བླ་མ་ཚང་ལྷ་ལུང་རྒྱལ།
མཐོང་བའི་མོད་དུ་ལུས་ཀྱི་བ་སྤུ་གཡོ།། ཐོས་པའི་གསུང་ནི་གང་འདུལ་དེ་སྟོན་ཉིད།། དྲན་པའི་སྙིང་ལ་དགུན་ལྗོངས་ཉི་མས་དྲོ།། སྟོན་པ་བསྟན་འཛིན་རྒྱ་མཚོར་ཕྱག་འཚལ་ལོ།། ཆུང་ཆུང་བྱིས་པ་ཞིག་གི་དུས་སྐབས་ནས།། ཆེ་ཆེ་ལོ་རྒན་བརྒྱད་ཅུའི་དེ་རིང་བར།། ཕྱི་ནང་དགྲ་ཚོགས་འཚུབ་པའི་མཚོན་གྱི་རྩེར།།
བསད་ཀྱང་མ་ཤི་བ་པ་ཁྱོད་བདག་གི་སྙིང་།། སྐུ་ཡི་སྤྲུལ་བའི་རོལད་བ་ཀུན་དགའི་དཔྱིད།། གསུང་གི་བླང་དོར་རྣོ་དབལ་འཇིག་རྟེན་རྡེག། ཐུགས་ཀྱི་གཞིས་ཀར་འགྲོ་རྣམས་སྤྲིན་གྱིས་ཏེ།། ཕུན་ཚོགས་བྱེ་བའི་འཇིག་རྟེན་ཁྱོད་མིན་སུ།། མཐོ་བ་རི་ཡི་མཐར་ཐུག་ཁྱོད་ཉིད་མཐོ།། དཀར་པ་གངས་ཀྱི་མཐར་ཐུག་ཁྱོད་ཉིད་དཀར།། དྭངས་གཙང་ཆུ་ཡི་མཐར་ཐུག་ཁྱོད་ཉིད་དྭངས།། དཔལ་རྒུའི་ཁྱོད་ནི་མཆོག་རབ་རྒྱ་མཚོའི་སྡེ།། བོད་དོན་ཟེར་ཡང་ཁྱོད་ཀྱི་འཕག་འཚག་ཙམ།། རིག་གཞུང་ཟེར་ཡང་ཁྱོད་ཀྱི་ཐུགས་བློའི་རིས།། པུར་རྒྱལ་བོད་ཀྱི་སྣོད་བཅུད་ཁྱོད་ལས་གཞན།། དབྱེར་ཏུ་མ་མཆིས་བཙལ་ཡང་རྙེད་མ་མཆིས།། རྒྱབ་ཀྱི་རོད་པ་ལྷ་མོ་དོན་འགྲུབ་ཉིད།། ལྟོ་ཡི་ཉོད་པ་བསྟན་འཛིན་རྒྱ་མཚོ་སྟེ།། ཨེ་མ་ཁྱོད་ནི་ས་ཡ་དྲུག་གི་མིའི།། ལྟོ་གོས་དཔུང་གཉེན་རྐང་འོག་ཟམ་པའོ།། ལྷག་པར་དྲིན་བྱས་དྲིན་ལ་མི་ཚོར་བའི།། གདོང་མར་བོད་མིའི་མི་སྡུག་གཤིས་ཀྱི་ཆ།། ཚེར་མའི་ཇ་ལོ་འོ་མར་སྤྲུལ་ནས་ཀྱང་།། མཆན་གྱི་བུ་བས་གཅེས་འདི་ངོ་མཚར་ཆེ།། མདོར་ན་དགེ་ལེགས་འབྲུ་ལྔའི་མགོ་ལྕོག་ལྡེམ།། ཁྱོད་ལ་མ་བརྟེན་མ་འབྲེལ་འབྱུང་བ་གང་།། ཁ་བའི་ལེགས་ཚོགས་ཁྱོད་ཀྱི་རྒྱུ་ལས་ཏེ།། ཁ་བ་ཅན་འདིར་ཁྱོད་ལས་དྲིན་ཆེན་གང་།། དེས་ན་རྒུད་པའི་རྩ་ལག་སྦྲུལ་གྱི་ལྕེའི།། དགུ་དུག་ནག་པིའི་རླུང་ནག་འཕྱོ་བ་ཡི།། སྲིད་པ་གངས་ཀྱི་སྣོད་བཅུད་སྲོག་གི་ཕྱིར།། ཁྱོད་སྐུ་མི་ཤིག་རྡོ་རྗེར་འཐིམ་ཤོག་ཅུག།
ཕྱི་ལོ༢༠༢༢ལོའི་ཟླ་༧པའི་ཚེས་ལྔ་ཉིན་སྟོན་པ་ཆེན་པོའི་བཀྲ་ཤིས་འཁྲུངས་སྐར་མཆོད་པའི་གླུར་ལྷ་ལུང་རྒྱལ་དུ་འབོད་དེས་མགྲིན་གྱི་རི་རྩེར་དྲུག་འགྱུར་གླིང་བུས་མགུར་བ་དགེའོ།