རྫ་ཚེ་རིང་བཀྲ་ཤིས།
(མགྱོགས་སྟབས་སུ་བྲིས་པས་ཡིག་ནོར་ཡོད་ངེས།)
འདིར་ངས་དྲ་གྲོགས་འགས་འབྲི་གཡག་གི་མིང་བརྡ་དང་འབྲེལ་བའི་གུས་པའི་རྩོམ་ཡིག་དེའི་དཔྱད་ལན་འགའ་གནང་འདུག་པ་ང་ལ་བཏང་བྱུང་། ངས་ཀྱང་ཞིབ་ཏུ་བཀླགས་པ་ཡིན། འདིར་དེ་དག་གི་ཐད་གསལ་བཤད་ཉུང་བསྡུས་ཤིག་ཞུ་འདོད་བྱུང་། འདི་ནི་ང་སྒེར་ངོས་ནས་ད་ཐེངས་ཀྱི་བགྲོ་གླེང་ལ་མཇུག་སྡོམ་བརྒྱབ་པ་ཞིག་ཀྱང་ཡིན།
དེ་ཡང་གོ་བདེ་བའི་ཆེད་དུ་དོན་ཚན་དུ་བགོས་ནས་ཞུས་ན།
གཅིག ༽
གཡག་གི་འོ་མ་ལབ་པ་དེ། བོད་ཀྱི་སྲོལ་རྒྱུན་ཡོངས་གྲགས་བརྡ་ཆད་ཀྱི་ངོས་ནས་ནོར་བ་ཞིག་ཡིན་པར་ངས་ཀྱང་ཁས་ལེན་གྱི་ཡོད། ནོར་གནག་ཕོ་ཞིག་ལ་གཡག་ཞེས་བརྗོད་པའི་སྐབས་དེར་དེ་ལ་འོ་མ་ཡོད་མེད་རྩོད་པ་ནི་མི་སྲིད་པ་ཞིག་རེད།དེས་ན་ངའི་རྩོམ་ཡིག་གི་ནང་དོན་ནི་༼ གཡག་གི་འོ་མ་༽ ལབ་པ་དེ་མདོ་སྨད་པ་ཟླ་གྲགས་ལྟ་བུའི་ནོར་འཁྲུལ་ཁོ་ན་ཞིག་མིན་པར། འདི་ལ་རྒྱབ་ལྗོངས་གཞན་ཞིག་འདུག་ཅེས་ལབ་ཀྱི་ཡོད། དེའི་ཐད་ངས་རྩོམ་ཡི་དེར། ༼ང་ཚོ་དྲ་ཐོག་ལ་ཡོང་ནས་ལྕག་ཀྲེན་ཐོག་གི་ “གཡག་གི་འོ་མ”ཞེས་པའི་
ཡི་གེ་དེར་དམག་ཐིག་བརྒྱབ་ནས་འགྲེམ་སྤེལ་བྱས་པ་དང་། མདོ་སྨད་པ་ཟླ་གྲགས་ལྟ་བུའི་སྤུན་ཟླ་ཆུང་ཆུང་ཞིག་གི་ཐོག་ལ་ཧ་ལས་ལས་བྱས་པ། གླུ་ཚིག་ཅིག་གི་ནང་དུ་འབྲི་ལ་འབྲུག་བྲིས་པའི་ཡིག་ནོར་ཞིག་ལ་བདའ་འདེད་བྱས་པ་ཙམ་གྱིས་གནད་དོན་འདིའི་ཁ་ཕྱོགས་བསྒྱུར་ཐུབ་ཀྱི་མེད། གང་ཡིན་ཟེར་ན། གནད་དོན་འདིའི་རྒྱབ་ཏུ་གནད་དོན་གཞན་ཞིག་ཡོད་པས་རེད། འདི་ཚང་མས་སེམས་ལ་འཁོར་དགོས། ༽ཞེས་བྲིས་པ་འདི། འབྲོག་པའི་བཤད་སྟངས་བྱས་ན། ལོང་བ་མིན་པས་རིག་རྒྱུ་དང་། འོན་པ་མིན་པས་གོ་རྒྱུ་ཞིག་ཆགས་ཡོད། ངས་མགོ་ནས་༼ གནད་དོན་ཐག་གཅོད་ཀྱི་ཐབས་ལམ་ ༽ ཞེས་སྨོས་པའང་བརྡ་ཆད་འདི་དཀའ་ངལ་ཅན་ཞིག་ཡིན་པ་དང་། བགྲོ་གླེང་བྱ་རིན་ཡོད་པ་ཞིག་ཡིན་པར་ངོས་འཛིན་བྱས་པའི་དོན་ཡིན།མ་ཟད། མཇུག་ཏུ་རྩོམ་ཡིག་ཧྲིལ་པོའི་སུམ་ཆ་གཅིག་མ་ཟིན་ཙམ་སྤྱད་ནས་དཀའ་ངལ་དང་ཤུགས་རྐྱེན་དེའི་རྒྱབ་ལྗོངས་དང་འབྱུང་འགྱུར་གྱི་ཉེན་ཁ་གསལ་འགྲེལ་བྱས་ཡོད་མོད། མང་ཆེ་བས་རྩོམ་ཡིག་གོང་འོག་སྦྲེལ་ནས་ཞིབ་ཚགས་པོས་བཀླགས་མེད་པ་འདྲ།
གཉིས། ༽
འོ་ན། ཚིག་མཛོད་སོགས་ཀྱི་ལུང་འདྲེན་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། རྒྱལ་སྤྱིའི་ཚིག་མཛོད་དང་སྐད་ཡིག་སློབ་དེབ་སོགས་ཀྱིས་ཐུན་མོང་དུ་གཡག་ཅེས་བེད་སྤྱོད་གཏོང་བཞིན་ཡོད་པའི་དཔེ་མཚོན་བཀོད་པ་ནི་གཡག་གི་འོ་མ་ཞེས་པའི་ཚིག་འདིའི་ད་ལྟའི་རྒྱབ་ལྗོངས་ངོ་སྤྲོད་བྱས་པ་ཙམ་ཞིག་ཡིན།
མ་ཟད་ཨ་རིའི་རླུང་འཕྲིན་གྱིས་ཨ་རིའི་བོད་ཀྱི་འབྲི་གཡག་འཚོ་མཁན་གྱི་འབྲོག་མིར་བཅར་འདྲི་བྱས་པའི་ལེ་ཚན་རིང་པོ་ཞིག་འདུག་པ་དེར་ཡང་། ཁོང་ཚོས་འབྲི་གཡག་གཉིས་ཆར་ལ་གཡག་རང་བེད་སྤྱོད་གཏོང་གིན་འདུག །བརྙན་དེ་ད་ལྟ་རང་ཚོགས་པ་ཞིག་ཏུ་གཏིང་གིན་འདུག །
