བློ་སྐྱེས་ཚེ དྲི་བ་མང་པོ་ཞིག་རང་བཞིན་སླེབས་ངེས་ཡིན། དེ་དུས་ཁྱེད་རང་གི་ཤེས་རབ་ནི་ནང་པའི་གཞུང་ཆེན་གྱི་རྒྱ་མཚོར་བསྐྱོད་པའི་གྲུ་གཟིངས་ཞིག་ཏུ་གྱུར་ཡོད་ལ། སྐབས་དེར་ཆོས་གྲྭའི་ནང་དུ་ཁྱེད་ཀྱིས་རྟགས་གསལ་གཏོང་བའི་རིག་པའི་སྒོ་མོ་འབྱེད་བྱེད་ཀྱི་ལྡེ་མིག་ཀྱང་རྙེད་ཡོད། ལྷག་པར་དུ་ཡང་ནང་པའི་གཞུང་ལུགས་ནང་དུ་ཚད་མ་སྟེ། མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་ལུང་ཚད་མ་གསུམ་གསུངས་ཞིང་། མཐར་མངོན་སུམ་ཚད་མ་ལ་གཏུགས་དགོས་པ་གསུངས་པ་བཞིན། ཚན་རིག་པ་ཚོས་ཀྱང་གཞི་གཟུགས་ཅན་དངོས་པོ་གཏན་ལ་ཕབས་པ་ལ། འཕྲུལ་ཆས་དང་མིའི་རིག་པ་ཟུང་སྦྲེལ་གྱི་ལམ་ནས་གཏན་ལ་ཕབས་སྟངས་མི་འདྲ་ཙམ་ལས། མཐར་གཏུགས་དུས་མངོན་སུམ་ཚད་མ་ཞིག་གི་སྟེང་ལ་འཇོག་གི་ཡོད།
ཡིན་ན་ཡང་། ནང་པའི་གཞུང་ལུགས་སྨྲ་བ་རྣམས་ཀྱིས་འཕྲུལ་ཆས་ལ་རྟེན་ནས་གཞི་དངོས་པོ་གཏན་ལ་ཕབས་པ་མེད་མོད། འོན་ཀྱང་རིག་པའི་གཏན་ཚིགས་བཀོད་དེ་གཞི་གཟུགས་ཅན་དངོས་པོ་གཏན་ལ་ཕབས་ཏེ། མཐར་མངོན་སུམ་ཚད་མ་ཞིག་ལ་གཏུགས་ཡོད་སྟབས། ཚད་མ་གསུམ་གྱི་ནང་ནས་མངོན་སུམ་ཚད་མ་དང་པོར་འཇོག་དོན་ཡང་རྩ་བ་འདི་ལ་ཐུགས་ཡོད། དེས་རྐྱེན་ཚན་རིག་དང་ནང་པ་གཉིས་ཀྱི་གཞི་དངོས་པོ་གཏན་ལ་ཕབས་སྟངས་ཀྱི་ཐབས་ལམ་ཕྱོགས་མཚུངས་མང་ཞིང་། དེ་ཡང་གཞི་དངོས་པོ་གཏན་ཕབས་པའི་སྐབས། ཚན་རིག་དང་ནང་པ་གཉིས་ཀར་གང་ཟག་སྐད་གྲགས་ཆེ་མིན་གྱི་གསུངས་ལ་མི་བལྟ་བར། གང་ཟག་དེས་བཤད་པའི་ཚིག་དོན་གཉིས་ལ་དོགས་དཔྱོད་བྱས་ཏེ། ཐེ་ཚོམ་གྱིས་དྲངས་བའི་དོགས་འདྲིའི་དྲི་བ་མང་པོ་ཞིག་སླེབས་པ་ཡང་ཕྱོགས་མཚུངས་སུ་མཐོང་།
