ཉག་རོང་དོན་གྲུབ།
མི་འབོར་གྲངས་བཤེར་གྱི་བྱུང་རིམ་བཤད་པ།
བོད་མིའི་སྒྲིག་འཛུགས་འཆར་འགོད་ལྷན་ཁང་གིས་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ཐེངས་དང་པོ་ ༡༩༩༨ ལོར་བྱས་པ་དང་། ༢༠༠༨ ལོར་ཐེངས་གཉིས་པ། ཐེངས་གསུམ་པ་ ༢༠༡༨ ལོར་ཡིན་པ་བཅས་ལོ་ ༡༠ རེའི་ནང་ཚར་རེ་བྱས་ཏེ་ད་བར་ཐེངས་གསུམ་གྲུབ་ཡོད་པ་རེད། རྗེས་མའི་མི་འབོར་གྲངས་བཤེར་ཐེངས་བཞི་པ་དེ་ནི་ ༢༠༢༢ ལོར་མ་ཡིན་པར། ༢༠༠༢༨ ལོར་བྱེད་དགོས་པ་དེ་ཚང་མར་རྒྱུན་ཤེས་ལྟ་བུར་ཆགས་ཡོད་རེད།
བློ་སེང་བཀའ་ཤག་གིས་ ༢༠༡༨ ལོར་སྔར་དང་མི་འདྲ་བར། མི་འབོར་ཐོ་གཞུང་ཚང་མ་ (DIGITAL DATA) གྲངས་མཛོད་རེའུ་མིག་ནང་ཉར་ཚགས་བྱས་ཡོད་པས། སྒེར་གྱི་གསང་བ་ལས་སླ་པོར་བརྐུ་འཁྱེར་ཐུབ་ཀྱི་མེད་པར་བཤད། ༢༠༡༨ ལོའི་ཟླ་ ༡༢ པའི་ཚེས་ ༠༥ ཉིན་བོད་མིའི་སྒྲིག་འཛུགས་འཆར་འགོད་ལྷན་ཁང་གི་འགན་འཛིན་འབུམ་རམས་པ་བརྩོན་འགྲུས་ལགས་ཀྱིས། “སྤྱིར་མི་འབོར་ཞིབ་བཤེར་ཟེར་བ་དེ་རྒྱལ་ཁབ་ཁག་ཚང་མའི་ལོ་ ༡༠ རེའི་ནང་འགྲོ་བཞིན་ཡོད་པ་རེད། ང་ཚོ་ཡིན་ན་ཡང་ཕྱི་ལོ་ ༡༩༩༨ ནང་ལ་མི་འབོར་ཞིབ་བཤེར་དང་པོ་དང་ཕྱི་ལོ་ ༢༠༠༨ ལ་ཐེངས་གཉིས་པ། དེ་ནས་ད་ལོ་གཅིག་བཅས་ལོ་༡༠ རེའི་ནང་གཅིག་རེ་བྱས་ཏེ་ད་ལྟ་བར་གསུམ་བྱས་ཡོད་པ་རེད། ད་ལྟ་སྔོན་དང་བསྡུར་ན་བཙན་བྱོལ་བོད་མིའི་མི་གྲངས་དེ་ཧ་ལས་པའི་ཉུང་དུ་ཕྱིན་ཡོད་པ་རེད། སྤྱིར་བཏང་ང་ཚོའི་མི་འབོར་གྱི་གྲངས་ཀ་དེ་ ༡༨༠༠༠༠ དགོས་ན་ཡང་། མི་འབོར་ཞིབ་བཤེར་དང་པོའི་སྐབས་མི་གྲངས་ ༡༣༠༠༠༠ ཐོན་ཡོད་པ་དང་། ༢༠༠༨ ལོའི་མི་འབོར་ཞིབ་བཤེར་གཉིས་པའི་སྐབས་ཁྱོན་སྡོམ་མི་གྲངས་སྟོང་ཕྲག་ ༩༠ མ་གཏོགས་ཟིན་མེད་པ་རེད།ད་ལྟ་གསལ་པོ་ཤེས་མ་སོང་མ་གཏོགས་དེ་ལས་ཉུང་དུ་འགྲོ་ཡོད་པ་རེད།” ཅེས་ལབ་ཡོད་པ་རེད།