གསུམ། ༽
རྒྱལ་སྤྱིའི་ཁྱབ་ཁོངས་སུ་འབྲི་གཡག་གཉིས་ཆར་ལ་གཡག་ལབ་ཀྱི་ཡོད་ན། འབྲིའི་འོ་མ་ལ་གཡག་ལབ་རྒྱུ་ཡིན་ངེས་རེད་མ་གཏོགས། ང་སྒེར་ངོས་ནས་བོད་པ་ཚོས་གཡག་གི་འོ་མ་ཞེས་བྲིས་ན་ཡག་པོ་ཡོད་རེད་ཅེས་བསམ་ཚུལ་འདོན་གྱི་མེད། མ་མཐའ་ཡང་མི་ཚེ་འདིར་གཡག་གི་འོ་མ་ཞེས་བོད་ཡིག་ཐོག་འབྲི་མི་སྲིད་པ་ལྟ་བུ་རེད་དེ། དབྱིན་ཡིག་ཐོག་ཏུ་ཁོང་ཚོས་བྲིས་པ་ལྟར་ཚང་མས་བྲིས་ཡོད་པ་རེད་ལ། ང་ཡང་དེ་ལས་བརྒལ་ཐབས་དཀའ།
བཞི། ༽
མདོར་ན། ཚིག་མཛོད་དང་བསླབ་དེབ། ཡང་ན་ཨ་རིའི་འབྲོག་པ་གང་ཡིན་ཡང་། ཁོང་ཚོས་འབྲི་གཡག་ལ་གཡག་ལབ་པ་དེ་དངོས་ཡོད་ཡིན་ཚུལ་དང་། དེའི་རྒྱབ་ལྗོངས་དང་ཤུགས་རྐྱེན་ཐ་ན་ཉེན་ཁ་བཅས་བཤད་པ་ཞིག་ལས། དེ་ཡག་པོ་འདུག །ང་ཚོ་དེའི་རྗེས་སུ་འབྲངས་དགོས་ཞེས་ཞུ་གིན་མེད། ཡིན་ན་ཡང་། དོན་དངོས་ཀྱི་སྣང་ཚུལ་འདི་ར་སྤྲོད་བྱས་པ་ནི་བརྗོད་གཞི་ཞིག་ལ་ཁྱོན་ཡོངས་ནས་བགྲོ་གླེང་བྱེད་པར་དགོས་ངེས་ཀྱི་ཆ་ཤས་ཤིག་རེད།
འབྲོག་པས་རང་གི་འབྲི་གཡག་གི་བརྡ་ཆད་བེད་སྤྱོད་གཏོང་བ་ཙམ་ལ་འབྲེལ་བ་ཡོད་པ་ཞིག་མིན་ཡང་། བརྗོད་གཞི་འདི་ཚ་ཚ་འུར་འུར་གྱི་བགྲོ་གླེང་བྱ་ཡུལ་ཅིག་ཏུ་གྱུར་སྐབས། གནད་དོན་འདི་དག་ཁ་གསལ་གཏོད་པ་ནི་བགྲོ་གླེང་གི་འཕེལ་རིམ་མ་ནོར་བ་ཞིག་རེད། འདི་ལ་ཇུས་གཏོགས་མེད་ཅེས་གཡུགས་ནས་འཇོག་ས་མེད་ལ། དེ་ཁོ་ན་ཚད་ལྡན་གྱི་གྲུབ་དོན་ཞིག་ཏུ་ཁས་ལེན་དགོས་པའི་དོན་ཡང་མེད།
ལྔ། ༽ མང་པོ་ཞིག་གིས་ང་ཚོར་ཐ་སྙད་ལོས་ཡོད། ཟོག་དང་ནོར་གནག་སོགས་མ་ཡིན་ནམ་ཟེར། ༼མཁས་པས་ནོར་ན་འདོམ་གང་རེད། ༽༼ཕ་ཡུལ་དང་བྲལ་ནས་ཡུན་རིང་ཕྱིན་པས་བརྗེད་པ་འདྲ་༽སོགས་ཀུ་རེ་དང་འདྲེས་པའི་སྒེར་གྱི་འཕྲིན་ཐུང་ཡང་འགའ་རེ་པོད་ཕྲན་སོགས་སུ་བཀོད་བྱུང་། མ་གཞི་དེ་ལ་ཁྱད་པར་མི་འདུག་མོད། མང་པོ་ཞིག་གིས་རྩོམ་ཡིག་ཞིབ་ཀློག་མ་བྱས་པ་ཡིན་སྲིད། གང་ལྟར་དཔྱད་ལན་འབྲི་མཁན་ཚོས་ངས་ཕར་ལབ་པ་དེ་རང་ང་ལ་ཚུར་སྐྱོར་བྱུང་།
བོད་ལ་གནའ་ནས་ད་བར་སྔ་རྒོལ་གྱི་བཤད་སྟངས་རང་ལ་མ་འཁྲིས་ནས་མ་ཡིན་པར། སོ་སོའི་བསམ་ཚོད་ལྟར་གྱི་སྔ་རྒོལ་རེ་འབྲི་བཞེངས་ཀྱིས་དེ་ལ་དགག་པ་བརྗོད་པའི་རིག་གཞུང་ཞིག་གྲུབ་ཡོད་པས་ཀྱང་ཡིན་སྲིད།
འོན་ཀྱང་ངས་ནི་རྩོམ་ཡིག་ ༼ ཕྱུགས་དང་། ཟོག །ནོར་གནག་སོགས་ནི་འབྲི་གཡག་ཁོ་ན་མཚོན་པའི་མིང་མིན་པ་བོད་པའི་ཚིག་མཛོད་ཚོས་ཀྱང་ཁས་ལེན།༽ ཞེས་ཆེ་ཐག་ཆོད་བྲིས་ཡོད་ལ། སྐད་ཆ་འདིས་ནི་མ་མཐའ་ཡང་ཐ་སྙད་འདི་དག་ཤེས་པར་མ་ཟད། འདི་དག་ལ་བསམ་གཞིག་སྔོན་དུ་སོང་ནས་རྩོམ་འདི་བྲིས་པར་བདེན་དཔང་བྱས་ཡོད། ཡིན་ན་ཡང་། ངས་གནས་སྐབས་འདི་དག་འབྲི་གཡག་གཉིས་ཁོ་ནར་འཇུག་པའི་ཐུན་མོང་མིན་པའི་བརྡ་ཆད་དུ་ཁས་མི་ལེན་པ་མཚོན་བཞིན་ཡོད།