གལ་སྲིད་ཁྱེད་རང་གིས་ནང་པའི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱེད་དུས། གཞུང་ལུགས་རྣམས་ཀྱི་ཚིག་དོན་གཉིས་ལ་དོགས་དཔྱོད་ཀྱི་བློ་ཡིས་དྲངས་བའི་ཐེ་ཚོམ་མ་སྐྱེས་ཚེ། ཁྱེད་རང་ནི་མི་ཚང་ཞིག་གི་ཞབས་རིམ་སྒྲུབ་པའི་ཤེར་ཕྱིན་གྱི་མདོ་བརྒྱད་སྟོང་པ་ལྟ་བུ་ཀློག་མཁན་གྱི་ཨ་མཆོད་ཞིག་དང་འདྲ་བ་ལས། ཆོས་གྲྭའི་ནང་གི་རིག་པ་སྨྲ་བ་ཞིག་ཏུ་གྱུར་མེད། དེས་རྐྱེན་ནང་པའི་གཞུང་དུ་གཞི་དངོས་བོ་གཏན་ལ་ཕབས་པའི་ཐབས་ལམ་རྟོན་པ་བཞི་དང་རིག་པ་བཞི་ཟེར་བ་ལྟ་བུའི་བརྟག་དཔྱད་བྱེད་པའི་ཐབས་ལམ་གསུངས་ཡོད་པ་རེད། ཁྱེད་རང་ནང་པའི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱེད་འདོད་མཁན་ཞིག་ཡིན་ཚེ། ཐབས་ལམ་འདིའི་གཞུང་ལམ་ནང་དུ་བསྐྱོད་དང་རིག་པའི་སྒོ་མོ་འབྱེད་པའི་གསེར་གྱི་ལྡེ་མིག་རྙེད་སྲིད་པས། ཕྲན་གྱིས་ཐབས་ལམ་འདིའི་ལམ་ཆེན་གྱི་ལམ་ཟུར་ཞིག་ཏུ་བསྐྱོད་པའི་འབད་བརྩོན་གང་ནུས་བྱས་སྟབས། བྱིས་པའི་རྒྱུན་ཤེས་བང་མཛོད་ནང་དུ་ཡང་ཐབས་ལམ་འདིའི་ལམ་དུ་ཞུགས་ཏེ། དོགས་འཇུག་རིང་ལུགས་ཀྱི་ལམ་ནས་འགྲུལ་བཞུད་བྱས་བའི་དོགས་པ་འགའ་འདིར་འགོད་འདོད་པ་དེ་ཡིན།
དེ་ལྟ་ན་ཡང་། ཕྲན་གྱིས་ད་རུང་ཡང་བྱིས་པའི་རྒྱུན་ཤེས་བང་མཛོད་ཀྱི་དེབ་ཕྲེང་དང་པོའི་ནང་མ་གཏོགས་འགྲུལ་བཞུད་བྱས་ཐུབ་མེད། གལ་སྲིད་ཁྱེད་རང་ཡང་བྱིས་པའི་རྒྱུན་ཤེས་བང་མཛོད་ནང་དུ་ཡུལ་སྐོར་བ་བཞིན་མིག་ཟུང་ཁོ་ནས་འགྲུལ་བཞུད་བྱས་པ་ཙམ་མ་ཡིན་པར། དོགས་འཇུག་རིང་ལུགས་ཀྱི་ལམ་ནས་དོགས་དཔྱོད་ཀྱི་བསམ་བློས་འགྲུལ་བཞུད་བྱས་ཡོད་ཚེ། ཁྱེད་རང་གི་སེམས་སུ་ཡང་དོགས་པ་ཕྲན་བུ་རེ་སྐྱེས་ཡོད་སྲིད། ཕྲན་གྱིས་དེབ་ཕྲེང་དང་པོའི་མགོ་རྡུལ་ཕྲན་ནས་བརྩམས་ཏེ་བར་འཐེན་ཤུགས་བར་དུ་ཐེངས་འགར་བཀླགས་ཀྱང་། ཕྲན་གྱིས་སེམས་སུ་དོགས་པ་ཕྲན་བུ་ཞིག་བྱུང་བ་ནི་འཐེན་ཤུགས་ཀྱི་སྐོར་རེད།
