(ཕྱི་ལུགས་ལྟར་དགུང་གྲངས་གྱ་བདུན་གྱི་འཁྲུངས་སྐར་ལ་ཕུལ།)
༡༽བྱམས་བརྩེའི་འོད་སྟོང་ས་ཆེན་གོས་སུ་བསྐོན།།
མདོ་སྔགས་ཆོས་ཀྱི་རྔ་ཆེན་གླིང་བཞིར་བརྡུངས།།
སྟོན་པའི་བསྟན་པ་འཛམ་གླིང་རྒྱན་དུ་བཏགས།།
ལྟག་མཚེར་ལྷ་སྲས་དད་གསུམ་རྩེ་རུ་བཀུར།།
༢༽རྨད་བྱུང་ལེགས་བཤད་ཆུ་གཏེར་བྱེ་བའི་རླབས།།
རིས་མེད་མཐའ་བཞིར་གཡོ་བའི་གཉེར་ཕྲེང་ལ།།
ལོངས་སུ་སྤྱོད་པའི་ཕྱོགས་བཅུའི་གསེར་མིག་ཁྱུས།།
དད་པའི་འཁྱུག་རྩལ་ངོམ་པ་སྲིད་ན་འཕགས།།
༣༽མི་འཇིགས་སྟོབས་བཅུའི་གཤོག་ཟུང་ཆེར་བརྐྱངས་ཏེ།།
མུ་མེད་མཁའ་རུ་འཕུར་བའི་རླུང་ཤུགས་ཀྱིས།།
ལོག་རྟོགས་གཤིས་སྤྱོད་ཐལ་རྡུལ་བྱེ་མའི་རི།།
རྨང་མེད་གཙང་ཕྱགས་མཛད་མཁས་སྙིང་རྗེའི་གཏེར།།
༤༽དམར་ཕྱོགས་གོས་སྔོན་བདུད་སྡེས་ཆོ་འཕྲུལ་གྱིས།།
གདོང་དམར་ས་ཆེན་ཧམ་གྱིས་འཇུས་པ་ན།།
རྟག་ཆད་མཐའ་རུ་མ་ལྷུང་དབུ་མའི་ལམ།།
གཉིས་སྨན་ཐབས་བྱུས་འགོད་མཛད་མགྲོན་གཉེར་བ།།
༥༽ངོ་མཚར་ལུང་བསྟན་ཡིག་འབྲུ་གསུམ་མཚན་གྱིས།།
འཁྲུལ་བྲལ་དམ་པས་ས་ཆེན་ཞབས་ཀྱིས་བཅགས།།
གངས་ལྗོངས་ཆོས་སྲིད་མཛད་ཆེན་ཁུར་དུ་བསྣམས།།
རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྟག་བརྟན་ཤོག །
གཡུ་སྒང་དགེ་འདུན་གྱིས།
༢༠༢༢ ཟླ་ ༦ ཚེས་ ༥ ཉིན་བྲིས།