རྩོད་པའི་འགྲོས་ཤེས་མཁན་ཞིག་ཡིན་ན་འདི་མ་མཐའ་ཡང་རྒོལ་བའི་ཞེ་འདོད་ཀྱི་ངོས་ནས་བསྒྲུབ་བྱ་ཙམ་ཡིན་པས། འདི་ལ་གཏན་ཚིགས་གཞན་གྱིས་བསྒྲུབ་དགོས་པ་ལས། ཐ་སྙད་འདི་བསྐྱར་ཟློས་བྱས་ནས་རང་གི་ཞེ་འདོད་ཀྱི་བདེན་དཔང་བྱེད་མི་ཐུབ། འདི་ནི་རིགས་ལམ་གྱི་གནད་དོན་ཞིག་རེད།
དྲུག ༽
དེ་ཡང་ངས་དྲངས་པའི་བོད་ཀྱི་ཚིག་མཛོད་ཅེས་པ་ནི་སྨོན་ལམ་ཚིག་མཛོད་ཡིན།
དེར། {ནོར་}གྱི་མཇུག་ཚུལ་གཉིས་པར། འབྲི་གཡག་སོགས་གནག་ཕྱུགས་ཀྱི་མིང་། ཞེས་བྲིས་ཤིང་། འབྲི་གཡག་ཁོ་ནའི་མིང་ཡིན་ན་སོགས་སྒྲ་སྦྱོར་དོན་མེད།
ཡང་{གནག་}གི་གོ་དོན་ཐད། ཚིག་མཛོད་དེར། {གནག} མིང་ཚིག སྒོ་ཕྱུགས་བ་ལང་དང་འབྲི་གཡག །མ་ཧེ་སོགས་ཀྱི་སྤྱི་མིང་སྟེ། ཞེས་འཁོད་ཡོད།
ཡང་{གནག་ཕྱུགས་}ཀྱི་གོ་དོན། མིང་ཚིག སྒོ་ཕྱུགས་བ་ལང་དང་། འབྲི་གཡག །མཛོད་དང་མཛོ་མོ་སོགས་ཀྱི་སྤྱི་མིང་སྟེ། ཞེས་བཀོད་ཡོད།
ཟོག་གི་གོ་དོན་ཐད། ཟོག་གི་འཇུག་ཚུལ་གཉིས་པར། རྒྱུན་སྤྱོད། སྒོ་ཕྱུགས་མནོར་གནག་དང་བ་ལང་གི་མིང་སྟེ། །ཞེས་སོགས་སུ་བྲིས་ཡོད།
དེས་ན་འདིའི་ཐད་ངས་གང་བྲིས་པ་དེར། ཁོང་རྣམ་པས་སྒེར་གྱི་འཆར་སྣང་རགས་རིམ་ཙམ་གྱི་ལན་བཏབ་པ་ཙམ་ལས་སྐད་ཆར་ཞིབ་ཏུ་གསན་ནས་ལན་བཏབ་པ་ཞིག་ཏུ་མ་བྱུང་།
གལ་ཏེ་འདི་དག་ཁུངས་སུ་མི་ཆེ་ན། དེའི་ཚུལ་བཤད་དགོས་ལ། ད་ནས་ཁྱེད་རྣམ་པས་བརྡ་ཆད་འདི་དག་གི་ཆེད་དུ་ཕྱོགས་མང་པོ་ཞིག་ལ་དགོངས་པ་བཞེས་དགོས་པ་ལས། བསམ་ཚོད་ལྟ་བུའི་ལས་སླ་མོ་ཞིག་མིན་པ་ནི། {ར་ཤི་ཡའི་མགྱོགས་འཐབ་}ལྟ་བུའི་ཉམས་མྱོང་ཞིག་ཁྱེད་རྣམ་པའི་ཐུགས་ལ་འཁྲུངས་བཞིན་ཡོད་སྲིད་ཅིང་། འདི་ནི་ངའི་གླེང་སློང་འདིའི་གྲུབ་དོན་ཡག་ཤོས་སུའང་རྩི་ཆོག །
དེས་ན་བརྗོད་གཞི་འདིའི་རིགས་ལ་བགྲོ་གླེང་བྱེད་པ་དུས་ཚོད་ཁོམ་དྲགས་པས་མིན་པར། ཞིབ་འཇུག་ཅེས་པ་ནི་ཆེ་ས་མཐོ་ས་ཁོ་ན་ཞིག་ན་མེད་པར། ཐ་སྙད་རེ་རེ་དང་། རིག་གཞུང་དང་འཚོ་བའི་གྲྭ་ཟུར་རེ་རེ་བཞིན་ནས་འཚོལ་ཞིབ་ཆོག་པ་ཞིག་ཡིན་པར་བདེན་དཔང་བྱེད་ཀྱི་ཡོད།
དེ་ཡང་དེང་སང་འབུམ་རམས་པ་སོགས་ཀྱི་བརྗོད་གཞི་འདེབས་སྐབས་ཀྱང་། ཅི་ཙམ་བརྗོད་གཞི་སྤྱི་མཚན་ཙམ་དུ་ཁྱབ་ཆེ་བར་གཞོལ་བ་དེ་ཙམ་གྱིས་རྩོམ་ཡིག་པོ་མི་འཁྱོངས་ཤིང་། བརྗོད་གཞི་ཉིད་གནད་དོན་བྱེ་བྲག་པ་དང་ཇི་ཙམ་སྦྲེལ་ཐུབ་པ་དེ་ཙམ་རིན་ཐང་ཆེ་བ་འོངས་བའི་རྒྱུ་མཚན་ཡང་དེ་ཡིན།
དཔལ་སྤྲུལ་པས་ཆུ་གྲུ་ལུས་ཞེས་པའི་འབྲོག་པའི་ཚིག་ལྷག་ཅིག་ལ་ཕྱི་ནང་གསང་གསུམ་གྱི་བཤད་པ་མཛད་པ་དང་། མཁས་དབང་དགེ་ཆོས་སོགས་ཀྱིས་རྒྱ་ཤུག་གི་ཚི་གུ གྲོག་མའི་མིག་ཡན་ཆད་ལ་བསམ་བློ་བཏང་ནས་རྩོམ་ཡིག་བྲིས་པའང་ཁོམ་དྲགས་ནས་ག་ལ་ཡིན།
བདུན། ༽