བྱིས་པའི་རྒྱུན་ཤེས་བང་མཛོད་ཉོས་པའི་གྲོགས་པོ་ཚང་མ། ཕྲན་གྱིས་དེབ་ཕྲེང་དང་པོའི་ནང་དུ་ཁྱེད་ཚོ་གདན་འདྲེན་ཞུས་ཆོག སྒྲ་བསྒྱུར་བ་བསོད་ནམས་རྒྱལ་གྱིས་བོད་བསྒྱུར་གནང་བའི་༼འཐེན་ཤུགས་༽ཟེར་བའི་ཤོག་ངོས་༣༤ཐོག་ཕེབས་དང་། ཕྲན་གྱིས་ཁྱེད་ཚོར་དབྱིན་ཇིའི་ཚན་རིག་པ་ནེའུ་ཊོན་ཟེར་བ་ཞིག་གིས་སྤྱི་ལོ་༡༦༨༧ ལོར་བཤད་པའི་འཐེན་ཤུགས་སྐོར་ལ་བཤད་པའི་ལྟ་གྲུབ་དེ་ངོ་སྤྲོད་བྱེད་ངེས་ཡིན། དབྱིན་ཇིའི་ཚན་རིག་པ་ནེའུ་ཊོན་ལགས་ཀྱིས་ཀུ་ཤུའི་ཤིང་སྡོང་རྩེ་ནས་ཀུ་ཤུ་ཞིག་ས་ལ་ལྷུང་བ་དེ་དཔྱད་པ་བྱས་མཐར། ནེའུ་ཊོན་གྱིས་སའི་གོ་ལའི་འཐེན་ཤུགས་ཀྱིས་ཀུ་ཤུ་ས་ལ་ལྷུང་བར་བཤད་ཡོད་པ་མ་ཟད། ཟླ་བ་ཡང་སའི་གོ་ལའི་འཐེན་ཤུགས་ཀྱིས་སའི་གོ་ལའི་འཁོར་ལམ་ནང་དུ་ཚུར་འཐེན་པའི་ལྟ་ཚུལ་བཤད་ཡོད་ལ། ཉི་མའི་གོ་ལ་ཡིས་ཁོའི་མཐའ་འཁོར་གྱི་རྒྱུ་སྐར་རྣམས་ཉི་མའི་འཁོར་ལམ་ནང་དུ་འཐེན་ཚུལ་བཤད་ཡོད།
འོན་ཏེ། ཚན་རིག་པ་སྐད་གྲགས་ཅན་ཞིག་གིས་སའི་གོ་ལའི་འཐེན་ཤུགས་ཀྱིས་ཀུ་ཤུའི་ཤིང་སྡོང་རྩེ་ནས་ཀུ་ཤུ་ས་ལ་ལྷུང་བར་འདོད་པའི་ལྟ་གྲུབ་འདི་བྱུང་སྟེ། ལོ་ངོ་༣༠༠ལྷག་ཕྱིན་མོད། འོན་ཀྱང་ད་རུང་ཡང་ཚན་རིག་པ་ཚོ་ལྟ་གྲུབ་འདི་ལས་བརྒལ་ཐུབ་མེད་པས། ཕྲན་ལྟ་བུ་ཚན་རིག་གི་སྐོར་ལ་སློབ་སྦྱོང་རྩ་བ་ནས་བྱས་མྱོང་མེད་མཁན་ཞིག་གིས་དོགས་འདྲི་བྱེད་པ་ནི་རྙོག་གཏམ་ཡིན་སྲིད། ཡིན་ན་ཡང་། གོང་དུ་ཞུས་ཟིན་པ་ལྟར་ནང་པའི་གཞུང་དུ་བཤད་པའི་གཞི་དངོས་པོ་གཏན་ལ་འབེབས་པའི་ཐབས་ལམ་དེ་རུ་བསྐྱོད་དེ་དོགས་འདྲི་བྱེད་ཀྱི་ཡིན། སྤྱིར་བཏང་ནས་བཤད་ན། ཚན་རིག་པ་ཚོས་བཤད་པའི་གཞི་དངོས་པོ་གཏན་ལ་ཕབས་ཚུལ་ནི་ཆེས་ཤིན་ཏུ་ནས་ཡིད་དབང་འཕྲོག་པ་ཞིག་རེད།
དོགས་འདྲི་དང་པོ།
ཀུ་ཤུའི་ཤིང་སྡོང་འགྲམ་དུ་ལངས་བའི་དབྱིན་ཇིའི་ཚན་རིག་པ་ནེའུ་ཊོན་ཡི་ཉེ་འགྲམ་དུ་ཀུ་ཤུ་ཞིག་ས་ལ་ལྷུང་བ་དེ་སའི་གོ་ལའི་འཐེན་པའི་ཤུགས་ཀྱིས་ས་ལ་ལྷུང་བ་ཡིན་ཚེ། འོ་ན་ད་རུང་ཀུ་ཤུའི་ཤིང་སྡོང་རྩེ་རུ་ཡོད་པའི་ཀུ་ཤུ་གཞན་དེ་ཚོ་དུས་མཉམ་དུ་མ་ལྷུང་བའི་རྒྱུ་མཚན་ཅི་ཡིན་ནམ། གལ་སྲིད་སའི་གོ་ལའི་འཐེན་ཤུགས་ནི་ཀུ་ཤུའི་ཤིང་སྡོང་རྩེ་ཡི་