ཡང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་སོགས་གསར་ཁང་ཁག་ཅིག་གིས་བཤད་པ་ལྟར་ན། “༢༠༠༨ ལོར་བཙན་བྱོལ་བོད་མིའི་མི་གྲངས་ ༡༠༩༠༡༥ དང་ ༢༠༡༨ལོར་མི་གྲངས་ ༧༥༦༣༩ རེད་”ཅེས་དང་། སྤེན་ཚེའི་མི་འབོར་ཞིབ་བཤེར་དེ་ནི་ཐེངས་བཞི་པ་རེད་ཟེར་མོད། མི་འབོར་གྲངས་བཤེར་ལོ་ ༡༠ རེར་ཐེངས་རེར་བྱེད་ཀྱི་ཡོད་པ་དང་། ད་ལྟ་ལོ་ ༡༠ མ་ཟིན་སྔོན་ནས་ཛ་དྲག་ངང་བྱེད་དགོས་དོན་སྐོར་ལ་འགྲེལ་བཤད་གང་ཡང་མི་འདུག དེའི་ཕྱིར་ད་ཐེངས་སྤེན་ཚེ་བཀའ་ཤག་གི་མི་འབོར་གྲངས་བཤེར་ཟེར་བ་དེ་སྔ་དྲགས་པ་རེད་དམ་ཕྱི་དྲགས་པ་རེད།
ད་ལྟ་བོད་པ་མང་པོ་ཞིག་གིས་སྤེན་ཚེ་བཀའ་ཤག་གི་ལས་འགུལ་དེ། བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ཐེངས་བཞི་པ་ཡིན་ཤག་ཤག་བྱེད་ཀྱི་འདུག་པས། འདིར་མི་འབོར་གྲངས་བཤེར་གྱི་བྱུང་རིམ་མདོར་བསྡུས་ཤིག་གསལ་བཤད་བྱས་པ་ཙམ་ཡིན། དེ་མིན་སྤེན་ཚེའི་མི་འབོར་གྲངས་བཤེར་དེ་ནི་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ཐེངས་བཞི་པ་དེ་མ་ཡིན་པར། གནད་དོན་འདྲ་མིན་ཐད་ས་འོག་དར་འཐག་བརྒྱུད། ངན་གཡོ་ལྐོག་གཤོམ་གྱི་ཆབ་སྲིད་ནག་པོའི་ལས་འགུལ་ཞིག་རེད་ཅེས་ཚིག་ཐག་ཆོད་པོའི་ངང་ནས་བཤད་ཐུབ་པ་འདི་རེད།
ཡང་བསྐྱར་ལས་འགུལ་རྙིང་པ་རོ་ལངས་བརྒྱབ་པ།
སྐུ་ཞབས་སྤེན་པ་ཚེ་རིང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཡིན་སྐབས། ཡར་བཀའ་ཤག་ལ་སྙན་ཞུ་དང་མར་མི་མང་ལ་འགྲེལ་བཤད་གསལ་པོ་གང་ཡང་མེད་པར། ༢༠༡༧ལོར་ཨ་རི་དང་ཁ་ན་ཊར་མི་འབོར་ཞིབ་བཤེར་གྱི་ལས་འགུལ་ཞིག་སྤེལ་བ་མ་ཟད། ད་དུང་ཨ་ཁར་གནས་སྡོད་བོད་མི་ཚོས་དོན་གཅོད་ཁང་ལ་ཟླ་རེར་ཨ་སྒོར་ ༥ རེ་འབུལ་དགོས་པའི་བཙན་བཀའ་ཞིག་བཏང་བ་རེད། སྐབས་དེའི་ནེའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པས་སྤེལ་བའི་གསལ་བསྒྲགས་དེ་གཤམ་དུ་བཀོད་ཡོད།
“བོད་མིའི་མི་འབོར་ཞིབ་གཤེར་གསལ་བསྒྲགས།
༄༅། རྒྱལ་གཅེས་ནེའུ་ཡོག་དང་ནིའུ་འཇར་སི་ཚོགས་སྐྱིད་ཁག་གི་ཚོགས་གཙོ་རྣམ་པ་གཙོས་སེར་སྐྱ་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ་།