ངས་བཀའ་མདོ་རྒྱུད་དང་། འདུལ་བ་ལུང་། བསྟན་འགྱུར་སོགས་ཀྱི་འབྲི་གཡག་ཐུན་མོང་ལ་གཡག་ཅེས་བཀོལ་མྱོང་འདུག་ཅེས་ལབ་ཡོད་མོད། དེ་རྒྱུ་མཚན་དུ་བྱས་ནས་ང་ཚོས་ནམ་རྒྱུན་འབྲི་མར་དང་འབྲི་འོ་ལབ་པ་དེ་ནོར་འདུག་གཏན་ནས་ལབ་ཀྱི་མེད། སྤྱི་ཙམ་དུ་དེ་འདྲ་བྱུང་འདུག་སྙམ་པ་བྱུང་བ་ལྟར། ལུང་དྲངས་ནས་སྐད་ཆ་བཤད་པ་འདི་བགྲོ་གླེང་བྱེད་སྟངས་ཤིག་རེད། དོགས་པ་སློང་སྟངས་ཤིག་རེད། གལ་ཏེ་བཀའ་བསྟན་སོགས་སུ་དེ་ལྟར་བཀོལ་ཡོད་པའི་དབང་དུ་བཏང་ཡང་། དེ་འདྲའི་འཇུག་ཚུལ་ཞིག་ཡོད་པར་གྲུབ་པ་ལས། འབྲི་སྲོལ་དེས་འབྲོག་པའི་ཡོངས་གྲགས་ཀྱི་གོམས་སྲོལ་གྱི་ཚབ་བྱེད་དགོས་པ་ག་ལ་ཡོད། དེ་ནི་དོན་མེད་ཀྱི་སེམས་ཁྲལ་ཙམ་དུ་ཟད།
གང་ལྟར་ལུང་འདྲེན་དེ་དག་གི་ཐད། བཞག་སྲས་ཞུ་བ་ཞིག་གིས་འདུལ་བ་གཞུང་དམ་པའི་ལུང་དེ་གཡག་ཕོ་ཁོ་ནར་འཇུག་འོས་པའི་གསལ་བཤད་དུ་གླེང་གཞི་དྲངས་ནས་གསལ་བཤད་གང་ལེགས་བྱས་འདུག །ལར་ང་ཚོའི་རྩོམ་ཡིག་ནི་རང་གཞན་གྱིས་བགྲོ་གླེང་བརྒྱུད་ནས་ནོར་བཅོས་དང་ནང་དོན་མཐུས་སྒོ་ཇེ་ཚང་དུ་འགྲོ་དགོས་པ་ཞིག་ཡིན་པས། ཁོང་གིས་འདིའི་ཐད་ཡིག་ཆའི་ཁུངས་ཚད་ལྡན་དྲངས་ནས་གསུངས་འདུག་པར་དགའ་བསུ་ཡོད།
ལར་ང་ཚོས་དཔྱད་བརྗོད་འདི་རིགས་ནོར་འཁྲུལ་གཏན་མེད་པ་དང་ཡོངས་སུ་མཐའ་ཆོད་པ་ཞིག་མཁས་པ་ལའང་མི་ཡོང་ན། ལུང་འདྲེན་སོགས་འགའ་རེ་ཏག་ཏག་དོན་ལ་གནས་མེད་པ་ཁ་གསལ་བྱུང་ན། དེ་ལ་ངོས་ལེན་ཞུ་ཐུབ་དགོས། དེ་ནི་ང་ཚོའི་བོད་ཡིག་དཔྱད་བརྗོད་ཀྱི་ཁོར་ཡུག་འདིར་ཅིས་ཀྱང་ཆགས་སུ་འཇུག་དགོས་པའི་གོམས་གཤིས་ཤིག་ཏུའང་ངོས་འཛིན་དགོས། གང་ལྟར་ངས་ཀྱང་། འདུལ་བ་གཞུང་དམ་པའི་ལུང་འདྲེན་དེ་འབྲི་གཡག་ཐུན་མོང་ལ་འཇུག་པའི་ཁུངས་སུ་དྲངས་པ་རེ་ཞིག་ཕྱིར་འཐེན་བྱས་པ་ཡིན།
འོན་ཀྱང་། ཁོང་གིས་ཀྱང་། ཡིག་ནོར་ཞིག་བཏོན་པ་ལྟར། དེའི་ནང་གི་ཆ་ཤས་གཅིག་གི་ཐོག་ལ་རྣོ་རྣོ་རྒོད་རྒོད་བྱས་པ་ལས། སྐྱེས་རབས་སོགས་གཞན་མང་པོ་ཞིག་དྲངས་པ་དག་ལ་ཕོ་ཁོ་ནར་གོ་དགོས་པའི་འགྲེལ་བཤད་ལྟ་ཅི། ལག་པ་ཙམ་ཡང་འཆང་ནུས་མི་འདུག་ཅེས་ལབ་ནའང་ཆོག་པ་ཞིག་རེད།
བརྒྱད། ༽ ཡང་ཁོང་གིས་སེང་གདོང་མ་ལ་དཔྱད་པའི་སྐབས་སུ། སེང་གེ་འདི་དུད་འགྲོ་མ་རེད་ཅེས་གསུངས་མོད། ཕོ་མོ་གཉིས་གང་རུང་དུ་མ་གཏོགས་པའི་སེང་གེ་ཞིག་ཡོད་ཚུལ་མེད་ལ། སེང་གདོང་མ་ཉིད་དུད་འགྲོ་མིན་པ་བདེན་མོད། རྣམ་པ་སེང་གེའི་གདོང་བ་ཅན་ཡིན་ཕྱིན་སེང་ཕོ་སེང་མོ་གང་རུང་གི་རྣམ་པར་མེད་པའི་སེང་གདོང་ཞིག་འཇོག་རྒྱུ་ག་ལ་ཡོད། སྐབས་འདིའི་རིགས་པ་འགའ་རེ་ནི་ཤིན་ཏུ་མ་ངེས་པ་ཞིག་ཏུ་འདུག་མོད་ཞིབ་ཏུ་མ་དཔྱད།
ཡང་ཁོང་གིས་ནོར་སྲུང་ཤྭ་མགོ་ཅན་དེ་ཤྭ་ཕོ་ཡིན་མིན་བཤད་འདུག་མོད། དེའི་ཐད་ངས་ཀྱང་མཐའ་གཅིག་ཏུ་ཁ་ཚོན་མི་ཆོད་ལ། རྒྱུད་ཀྱི་སྐབས་ཀྱི་དེ་རིགས་མང་པོ་ཞིག་ལ་ཕྱོགས་གཉིས་ཆར་གྱི་ཆ་ཡོད་ངེས། དེའི་ཕྱིར་ངས་ཀྱང་རྩོམ་ཡིག་དེར། ༼ གཡག་ཁོ་ན་ཕོ་ཡིན་དགོས་པའི་ཁྱད་པར་ཡོད་དམ་༽ ཞེས་དྲི་རྟགས་དངོས་སུ་བཀོད་ཡོད། འདི་ནི་མཐར་གཏུགས་ན་རྣམ་པ་ཚོར་དོགས་སློང་བྱས་ཙམ་ཞིག་ཡིན། དེ་ནི་ད་དུང་ཡང་དྲི་བ་རང་ཡིན།