ཀུ་ཤུ་གཅིག་ལ་མ་གཏོགས་འཐེན་པའི་ནུས་ཤུགས་མེད་པ་ཡིན་ནམ། ཡང་ན། ཀུ་ཤུ་གཞན་ཚོར་སའི་གོ་ལའི་འཐེན་ཤུགས་ཀྱི་ནུས་པ་དེ་མ་ཁྱབ་པ་ཡིན་ཡིན་ནམ། གལ་སྲིད་ཀུ་ཤུ་ཤིང་སྡོང་རྩེ་ནས་ས་ལ་ལྷུང་བ་འདི་སའི་གོ་ལའི་འཐེན་ཤུགས་ཀྱིས་ཡིན་ཚེ། ཐང་ལ་ལྷུང་བའི་ཀུ་ཤུ་དེ་དང་མཉམ་དུ་ཀུ་ཤུའི་ཤིང་སྡོང་སྟེང་གི་ལོ་མ་རྣམས་ཀྱང་དུས་མཉམ་དུ་མ་ལྷུང་བ་ཅི་ཡིན་ནམ། ཁྱེད་རང་ཤིང་འབྲས་ལྡན་པའི་ཤིང་སྡོང་འགྲམ་དུ་སྡོད་དང་། སིལ་ཏོག་ཁ་ཤས་ཐང་ལ་ལྷུང་ན་ཡང་ཤིང་སྡོང་དེའི་སྟེང་གི་ཤིང་ཏོག་གཞན་ཐམས་ཅད་དུས་མཉམ་དུ་མི་ལྷུང་བར། དུས་ཚོད་དང་ཉིན་ཁ་ཤས་རྗེས་ནས་ཐང་ལ་ལྷུང་གི་ཡོད་པ་ཞིང་པ་རྒད་པོ་ཚོས་ཀྱང་གསལ་བོ་ཤེས་ཐུབ། སྟོན་ཁར་སྡོང་ལོ་ཐང་ལ་ལྷུང་བ་ཡང་སའི་གོ་ལའི་འཐེན་ཤུགས་ཀྱིས་ཐང་ལ་ལྷུང་བ་ཡིན་ནམ།
ད་རུང་དྲི་བ་གཞན་ཞིག་ནི། རང་བྱུང་ཆུ་བོ་ཐུར་དུ་འབབ་པ་ཡང་སའི་གོ་ལའི་འཐེན་ཤུགས་རྐྱེན་གྱིས་ཆུ་བོ་ཐུར་དུ་འབབ་པ་ཡིན་ནམ། གལ་སྲིད་རང་བྱུང་ཆུ་བོ་ཐུར་དུ་བབས་པ་སའི་གོ་ལའི་འཐེན་ཤུགས་སྟོབས་ཀྱིས་ཡིན་ཚེ། མེ་ལྕེ་གྱེན་དུ་འབར་བ་ཡང་བར་སྣང་སྟོང་པའི་མཁའ་དབྱིངས་ཀྱི་འཐེན་ཤུགས་ཀྱི་སྟོབས་ཡིན་ནམ། འདི་འདྲའི་དོགས་པའི་དྲི་བ་ནི་ཆུ་ཡི་གཉེར་མ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་མོད། འོན་ཀྱང་དོགས་འདྲི་མཚམས་བཞག་སྟེ། ང་རང་ཉིད་ཀྱི་ལྟ་ཚུལ་ཐུང་ངུ་ཞིག་འགོད་ན་འདོད་སོང་།
གལ་སྲིད་སའི་གོ་ལའི་འཐེན་ཤུགས་ཀྱིས་ཀུ་ཤུ་ཤིང་སྡོང་རྩེ་ནས་ཀུ་ཤུ་ས་ལ་ལྷུང་བ་ཡིན་ཚེ། ཀུ་ཤུའི་ཤིང་སྡོང་རྩེ་ཡི་ཀུ་ཤུ་ཐམས་ཅད་དུས་གཅིག་ཏུ་ས་ལ་ལྷུང་དགོས་ལ། དེ་ལྟར་ཀུ་ཤུ་ཚང་མ་དུས་གཅིག་ཏུ་ས་ལ་མ་ལྷུང་བ་ནི་སའི་གོ་ལའི་འཐེན་ཤུགས་ཀྱི་དབང་གིས་མ་ཡིན་པར། ཀུ་ཤུའི་ཤིང་སྡོང་རྩེ་ཡི་ཀུ་ཤུ་རྣམས་ལེགས་པར་སྨིན་ཏེ་ཀུ་ཤུའི་ནང་གི་ཀུ་ཤུའི་ཁུ་བ་ནི་ཆུ་ཡི་རིགས་ཡིན་སྟབས། ཀུ་