ཁྲོ་གཏུམ།
དལ་བུར་འཁྱུད་པ་མིན་ཞིང
ལྷོད་ཀྱིས་བབས་པའི་སྒྲུང་དེ་དག
བསམ་གཞིགས་ཀྱི་བརྩེགས་རམ་གང་ཞིག་ལ་འཕུར་དགོས
ང་ནི་བསམ་བློའི་གཤོག་རྩལ་མ་རྫོགས་པ་ཞིག་སྟེ
གནས་གང་ཞིག་ནས་གང་ཞིག་ཏུ་གནས་མལ་བྱེད་སྟངས་སུ་རྨོངས་པ་ཞིག
ངོ་གདོང་ནི་ཧ་ཅང་སྐྱ་བོ་ཞིག་སྟེ
མིག་ལམ་དུ་མངོན་པའི་སེམས་པ་ལས
ཁྱོད་ནི་ངའི་སྙིང་ཁྲག་གི་ཆེེས་ཟབ་རུ་འགྱུར་དོན་ཅི
དྲི་བའི་འཕེལ་རིམ་ལས་རྙོག་དྲ་ཡོང་སྲིད
སྲིད་པའི་རྩེད་ར་ནས་བཟང་ངན་ཡོང་སྲིད
སྲིད་པ་ནི་མིའི་བསམ་བློའི་ཧེ་བག་ཞིག་སྟེ
མགོ་བོ་དགྱེ་དགྱེ་ཡིས་གོམ་པ་མདུན་ལ་སྤོ
མི་ཚེ་ནི་རྩེད་ར་ཞིག་སྟེ
ཡོད་ཚད་ཆེས་ཐག་ཉེ་བའི་བར་ལ་བཙུར
རྒྱང་རིང་ནི་དམིགས་ཡུལ་ཞིག་སྟེ
ཆེས་རིང་བའི་མུ་མཐའ་ལ་ཅེར
ཡོད་ཚད་ཁྱོད་ལ་དབང་བ་མ་ཡིན་སྟེ
ང་ལའང་ཇི་ལྟར་དབང
མཛེས་སྡུག་གི་སེམས་པ་དག
ངའི་ཁོར་ཡུག་ནས་རང་དབང་གིས་གནས་དགོས
མཛེས་པའི་ཡུལ་གྲུ་དག
ང་དང་ངའི་ཉེ་འདབས་ནས་རོལ་དགོས་ལ
ཡོད་ཚད་སེམས་ཁམས་ཤིག
རོལ་མྱོང་རྡོག་རྡོག་ཅིག་ག་ལ་ཡིན
ཐག་ཉེ་བའི་མི་ནི
ད་གཟོད
ཆེས་གཏིང་ཟབ་པའི་གནས་ལུགས་བཤད་སར་འགྱུར་ཆོག
ཐག་ཉེ་བའི་སེམས་པ་ནི
ད་གཟོད
བློ་གྲོས་ཀྱི་གཉའ་མི་ཆགས་པའི་དཔུང་རོགས་ཤིག
ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡ ཉིན་གྱི་དགོང་མོ།