ཤྭ་བ་དང་འབྲེལ་བའི་ཐལ་བ་ཞིག་ཀྱང་འདུག་མོད། ཤྭ་བ་ཞེས་པ་ཡུ་མོང་གི་ཁྱད་པར་དུ་མ་ཕྱེས་པའི་སྐབས་ཤྭ་བ་ཡུ་མོང་གཉིས་ཆར་གྱི་སྤྱི་མིང་དུ་འཇུག་པ་ཁས་ལེན་ཐུབ་པས་ཐལ་བ་འདི་ནི་ང་ལ་མཚོན་ན་དོན་མེད་ཅིག་རེད། དེ་ལའང་ང་རང་ཚོད་ཀྱི་སྒྲུབ་བྱེད་རེ་ཡོད་མོད། མི་སྤྲོ།
དགུ། ༽
ཡིན་ན་ཡང་བཞག་སྲས་ལགས་ཀྱི་རྩོམ་ཡིག་དེར་བཀའ་བསྟན་དྲངས་ནས་གཡག་ཅེས་པ་ཐུན་མོང་འཇུག་པར་བཤད་པ་དང་། ངས་རྩོམ་ཡིག་གི་མཇུག་ཏུ་མི་རབས་བརྗེ་བཞིན་པ་དང་མཉམ་དུ་མིང་བརྡ་ཐ་སྙད་འགྱུར་བཞིན་པར་བཤད་པ་གཉིས་ནང་འགལ་ཚབས་ཆེན་རེད་ཅེས་ཟེར་བ་ནི། ཁོང་གིས་ངའི་རྩོམ་ཡིག་གི་སྤྱིའི་འགངས་དང་སྐད་ཆའི་འཕེལ་རིམ། མགོ་མཇུག་གི་བབས་ཆ་ཚང་མཉམ་དུ་སྦྲེལ་ནས་གོ་བ་མ་བླངས་པ་རང་དུ་འདུག །
ངས་ནི་གོང་དུ་བཤད་པ་ལྟར།
༡ འདི་མདོ་སྨད་པ་ཟླ་གྲགས་ཀྱི་ཁ་ནོར་ལག་ནོར་གཅིག་པུ་ཙམ་མིན་པར། རྒྱལ་སྤྱིའི་སྟེང་དུ་འབྲི་གཡག་གཉིས་ལ་གཡག་འབྲི་བ་དེ་ཡོངས་ཁྱབ་ཅན་དུ་གྱུར་འདུག་ཅེས་བཤད་པ་དེ་སྐད་ཆའི་རིམ་པ་དང་པོ་རེད།
༢ དེ་ལས་གཞན་ཞིག་ནི་གནའ་ནས་བཀའ་བསྟན་སོགས་སུའང་ཐུན་མོང་དུ་བེད་སྤྱོད་བཏང་བ་བྱུང་མི་འདུག་གམ་ཞེས་སྨྲས་པ་དེ་ནི་སྐད་ཆའི་རིམ་པ་གཉིས་པ་རེད།
༣ སྤྱིར་བཏང་ང་ཚོ་འབྲོག་པ་དག་གིས་ཕོ་ལ་གཡག་དང་མོ་ལ་འབྲི། དེ་བཞིན་འབྲི་མར། འབྲི་འོ་སོགས་འབྲི་ཞིང་བརྗོད་པ་དེ་ཉིད། ཇི་སྲིད་ང་ཚོའི་རང་ངོས་ཀྱི་ནུས་པ་མ་མཉམ་གྱི་བར་དུ་ངེས་པར་དེ་ལྟར་བྱ་དགོས་ཤིང་། བརྡ་ཆད་འདིའང་རིན་ཐང་ཅན་ཞིག་ཡིན་པ་དེ་ངས་ཀྱང་མཐའ་གཅིག་ཏུ་ངོས་ལེན་ཡོད་ཚུལ་བྲིས་པ་དེ་སྐད་ཆའི་རིམ་པ་གསུམ་པ་རེད།
༤ ཡིན་ན་ཡང་། གཡག་གི་འོ་མ་ཞེས་པའི་ཐ་སྙད་ཅིག་དར་བཞིན་པ་འདིའང་། མཐར་གཏུགས་ན། ནུབ་ཕྱོགས་ཀྱི་ཤེས་ཡོན་ལམ་ལུགས་དང་བསམ་བློའི་དབང་བསྒྱུར། ཁ་ཤེད་ལྕེ་ཤེད་སོགས་དང་འབྲེལ་བ་ཡོད་སྟབས། འདིས་མཚོན་པའི་ཐ་སྙད་མང་པོ་ཞིག་ཉེན་ཁའི་གནས་སུ་ལྷུང་བཞིན་པས། མ་འོངས་པར་ཚབས་ཆེ་རུ་འགྲོ་ངེས་རེད་ཅེས་པ་དེ་ངའི་སྐད་ཆའི་རིམ་པ་བཞི་པ་ཡིན།
མདོར་ན་རང་ངོས་ནས། རྩོམ་ཡིག་འདི་ནི་ད་ཐེངས་ཀྱི་གཡག་གི་འོ་མའི་གནད་དོན་འདིར་ཕྱོགས་ཚང་མ་ནས་བསམ་གཞིག་བྱས་པའི་བགྲོ་གླེང་གྱི་བསམ་ཚུལ་མི་ཞན་པ་ཞིག་སྙམ་པ་དེ་ཡིན། དེའི་ཕྱིར་ངེས་རྩོམ་ཡིག་སྔ་མར། འདི་ནི་ང་ཚོའི་མི་རབས་དང་དུས་རབས་བརྗེ་བཞིན་པ་དང་མཉམ་དུ་མིང་བརྡ་ཐ་སྙད་ཀྱི་གནས་བབ་ལ་འགྱུར་བ་འགྲོ་བཞིན་ཡོད་པའི་སྔོན་བརྡ་ཞིག་རེད།
ང་ཚོའི་གཅེས་སུ་འོས་པའི་སྲོལ་རྒྱུན་གྱི་ཐ་སྙད་མང་པོ་ཞིག་བརླགས་བཞིན་ཡོད་པའི་ཉེན་བརྡའང་ཡིན། ཞེས་བྲིས་པ་དེ་རེད།
ད་དུང་རྩོམ་ཡིག་དེའི་ཚན་པ་༡༣ པ། རྒྱལ་སྤྱིའི་ཚད་ལྡན་ངོས་འཛིན་གྱི་འགལ་འདུ་ཞེས་པར་ཡང་དེའི་སྐོར་གསལ་འགྲེལ་གང་ལེགས་བྱས་ཡོད། ཡི་གེ་འབྲི་སྟངས་ཀྱིས་བརྡ་མ་འཕྲོད་པ་འདྲ་ཡིན་ན་མ་གཏོགས་ནང་དོན་ནི་དེ་ཁོ་ན་ཡིན་པས་ཅིག་བྱས་ན་བསྐྱར་དུ་ཐེངས་གཅིག་བཀླགས་ན་གསལ་པོ་ཆགས་སྲིད།
་
བཅུ། ༽