ཤུ་མ་སྨིན་པའི་དུས་དང་བསྡུར་ན་ཀུ་ཤུ་ཅུང་ཟད་ལྗིད་མོ་གྱུར་ཏེ། ཀུ་ཤུ་འཛིན་བྱེད་ཀྱི་སྦུ་གུའི་འཛིན་མ་ནུས་པར་ས་ལ་ལྷུང་གི་ཡོད་པར་སྙམ། རང་བྱུང་ཆུ་བོ་ཐུར་འབབ་པ་དང་མེ་ལྕེ་གྱེན་དུ་འབར་བ་ནི་ཆུ་དང་མེ་ཡི་ཆོས་ཉིད་ཡིན་པ་ལས་སའི་གོ་ལའི་འཐེན་ཤུགས་ལྟ་བུ་ཞིག་ལ་རེག་ལས་མེད་པར། ནང་པའི་གཞུང་ནང་དུ་རིག་པ་བཞི་ཡི་ནང་གི་ཆོས་ཉིད་རིག་པ་ཟེར་བ་དེ་རེད། འདི་ནི་མི་ཚེ་ནང་ཚན་རིག་ལ་སློབ་སྦྱོང་བྱས་མྱོང་མེད་པའི་མི་ཞིག་གི་ལྟ་ཚུལ་ཡིན་སྟབས། ཁྱེད་ཚོ་ཚན་རིག་པ་དང་ནང་པའི་རིག་པ་སྨྲ་བ་ཚོས་འཕྱ་དམོད་བྱ་ཡུལ་ཞིག་ཏུ་གྱུར་ཡོད་ཀྱང་།འཕྱ་དམོད་འདི་ནི་དོན་མཐུན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡིན།
དོགས་འདྲི་གཉིས་པ།
དབྱིན་ཇིའི་ཚན་རིག་པ་ནེའུ་ཊོན་གྱིས་ཀུ་ཤུའི་ཤིང་སྡོང་རྩེ་ནས་ཀུ་ཤུ་ས་ལ་ལྷུང་བ་སའི་གོ་ལའི་འཐེན་ཤུགས་ཀྱིས་ཐང་ལ་ལྷུང་བར་བཤད་རྗེས། ཉི་མའི་ཁྱིམ་རྒྱུད་ཀྱི་དགུ་ཚིགས་སྐྱ་མོའི་གྲོང་ཁྱེར་ལ་བརྟགས་དཔྱད་བྱས་ཏེ། སའི་གོ་ལའི་འཐེན་ཤུགས་ཀྱིས་ཟླ་བའི་གོ་ལ་ཡང་སའི་གོ་ལའི་འཁོར་ལམ་ནང་དུ་ཚུར་འཐེན་ཡོད་ཚུལ་བཤད་ཡོད་ལ། ཉི་མའི་གོ་ལ་ཡིས་ཉི་མའི་མཐའ་འཁོར་གྱི་སྐར་མ་རྣམས་ཀྱང་ཚུར་འཐེན་ཚུལ་བཤད་ཡོད། དེ་དང་བསྟུན་དུས་རབས་ཉི་ཤུ་བའི་སྟོད་ཀྱི་ཆེས་ཤིན་ཏུ་སྐད་གྲགས་ཆེ་བའི་ཚན་རིག་པ་albert Einsteinཨེན་སི་ཊན་གྱིས་ཀྱང་། འཐེན་ཤུགས་ཀྱི་ཐད་ལ་ལྟ་ཚུལ་མི་འདྲ་བ་ཞིག་བཏོན་པ་འདི་ལྟར། ཁོས་བར་སྣང་དུས་ཞེས་པ་ཞིག་ཡོད་པར་བརྗོད་དེ། འཐེན་ཤུགས་ནི་བར་སྣང་དུས་དེའི་གུག་ཆའམ་རྟིབ་ཀོང་ཞིག་ཏུ་འདོད་པ་དེ་རེད། ལྟ་ཚུལ་འདི་གཉིས་ཀྱི་ཐད་ལ་དོགས་འདྲི་ཕྲན་བུ་རེ་བཀོད་ན། ཐོག་མའི་དོགས་འདྲི་བྱ་ཡུལ་ནི། ནེའུ་ཊོན་གྱིས་བཤད་པའི་སའི་གོ་ལའི་འཐེན་ཤུགས་ཀྱིས་ཟླ་བའི་གོ་ལ་ཚུར་འཐེན་ཏེ་སའི་གོ་ལའི་འཁོར་ལམ་ནང་དུ་བསྐོར་བཞིན་པ་དེ་ཡིན། སའི་གོ་ལས་ཟླ་བའི་གོ་ལ་ཚུར་འཐེན་པའི་ནུས་ཤུགས་ཡོད་ཚེ། སའི་གོ་ལ་ནི་ཟླ་བའི་གོ་ལ་ལས་ཆེན་པོ་ཞིག་ཡོད་པ་གསལ་བོ་ཡིན།