ཆེད་ཞུ། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་ཕེབས་པའི་བཀའ་རྒྱ་དགོངས་དོན་འདི་གའི་ས་གནས་སུ་བོད་མིའི་མི་འབོར་ཞིབ་གཤེར་གང་ལེགས་ཞིག་གནང་དགོས་གལ་སྐོར་དེ་སྔོན་ཕྱི་ལོ་༢༠༡༧ ཟླ་བ་ ༤ ཚེས་ ༡༥ ཉིན་ཚོགས་གཙོ་རྣམ་པའི་ཚོགས་འདུར་གསལ་བསྒྲགས་ཞུས་ཡོད་པ་ལགས་ན། ཁྱབ་ཁོངས་སྐྱིད་སྡུག་སོ་སོའི་མི་འབོར་གྲངས་གཤེར་སྐྱིད་སྡུག་སོ་སོ་ནས་ཚད་ལྡན་གནང་སྐྱོང་ཡོང་བ་དང་སྐྱིད་སྡུག་ཁོངས་སུ་མེད་པ་རྣམས་འདི་གའི་ཚོགས་པ་ཆེ་ཁག་ལྔ་བརྒྱུད་གཤམ་གསལ་་ལྟར་འབྲེལ་ལམ་གྱིསཕྱི་ལོ ༢༠༡༧།༥།༣༠ འགྱངས་མེད་་མི་འབོར་་ཐོ་གཞུང་འདི་ལས་སུ་གནང་སྐྱོང་ཡོང་བ་དེ་དོན་དགོངས་
འཇགས་ཞུ། བོད་རིགས་སྤྱི་མཐུན་ཚོགས་པའི་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་བ་ ༤ པའི་ཚེས་ ༡༨ ལ། ཕུལ།།” ཞེས་པ་འདི་རེད། ཡིན་ནའང་ཐ་མར་ལས་འགུལ་དེ་གཉིས་ཀ་རྒྱུན་མ་འཁྱོངས་བར་གོ་མེད་གྲགས་མེད་དུ་ཆགས་སོང་བ་མ་ཟད། དེ་ནས་བརྩིས་པའི་ཟླ་བ་དྲུག་གི་རྗེས་སུ་ཁོ་རང་ཡང་སྐུ་ཚབ་དོན་གཅོད་ནས་འཕོ་འགྱུར་གཏོང་དགོས་ཐུག་པ་རེད་ལ། དོན་གཅོད་འཕོ་འགྱུར་གཏོང་དགོས་པའི་གསལ་བཤད་དོན་ཚན་བཅུའི་ནང་ལ་བགྲངས་མི་འདུག་མ་གཏོགས། འདི་ཡང་བྱ་སྤུ་གནོན་གྱི་གོ་རིམ་ལ་བརྩི་བཀུར་མ་ཞུས་པ་ཞིག་ཡིན་པ་ནི་སྨོས་མེད་རེད། ད་ཐེངས་ལས་འགུལ་དེ་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་དང་གྲངས་བཤེར་ལ་ཁ་གཡར་ནས། འཆར་གཞི་དང་ལྡན་པའི་སྒོ་ནས་ ༢༠༡༧ ལོའི་སྤེན་ཚེའི་རང་ལྟ་མཆོག་འཛིན་གྱི་མི་འབོར་རྟོག་བཤེར་ལས་འགུལ་དེའི་མཇུག་སྐྱོང་གི་ཡོད་པ་གསལ་པོ་རེད།
མ་གཞི་སྤེན་ཚེ་བཀའ་ཤག་ནི་དམངས་གཙོ་ཚད་ལྡན་གྱི་གཞུང་ཞིག་ཆགས་ཐུབ་མེད་པ་དང་། ད་ལྟའི་སྤྱི་འཐུས་ལྷན་ཚོགས་དང་ཁྲིམས་ཞིབ་ཁང་གཉིས་ཀ་ཡང་བཅའ་ཁྲིམས་ལྟར་ཁྲིམས་མཐུན་གྱི་ངོ་བོར་གནས་མེད་པས། ཕྱི་ཟླ་ ༠༦ པའི་ཚེས་ ༢༥ ཉིན་ནེའུ་ཡོག་ཏུ་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནས། ད་ལྟའི་བཀའ་སྤྱི་གཉིས་ཀ་བཅའ་ཁྲིམས་དང་སྒྲིག་གཞི་གང་ལའང་མ་ལྟོས་པར། རྒྱལ་བའི་བཀའ་གསུང་ཉག་གཅིག་ལ་བསྟེན་ནས་བྱུང་བ་རེད་ཅེས། ཁ་གསལ་གཏིང་གསལ་བྱས་ནས་བཤད་ཡོད་པ་དེ་རེད། དེའི་ཕྱིར་མི་མང་གིས་དམ་བཅའ་ཕུལ་མེད་པའི་འདེམས་ཐོན་སྲིད་སྐྱོང་ཟེར་བ་དང་། ལྷ་ཆོས་སྐྱོང་སྲུང་མས