ཡང་ངག་གི་དབང་ཕྱུག་གིས་འདིར་ཡང་ཆ་ཤས་བླངས་ནས། ༼ འབྲི་ལ་གཡག་མོ་ཟེར་བ་ལྟ་བུའི་མིང་གསར་པ་གང་བྱུང་བཏགས་མི་ཆོག་པ་བཀའ་བཅད་མཛད་དོ་༽ ཞེས་སོགས་གསུངས་འདུག །
དེ་ལ་དགག་བྱ་གང་ཡང་མེད། འདི་ནི་ངེས་པར་དུ་འབྲི་ལ་གཡག་མོ་ཟེར་དགོས་ལབ་མཁན་གྱི་བོད་པ་ཞིག་མེད། ཁྱེད་ལ་ནུས་པ་ཡོད་ན་བོད་མི་མང་གི་མངོན་འདོད་ལྟར་རྒྱལ་སྤྱིའི་ཚིག་མཛོད་དག་བཅོས་འོང་བ་ཞིག་གནང་རོགས།
འོན་ཀྱང་། བཀའ་བསྟན་གྱི་ནང་དུ་གཡག་ཅེས་པ་ཐུན་མོང་དུ་བསྒྱུར་ཡོད་པའི་ལུང་འདྲེན་དེ་ཙམ་དྲངས་ཡོད། དེའི་ཐད་གོང་དུ་བཞག་སྲས་ལགས་ཀྱིས་ལུང་འདྲེན་གཉིས་ལ་གསལ་བཤད་གནང་བ་དང་། གཅིག་གི་གསལ་བཤད་དེ་ཨང་གྲལ་དུ་ཚུད་པ་ཞིག་བྱུང་བ་ལས་གཞན་དག་ལ་ད་བར་དུས་ཀྱང་དེའི་དོན་དེ་རེད་མི་འདུག་ལབ་མཁན་མ་མཐོང་ལ། ངག་གི་དབང་ཕྱུག་ལྟ་བུ་རྟག་པར་བཀའ་བསྟན་ཁ་ལ་ཁུར་མཁན་ཁོང་གིས་ཀྱང་དེའི་ཕྱོགས་ལ་ཚིག་གཅིག་ལབ་ཐུབ་མེད།
འོ་ན་འགྱུར་དེ་དག་དང་འབྲེལ་བའི་སྐབས་དེའི་ལོ་པན་དེ་སྙེད་ཅིག་སྒྲ་བསྒྱུར་བམ་གཉིས་ཀྱི་ཁྲིམས་དང་འགལ་མཁན་རེད་དམ། ཡང་ན་སྐབས་དེར་འབྲི་གཡག་ཐུན་མོང་ལ་གཡག་ཅེས་སྤྱོད་སྲོལ་བྱུང་བ་ཡིན། ཡང་རྒྱ་གར་བ་ཆ་རྒྱུས་མེད་པས་ཡིན་དུ་ཆུག་ཀྱང་། ལོ་ཙཱ་བ་ཉི་ཟླ་ལྟ་བུ་དེ་དག་གིས་མདོ་སྔགས་ཀྱི་ཐ་སྙད་དེ་ཙམ་མང་པོ་ཞིག་བསྒྱུར་སྐབས་དོན་འགྱུར་ཚད་མཐོན་པོས་གཏན་ལ་འབེབས་ཐུབ་ས་ནས་གཡག་གི་ཐ་སྙད་ཙམ་པན་ཆེན་ཚོར་ཞུ་མ་ཤེས་པ་ཡིན་ནམ། ཞིབ་འཇུག་རིག་པའི་ཁྱབ་ཁོངས་ནས་འདི་དག་ཀྱང་བསམ་མི་ཆོག་པ་ཞིག་ག་ལ་ཡིན།
བཅུ་གཅིག ༽
གང་ལྟར་ད་ལྟའི་ཆར་ནུབ་ཕྱོགས་སུ་བརྡ་ཆད་བསྲེ་མཁན་ཟེར་ན་འདྲ། ཡོངས་ཁྱབ་སུ་འབྲི་གཡག་གཉིས་ལ་གཡག་ལབ་མཁན་དེ་ཁྱེད་ཀྱི་མིག་སྔུན་ན་འབྱུང་བཞིན་པའི་དེ་རིང་གི་གནད་དོན་གསར་རྐྱང་དེ་ཡིན་ན། ངག་གི་དབང་ཕྱུག་ཁྱེད་ཨ་རི་དང་ཁ་ན་ཌ་སོགས་སུ་བཞུགས་ཡོད་པས། སྒྲ་བསྒྱུར་བམ་གཉིས་དང་། བྱེ་བྲག་གཏོགས་བྱེད་ཆེན་མོ་སོགས་བསྣམས་ནས། ཨ་རིའི་འབྲོག་པ་དང་། དབྱིན་ཡིག་གི་ཚིག་མཛོད་ལས་ཁུངས། ད་དུང་བོད་རིག་པའི་ཚོགས་ཆེན་གྱི་རྒྱལ་སྤྱིའི་སྡིངས་ཆ་བཅས་སུ་ཕེབས་ནས་ཁོང་ཚོ་ཚར་བཅད་ཚུར་བསྡུས་ཏེ། ད་ཕྱིན་གཡག་གི་བདག་པོ་དག་གི་ཐ་སྙད་འབའ་ཞིག་གི་རྗེས་སུ་འབྲངས་དགོས་པ་ཅིས་ཕྱིར་མ་གསུངས།
མ་ཟད་འཕྲེད་དར་བསྣམས་་ནས་རྒྱལ་སྤྱིའི་ཚིག་མཛོད་དང་གྷོ་གྷལ་ལས་ཁུངས་ཀྱི་མདུན་ནས་ཟས་བཅད་ངོ་རྒོལ་གནང་ནས་༼ བརྡ་ཆད་ནོར་འདུག །བཅོས་དགོས་༽ ལབ་ནས་ལས་འགུལ་སྤེལ་གནང་ནའང་ཅིས་ཀྱང་རྗེས་སུ་ཡི་རང་ཡོད།
གཞན་ཕྱི་ལོགས་ནས་དབྱིན་ཇི་ཁོང་ཚོར་ཕར་ཚིག་གཅིག་མི་ལབ་པར། བོད་ནང་དུ་ཁ་སྐོར་ནས་བོད་ཀྱི་རིག་གཞུང་བརྡ་ཆད་སྐྱོབ་ཆེད་ཡིན་ཞེས་གློ་བུར་དུ་གཉིད་སད་པ་ལྟར་འབེལ་གཏམ་མོལ་བ་ནི་ཚུལ་འཆོས་ཙམ་དུ་ཟད། བོད་དུ་བཞུགས་མཁན་མང་པོ་ཞིག་གིས་ནི་གནས་སྟངས་མང་པོ་ཞིག་ཇི་བཞིན་ཐུགས་ལ་འཁོར་ཐུབ་མིན་དང་། ཡང་ན་རྒྱུ་རྐྱེན་གཞན་མང་པོར་ལྟོས་དགོས་པས་གང་ལྟར་བཤད་ཀྱང་བསམ་ཤེས་ཐུབ་པ་ཞིག་རེད། གཞན་གསལ་བཤད་དགོས་པའང་མ་མཐོང་།