རྒྱུ་མཚན་ནི། བྱིས་པ་ཡིན་དུས་ཁྱེད་རང་གིས་རྡོ་ཁབ་ལེན་གྱིས་རྩེད་མོ་རྩེད་མྱོང་ཡོད་སྲིད། རྡོ་ཁབ་ལེན་ངོས་སུ་རྡོ་ཁབ་ལེན་ལས་ཆུང་བའི་ལྕགས་རྡུལ་རྣམས་ཚུར་འཐེན་སྟེ། རྡོ་ཁབ་ངོས་སུ་འབྱར་ཡོང་གི་ཡོད་པ་དེ་ནི་རྡོ་ཁབ་ལེན་གྱིས་འཐེན་ཤུགས་ཀྱི་སྟོབས་ཡིན། གལ་སྲིད་རྡོ་ཁབ་ལེན་ལས་ཆེ་ཞིང་ལྗིད་མོ་ཞིག་ཡོད་པའི་ལྕགས་སྒོང་ལྟ་བུ་ཞིག རྡོ་ཁབ་ལེན་གྱིས་ཚུར་ཁོ་རང་གི་ངོས་སུ་འཐེན་མི་ཐུབ་པར་རྡོ་ཁབ་ལེན་ཁོ་རང་ལྕགས་ངོས་སུ་ཕར་འབྱར་འགྲོ་གི་ཡོད་པ་ལས། རྡོ་ཁབ་ལེན་ཁོ་རང་གིས་ཚུར་ལྕགས་སྒོང་ཆེན་པོ་དེ་འཐེན་མི་ཐུབ་པ་ལྟར། སའི་གོ་ལས་ཀྱང་ཟླ་བའི་གོ་ལ་ཐག་རིང་ཞིག་ནས་ཚུར་འཐེན་ཏེ་སའི་གོ་ལའི་འཁོར་ལམ་ནང་དུ་མ་གཏོགས་འཐེན་མ་ཐུབ་པར། ང་ཚོ་འཚོ་གནས་བྱེད་སའི་གནས་སའི་གོ་ལ་དང་གདོང་ཐུགས་མ་རྒྱབ་པ་ནི་ཅི་འདྲའི་སྐལ་བ་བཟང་པོ་ཞིག་མ་རེད་དམ། ང་རང་གིས་ལྟ་ཚུལ་ཙམ་བཤད་ན། བར་སྣང་ཁམས་ནི་ཐོག་རེག་བཅད་ཙམ་ཞིག་ཡིན་སྟབས། རླུང་ཤུགས་ཀྱིས་ཉི་མའི་མཐའ་སྐོར་གྱི་སྐར་མ་རྣམས་འཁོར་བསྐྱོད་བྱེད་པར་འདོད། དེ་ལྟར་མིན་ཚེ། སའི་གོ་ལ་དང་ཉི་མའི་འཐེན་ཤུགས་ཀྱིས་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མ་རྣམས་འཁོར་བསྐྱོད་བྱེད་ཀྱི་ཡོད་ན། སའི་གོ་ལའི་འཐེན་ཤུགས་ཀྱིས་ཟླ་བའི་གོ་ལ་ཚུར་འཐེན་ཏེ་གདོང་ཐུགས་རྒྱག་མི་སྲིད་པ་མིན། རྒྱུ་མཚན་ནི། གོང་དུ་ཞུས་ཟིན་པའི་རྡོ་ཁབ་ལེན་དང་དཔེར་སྦྱར་ནས་བཤད་པ་བཞིན། འཐེན་ཤུགས་ཟེར་བ་ནི་དེ་འདྲ་ཞིག་ལ་ཟེར་གྱི་ཡོད།
དཔེར་མཚོན་གཞན་ཞིག་གི་སྒོ་ནས་བཤད་ན། འགྱིག་ལྒང་མང་པོར་དབུགས་རྒྱབ་སྟེ་བར་སྣང་སྟོང་པའི་མཁའ་དབྱིངས་སུ་ཐོངས་དང་། རླུང་ཤུགས་ཀྱི་རྒྱུ་བ་ལ་རྟེན་ནས་བར་སྣང་ཁམས་སུ་འཁོར་བསྐྱོད་བྱེད་ཀྱི་ཡོད་དམ། སའི་གོ་ལའི་འཐེན་ཤུགས་ཀྱིས་འཁོར་བསྐྱོད་བྱེད་ཡོད། མི་སུ་ཞིག་གིས་བསམ་བློ་བཏང་ན་ཡང་རླུང་ཤུགས་ཀྱིས་འཁོར་བསྐྱོད་བྱེད་པར་འདོད་པ་ལས། སའི་གོ་ལའི་འཐེན་ཤུགས་ཀྱིས་འཁོར་སྐྱོད་བྱེད་པར་འདོད་མཁན་ཕལ་ཆེར་མེད།
ཡིན་ན་ཡང་། འདིར་རུ་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་རྣམས་ཉི་མ་ལ་སྐོར་བ་བྱེད་པའི་རྒྱུ་མཚན་རྟོགས་དཀའ་ཞིང་ཚན་རིག་པ་ཚོས་ཁས་ལེན་འདོད་མེད་པའི་ཤིན་ཏུ་ལྐོག་གྱུར་གྱི་འགྲེལ་བཤད་ཞིག་ཡོད་མོད། འོན་ཀྱང་དེ་རིང་འདིར་འབྲི་རྒྱུ་མིན། albert einsteinཨེན་སི་ཊན་གྱིས་གསར་བཤད་ཞིག་ནི། བར་སྣང་དང་དུས་ཟེར་བ་ཞིག་ཡོད་པ་མ་ཟད། བར་སྣང་ཁམས་ལ་རྟིབ་ཀོང་ཞིག་ཡོད་པར་བཤད་དེ། བར་སྣང་ཁམས་ཀྱི་རྒྱུ་སྐར་རྣམས་ཉི་མའི་མཐའ་འཁོར་དུ་བསྐོར་སྐྱོད་བྱེད་པར་བཤད། དེ་ཡང་ཉི་མའི་གོ་ལ་ནི་ཆེས་ཤིན་ཏུ་ཆེན་པོ་ཞིག་ཡོད་སྟབས། ཉི་མའི་གོ་ལ་འབོལ་གདན་སོབ་སོབ་ལྟ་བུའི་བར་སྣང་སྟོང་པའི་མཁའ་དབྱིངས་ཀྱི་རྟིབ་ཀོང་དེའི་ནང་དུ་གནས་ཤིང་། མཐའ་སྐོར་གྱི་རྒྱུ་སྐར་རྣམས་དེའི་མཐའ་རུ་སྐོར་གྱི་ཡོད་པའི་ལྟ་གྲུབ་ཞིག་བཤད་ཡོད། འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་ཚན་རིག་པ་ཨེན་སི་ཊན་གྱིས་བཤད་པའི་གཏམ་དེ་ལས། དེ་རིང་དུས་རབས་ཉེར་གཅིག་གི་ནང་དུ་ཡང་བརྒལ་ཐུབ་མེད་པས། ཕྲན་ལྟ་བུ་ཞིག་གིས་དོགས་འདྲི་བྱེད་པ་ནི་དགོད་གཏམ་གྱི་ཡུལ་ཡིན་སྲིད། ཡིན་ན་ཡང་། གང་ཟག་ལ་མི་རྟོན་ཚིག་ལ་རྟོན་ཟེར་བ་ལྟར། ཨེན་སི་ཊན་གྱིས་བཤད་པའི་ཚིག་ལ་དོགས་དཔྱོད་བྱས་ཆོག་སྙམ།