བཅུ་གཉིས། ༽
ཡང་ལྡོང་རོང་བསོད་ཐར་ཞེས་པས་ཀྱང་རྩོམ་ཡིག་ཅིག་བྲིས་འདུག ། ཁོང་གིས་འབྲི་གཡག་ཐ་དད་དུ་བྲིས་པའི་ལུང་འགའ་བཀོད་མོད། སྤྱིར་བོད་ལ་འབྲི་གཡག་ཐ་དད་དུ་འབྲི་བ་དང་འཇུག་པ་མེད་ཅེས་སུ་ཞིག་གིས་ཀྱང་མ་སྨྲས་པས་ལན་དགོས་པ་མ་མཐོང་ །ཡང་གཡག་གི་འོ་མ་འབྱུང་སྲིད་མིན་རི་བོང་རྭ་ཅན་འབྱུང་མིན་ལ་སྦྱར་བ་ནི། ངས་རྩོམ་ཡིག་དེར། ༼ རང་ཉིད་ཀྱི་བསམ་བློ་དང་གོམས་གཤིས་ཀྱི་ཁྱབ་ཁོངས་སུ་ཚུར་ལོག་ནས་རང་གི་རང་ལ་བདེན་ཁ་སྦྱིན་པ། ༽ ཞེས་བཤད་པ་དེར་སྣང་། དེ་ནི་ཁོང་གིས་འབྲི་ལ་གཡག་ཅེས་བརྗོད་མཁན་མེད་པ་གཞིར་བཞག་བྱས། གཡག་ཅེས་པ་ཕོ་ཁོ་ན་ཡིན་པའི་བསམ་ཚུལ་དེ་ག་རང་ཆོས་ཅན་དུ་བཞག་ནས། དེ་ལས་འོ་མ་ཡོང་མིན་དཔྱོད་པ་ཙམ་རེད།
ད་ལྟ་བོད་ཀྱི་འབྲོག་པ་གཡག་འོ་ལབ་མཁན་གཡག་འོའི་ཞིམ་ལོད་གླེང་མཁན་མེད་པ་ནི་བདེན་པ་ཡིན་པས་འདི་དག་གི་ཆེད་དུ་ལུང་མང་པོ་དྲངས་པའང། ཕྱོགས་སྔའི་སྐད་ཆ་ལ་ཞིབ་མཉན་མ་བྱས་པ་ཁོ་ནར་ཟད།
བཅུ་གསུམ། ༽
ལར་ངས་རྩོམ་ཡིག་འདི་མ་བྲིས་གོང་། དྲ་གྲོགས་ཚང་མས་ཚིག་ངན་དང་ཚོར་བའི་སྐད་ཆ་ཉི་ཚེ་བ་རེ་བཤད་པའི་འུར་རྒྱག་ཙམ་གྱི་གནས་བབས་སུ་ཡོད་པའི་བགྲོ་གླེང་ཞིག ། ད་ལྟ་རྣམ་པ་ཚོས་རྒྱལ་རབས་ལོ་རྒྱུས། མདོ་རྒྱུད་བསྟན་བཅོས། སྨན་རྩིས་ཡིག་རྙིང་དང་བཅས་པའི་རྒྱབ་ལྗོངས་ཀྱི་ཐོག་ནས་སྐད་ཆ་ཤོད་ཅིང་། མང་པོ་ཞིག་གིས་དེར་ཟུར་ཞུགས་གནང་བཞིན་པའི་གནས་རིམ་ཤིག་ཏུ་ཡར་སྐྱེལ་ཐུབ་པ་ཞིག་བྱུང་བ་འདི་ད་ཐེངས་ཀྱི་བགྲོ་གླེང་འདིའི་ཆེས་བློ་ཡིད་ཚིམ་ཤོས་ཀྱི་འཕེལ་རིམ་ཞིག་རེད། ཁྱེད་རྣམ་པའི་རྩོམ་ཡིག་འདི་དག་མཇལ་བ་དང་ང་ཡང་ཧ་ཅང་དགའ་སྣང་ཆེན་པོ་བྱུང་། འདི་ནི་ང་རང་གི་བསམ་བློ་གཏོང་སྟངས་ཤིག་ལས་ཚུལ་འཆོས་ཀྱི་སྐད་ཆ་དངོས་གནས་མིན། ཁྱད་པར་དུ། རྩོམ་ཡིག་ཕལ་མོ་ཆེའང་མི་སྒེར་གྱི་མི་གཞི་དམའ་འབེབས་དེ་རིགས་མིན་པར་རིག་གཞུང་བགྲོ་གླེང་གི་རྣམ་པའི་ཐོག་ནས་སྒྲུབ་བྱེད་འགོད་པ་གཙོར་འདོན་གནང་བ་ནི་ད་ཐེངས་ངས་བསྐྱར་དུ་ལན་འདེབས་ཞུ་དགོས་པའི་རྒྱུ་མཚན་ཡང་ཡིན།
བཅུ་བཞི། ༽
ཡང་གོང་གི་ཡི་གེ་འབྲི་མཁན་དེས། ༼ འབྲི་ལ་གཡག་ཅེས་འབོད་ཚུལ་འདི་ཕྱི་ཕྱོགས་ཀྱི་ནོར་གནག་ལ་རྒྱུས་མེད་པའི་མིའི་ཐ་སྙད་དུ་བཀོལ་བཞིག་ཡིན་པ་བདེན་དུ་རུང་ཡང་། འུ་ཅག་གི་ས་ནས་དེ་དེ་བཞིན་ཡིན་ཞེས་འུར་བ་དོན་མེད་ཡིན་པ་དང་། གཞུང་ལུགས་ཀྱི་བཤད་བགྲོས་ལ་བསྟེན་མི་དགོས་༽ ཟེར་མོད། ངས་བཀའ་བསྟན་ན་འབྲི་གཡག་ཐུན་མོང་ལ་གཡག་ཏུ་སྤྱད་པ་ཡོད་པར་དྲངས་པ་དེ་གལ་ཏེ་དོན་ལ་གནས་མེད་ན་ནི་ཕན་གནོད་གང་ཡང་མེད། དོན་ལ་གནས་ཡོད་ན་ནི། དེའང་ཡིག་ཐོག་གི་གཡག་དང་འབྲེལ་བའི་ཐ་སྙད་འདིའི་ཞིབ་འཇུག་གི་ཁུངས་སྣེའམ། བསམ་བློ་གཏོང་སའི་ཁྱབ་ཁོངས་ཀྱི་དོན་དག་ཅིག་ཡིན་ཚུལ་གོང་དུ་ཡང་བཤད་ཟིན།