སྤྱིར་བཏང་ཚན་རིག་པ་ཚོ་ལྟ་གྲུབ་ཞིག་ཡོད་པ་ནི་མགོ་གང་ནས་བཙུགས་པ་དང་མཇུག་གང་ནས་རྫོགས་པ་དེ་ལས་བརྒལ་མི་ཆོག་པ་དེ་རེད། དེས་རྐྱེན་ཚན་རིག་པ་ཚོས་བཤད་པའི་རིག་པ་སྐོར་ཞིག་ལ་ནང་འགལ་ཡོད་ཀྱང་མིག་བཙུམ་ནས་བསྡད་ཀྱི་ཡོད། གང་ལྟར་ཡང་། ཨེན་སི་ཊན་གྱིས་བཤད་པའི་བར་སྣང་ཁམས་སུ་ཉི་མའི་གོ་ལ་གནས་སའི་རྟིབ་ཀོང་ངམ་ཁུག་ལྟ་བུ་ཞིག་ཡོད་ཚེ། སའི་གོ་ལ་དང་ཟླ་བའི་གོ་ལ་སོགས་ལ་ཡང་རྟིབ་ཀོང་ངམ་ཁུག་ལྟ་བུ་ཞིག་མེད་པའི་རྒྱུ་མཚན་ཅི་ཡིན་ནམ། ང་ཚོའི་ནང་པའི་གཞུང་ལུགས་སུ་བར་སྣང་ཁམས་ཐོག་རེག་བཅད་ཙམ་ཞིག་ལ་གནམ་མཁའ་ཟེར་གྱི་ཡོད། གལ་སྲིད་བར་སྣང་ཁམས་སུ་རྟིབ་ཀོང་ལྟ་བུ་ཞིག་ཡོད་ཚེ། ནང་པའི་གཞུང་དུ་བཤད་པའི་ཐོག་རེག་བཅད་ཙམ་གྱི་མེད་དགག་ཟེར་བ་དེ་ནམ་མཁའི་མཚན་ཉིད་དུ་འཇོག་པ་ནི་དཔྱད་གཞིའི་གནས་ཞིག་ཡིན་ནམ། ཡང་ན། སྐད་གྲགས་ཆེ་བའི་ཚན་རིག་པ་ཨེན་སི་ཊན་གྱིས་བཤད་པའི་ཉི་མའི་གོ་ལ་རྟིབ་ཀོང་ངམ་ཁུག་ཞིག་གི་སྟེང་ཡོད་པར་བཤད་པ་དེ་དཔྱད་གཞིའི་གནས་ཞིག་ཡིན། འདི་དག་ཚང་མ་ནི་ཕྲན་གྱིས་བྱིས་པའི་རྒྱུན་ཤེས་བང་མཛོད་བཀླགས་རྗེས་ཀྱི་དོགས་འདྲི་འགའ་རེད། ཚན་རིག་པ་ཚོས་བར་སྣང་ཁམས་དང་དུས་གཉིས་ཀ་འབོམ་སྒྲ་ཆེན་མོའམ་འབར་གས་ཆེན་མོ་བྱུང་དུས་མགོ་བཙུགས་ཚུལ་ཀྱང་བཤད་ཡོད་མོད། འོན་ཀྱང་དེའི་སྐོར་ལ་ལོ་བཅུའི་ཡར་སྔོན་དུ། འཇིག་རྟེན་ཁམས་ལ་ཐོག་མ་ཡོད་དམ་ཟེར་བ་དང་ཉི་མའི་གོ་ལ་དང་འབར་གས་ཆེན་མོ་ཟེར་བའི་རྩོམ་ཐུང་གཉིས་ཁ་བརྡའི་དྲ་བར་བཀོད་ཟིན་པས། དེ་རིང་འདིར་བསྐྱར་དུ་དོགས་འདྲི་མི་བྱེད།
གང་ལྟར་ཡང་བོད་ཀྱི་སྒྲ་བསྒྱུར་ཁང་གི་ལས་བྱེད་རྣམས་ལ་ཐུགས་རྗེ་ཆེ་ཞེས་ལག་ཟུང་ཐལ་མོ་སྦྱར་སྟེ་ཞུ་བཞིན་ཡོད།
རིག་པའི་རྩལ་གྱིས་སྐར་མའི་གྲོང་ཁྱེར་ལ།།
ལྟད་མོ་ཕེབས་པའི་རིག་པའི་རྒྱལ་བོའི་མདུན།།
བློ་ཆུང་བྱིས་པའི་དགོད་གཏམ་བཞིན་གྱུར་ཡང་།།
དོགས་འཇུག་ལམ་ནས་འགྲུལ་བཞུད་ཅུང་ཙམ་བྱས།།
བྱིས་པའི་རྒྱུན་ཤེས་མེ་ཏོག་ར་བ་རུ།།
མིག་མེད་གྲོག་མས་མཛེས་སྡུག་མི་མཐོང་ཡང་།།
བུ་རམ་མངར་མོའི་ཚད་མའི་གཞུང་ལུགས་ཀྱིས།།
བྱེ་མའི་སྟེང་ལ་གྲོག་མའི་རྐང་རྗེས་བཞག།
12/6/2022ནམ་མཁས་ཡོ་རུབ་ནས་བྲིས།