འདི་དག་འབྲོག་པའི་སྐད་ལ་ཞུས་དག་གཏོང་ཆེད་མིན་ན་ཡང་། ཞིབ་འཇུག་གི་ངོས་ནས་ཧ་ཅང་གལ་ཆེན་ཡིན་པས། ཁ་གཡར་ས་ཙམ་བཙལ་ནས་གཡོལ་ཐབས་བྱེད་པ་འདི་ཞིབ་འཇུག་རིག་པའི་རྩ་དོན་གྱི་ངོས་ནས་གཏན་ནས་མི་འགྲིགས། རེད་དེ་རྒྱུན་ལྡན་འཚོ་བའི་ཁྱབ་ཁོངས་སུ་བོད་རང་གིས་འབྲི་དང་གཡག་གི་བརྡ་ཆད་དང་བེད་སྤྱོད་གང་ཡོད་པ་དེ་རང་སོར་གནས་རྒྱུར་འགལ་བ་གང་ཡང་མེད་དོ།།
བཅོ་ལྔ། ༽
གང་ལྟར། རྣམ་པ་ཚོ་ཚང་མར་བཀའ་དྲིན་ཆེ་ཞུ། ཐེངས་འདིའི་བགྲོ་གླེང་ལ་གོ་རྒྱུ་མེད་པ་དང་། སྐུ་ཉིད་ཀྱི་དུས་ཚོད་ཆུད་ཟོས་སུ་བཏང་ཡོད་ན་དགོངས་དག་ཞུ། རང་ངོས་ནས་གང་དྲན་པ་ནི་དེ་འདྲ་ཙམ་ཡིན། ད་དུང་དཔྱད་རྩོམ་འབྲི་མཁན་དག་གི་བསམ་ཚུལ་མ་རྟོགས་པ་དང་། དགོས་ངེས་ལ་གསལ་བཤད་མ་ཐུབ་པ་བྱུང་ཡོད་སྲིད། མ་ཟད་རང་དང་དྲ་འབྲེལ་ཡོད་པ་གཙང་གངས་ལྷ་ཟེར་བ་ཞིག་གིས་ཀྱང་གཡག་འོ་ས་ཕོས་པ་ཞེས་པ་ཞིག་བྲིས་འདུག་མོད། ཁོང་སྒེར་ཐོག་ལ་ཁ་བརྡ་ཕྲན་བུ་བྱས་ཟིན་པས། དེའི་སྐོར་ནས་གོང་དུ་བཤད་པ་ལས་གཞན་གསལ་བཤད་དགོས་པ་མ་མཐོང་བས་བཞག་གོ །
རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་རི་བོ་སྔོན་པོར། སྤྱི་ལོ་༢༠༢༢ ཟླ་ ༧ ཚེས་ ༢༥ ཕྱི་དྲོ་བྲིས་སོ།།
རྫོགས་སོ།།
བོད་ལུང་པའི་ནང་འབྲི་གཡག་ར་ལུག་སོགས་བེད་སྤྱོད་བྱེད་མཁན་མང་ཆེ་བ་བོད་ཀྱི་འབྲོག་པ་ཚོ་ཡིན་པ་དང་གཡག་ནི་སྤྱི་མིང་ཡིན་པ་དང་གཡག་ཕོ་ཆེན་ལ་སྤོ་བ་ཟེར་བ་དང་། གཡག་མོ་ལ་འབྲི་ཟེར་བ་དང་། གཡག་ཕྲུག་ལ་བེའུ་ཟེར་བ་དང་། འབྲི་ལ་འོ་ཡོད་པ་ནས་འབྲོག་པས་འཐོན་སྐྱེད་འོ་མ་ནས་ཞོ་དང་ཞོ་ནས་མར་དང་ད་ར་དང་ད་ར་ནས་ཕྱུ་ར་སོགས་བཟོ་བ་དང་། གཡག་གི་སྤུ་ལ་རྩིད་པ་ཟེར་བ་དང་རྩིད་པ་བྲེག་ནས་རྐུད་པ་བཟོས་ནས་ཐག་ལས་ཀྱི་འབྲོག་པའི་སྦྲ་ནག་སྡོད་གུར་བཟོ་བ་དང་། ར་ནི་སྤྱི་མིང་ཡིན་པ་དང་ར་མོ་ལ་ར་མ་ཟེར་བ་དང་། ་ར་ཕོ་ཆེན་ལ་ར་ཕོ་ཟེར་བ་དང་ར་ཕྲུག་ལ་རེའུ་ཟེར་བ་དང་ར་མ་ལ་འོ་མ་ཡོད་པ་དང་ར་གི་སྤུ་ལ་ལེ་ན་ཟེར་བ་དང་རིན་པ་ཡང་ཆེ་བ་དང་། ་ལུག་ནི་སྤྱི་མིང་ཡིན་པ་དང་ལུག་མོ་ལ་མ་མོ་ཟེར་བ་དང་མ་མོ་ལ་འོ་མ་ཡོད་པ་དང་། ་ལུག་ཕོ་ལ་ཁལ་པ་ཟེར་བ་དང་ལུག་ཕོ་ཆེན་ལ་ཐུག་པོ་ཟེར་བདང་འབྲོག་པས་ལུག་ཕོ་ལ་ཚ་དང་འབྲུ་སོགས་སྐལ་ནས་ཚ་ཚོང་བྱེད་པ་དང་། ལུག་གི་མིང་ལ་དབྱེ་ན་མ་མོ་དང་ཁལ་པ་དང་ཐུག་པོ་སོགས་ཡོད་པ་དང་། ར་ལུག་གཡག་གསུམ་གྱི་སྤུ་དང་འོ་མ་ནི་འབྲོག་པའི་འཚོ་བརྟེན་ངོ་མ་དེ་ཡིན་པ་དང་། ལུག་གི་འོ་མ་ཟེར་བ་དང་ར་གི་འོ་མ་ཟེར་བ་དང་གཡག་གི་འོ་ཟེར་བ་དེ་ཚོ་ང་ཚོའི་ཁ་རྒྱུན་ཙམ་ལས་དོན་དངོས་འབྲི་གི་འོ་མ་དང་ར་མ་གི་འོ་མ་དང་མ་མོའི་འོ་མ་ཟེར་ན་དོན་ལ་གནས་པ་དང་། རྟ་ལ་ཆ་བཞག་ན་རྟ་མོ་ལ་གོད་མ་ཟེར་བ་དང་། རྟ་ཕོ་ཆེན་ལ་ཟེབ་ཟེར་བ་དང་རྟའི་རྟེའུ་ལ་ཐུ་རུ་ཟེར་བ་སོགས་ཡུལ་ལུང་སོ་སོར་མིང་ཚིག་མ་འདྲ་དེ་འདྲ་ཡོས་ས་རེད་།