་ཡང་འགོ་པ་ཞེས་འབོད་པ་སོགས་རྒྱུ་མཚན་མེད་པ་ཞིག་གཏན་ནས་མིན། ང་ཚོ་ལ་ཨ་རི་དང་རྒྱ་གར་ནང་བཞིན་གྱི་དམངས་གཙོ་ཚད་ལྡན་དང་། ཁྲིམས་དང་སྒྲིག་ལས་བྱུང་བའི་ཡིད་ཆེས་བློ་གཏད་ཆོག་པའི་གཞུང་ཞིག་མེད་པས། ད་ལྟ་ཡང་ཁྲིམས་སྲོལ་དང་སྒྲིག་གཞི་གང་ཡང་མེད་པའི་ཐོག་ནས། དཔྱ་ཁྲལ་སྦར་འཆར་དང་། མི་འབོར་ཞིབ་བཤེར་ཟེར་བའི་བཙན་པོ་དབང་ཤེད་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་འདི་རེད། མི་རིང་བར་ ༢༠༡༦ ལོའི་སྤེན་ཚེའི་འོས་བསྡུའི་དྲིལ་བསྒྲགས་ལྟར། ཕྱི་རྒྱལ་དུ་བཞུགས་པའི་གཞིས་ཆགས་ཁག་གི་ས་ཆ་ཡང་བསྡུ་ལེན་བྱེད་འཆར་རེད་ཅེས་ཟེར་གྲགས།
བཙན་བྱོལ་བོད་མི་རྣམས་ཕྱི་སྡོད་རྒྱ་མི་བཟོ་འདོད་ཡིན་ནམ།
ད་རེས་ལས་འགུལ་དེ་ནི་མགོ་ན་ཨོཾ་མེད་ཅིང་རྔ་མ་ན་ཧཱུཾ་མེད་པར་གློ་བུར་དུ་སྤེལ་བ་ཅིག་མ་ཡིན་པར། སྤེན་ཚེས་གྲོས་ཚོགས་ནང་འཆར་གཞི་དང་ལྡན་པའི་སྒོ་ནས།བཀའ་ཤག་སྔོན་མས་མི་འབོར་ཞིབ་བཤེར་ཚགས་ཚུད་པོ་བྱུང་མེད་པས། ཁོས་མི་འབོར་ཞིབ་བཤེར་མིན། མི་གྲངས་གཅིག་པོ་ཤེས་ཆེད་དུ་གྲངས་མཛོད་ཅིག་བཟོ་དགོས་ཡོད་མདོག་མདོག་བཤད་སོང་ཟེར། སྐབས་དེར་སྤྱི་འཐུས་ཁག་ཅིག་གིས་ལས་འགུལ་དེ་ནི། ༢༠༢༥ ལོའི་འོས་བསྡུ་ལ་དོ་ཕོག་གཏོང་ཐབས་ཤིག་ཡིན་པས་དོགས་འདྲི་བྱས་ཡོད་པ་ནི་དོན་ལ་གནས་པ་ཞིག་རེད་འདུག གལ་ཏེ་ ༢༠༡༨ ལོར་གྲངས་བཤེར་ཚགས་ཚུད་པོ་བྱུང་མེད་པ་ཡིན་ན་མ་འོངས་ ༢༠༢༨ གྱི་གྲངས་བཤེར་ཐད་ལམ་སྟོན་གནང་དགོས་པ་ལས། དུས་ཚོད་ལ་མ་བསླེབ་གོང་ནས་ཛ་དྲག་གྱི་ལས་འགུལ་ཞིག་སྤེལ་དགོས་དོན་མེད་པ་ལྟ་བུ་རེད།
སྒེར་གྱི་ཁེ་བཟང་ལས་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་མི་གཏོང་མཁན་འགོ་པ་སྤེན་པ་ཚེ་རིང་དང་། དེའི་ཨབ་ཕྲུག་རྒྱ་ཁྱི་རྔ་མ་ཅན་ཡོངས་གྲགས་སུ་དར་ནག་ཚོགས་པ་དང་དབུ་ལམ་ཚོགས་པ་ཟེར་བ་འདི་ཚོས། མི་འབོར་ཞིབ་བཤེར་ཐེངས་བཞི་པ་ཡིན་ཟེར་བའི་ལས་འགུལ་ཞིག་སྤེལ་འདུག་པ་དེ་ནི། རྒྱ་ནག་གིས་ ༢༠༢༠ ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་མྱུལ་ཞིབ་བམ། མི་དམངས་གསང་བ་སྔོག་བཤེར་ཐེངས་བདུན་པ་བྱས་མ་ཐག་རེད་འདུག་པས། སྤེན་ཚེས་”ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་རྒྱ་གཞུང་དང་གྲོས་མོལ་བྱེད་དགོས། ད་ལྟ་བོད་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་པ་རེད་”ཟེར་བའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་སྲིད་ཇུས་ལྟར། བཙན་བྱོལ་བོད་མི་རྣམས་ཕྱི་སྡོད་རྒྱ་མིའི་ངོ་བོའི་སྒོ་ནས། རྒྱ་ནག་གཞུང་ལ་གནས་ཚུལ་ཞིབ་ཕྲ་ཁ་སྣོན་རྩིས་སྤྲོད་ཞུས་ཏེ། ཡུལ་གྱར་བོད་མི་རྒྱ་མི་བཟོ་འདོད་པ་ཡིན་དང་། ཡང་ན་མི་སྒེར་གྱི་གནས་ཚུལ་གསང་བ་ནག་ཚོང་བྱས་ནས་རིན་གོང་ཆེན་པོ་ལེན་རྩིས་ཡིན། ༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་སྐོར་དང་། བོད་རྒྱ་གྲོས་མོལ་སྐོར། བཙན་བྱོལ་བོད་མིའི་གནས་སྟངས་སོགས་རྒྱ་ནག་ལ་ལྐོག་འཚོང་བྱེད་རྒྱུ་ནི། སྤེན་ཚེ་ཕྱོགས་གཏོགས་དང་བཅས་པ་ལ་མཚོན་ན་ཚོང་ར་ཆེན་པོ་ཞིག་ཡིན་སྲིད་པས། མ་རྩ་མི་དགོས་པའི་ཚོང་ཁེ་ཆེན་པོ་ཞིག་རག་ན་འདི་ཚོ་ལ་ལས་རྒྱུ་འབྲས་ནི་མེད། ༢༠༡༧ ལོར་དོན་གཅོད་འཕོ་འགྱུར་བཏང་རྗེས། སྤེན་ཚེས་”སྒོ་གཅིག་བརྒྱབས་ན་སྒོ་བཅུ་ཕྱེ་ཡོང་གི་རེད་”ཟེར་བ་སོགས་ཁ་བཤད་དང་ལག་ལེན་གཉིས་ར་འཕྲོད་བྱུང་བ་མིན་ནམ།
ཆོས་འཐུས་མེད་པ་བཟོ་ཐབས་ཀྱི་སྲིད་ཇུས་གསར་བ།
ཕྱི་ཟླ་ ༠༨ པའི་ཕྱི་ཚེས་ ༠༤ ཉིན་ནང་སྲིད་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ནས་”ད་ལྟ་མི་འབོར་ཞིབ་བཤེར་གྱི་ནང་དུ་ཆོས་རྒྱུད་གང་ཡིན་ངེས་པར་དུ་འབྲི་དགོས་དོན་ནི། བཀའ་ཤག་སྐབས་བཅུ་དྲུག་པའི་དགོངས་དོན་བཞིན་མ་འོངས་པར་བཅའ་ཁྲིམས་ལ་འགྱུར་བ་ཕྱིན་བྱས། སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་འོས་ཤོག་བཅུ་གཉིས་རེ་འཕེན་ཆོག་པ་བཟོས་ནས། ཆོས་རྒྱུད་ཀྱི་སྤྱི་འཐུས་ལ་སྐྱ་སེར་གཉིས་ཀས་འོས་ཤོག་མཉམ་དུ་འཕེན་ཆེད་དུ་རེད་”ཅེས་འགྲེལ་བཤད་བརྒྱབ་སོང་། སྤེན་ཚེ་བཀའ་ཤག་གིས་གྲོས་ཚོགས་ནང་བཅའ་ཁྲིམས་ལ་འགྱུར་བ་བཏང་ནས། ཆོས་འཐུས་མེད་པ་བཟོ་ཐབས་བྱེད་རྒྱུ་དང་། གལ་ཏེ་མེད་པ་བཟོ་མ་ཐུབ་ན་མི་སྐྱ་ལ་གྲྭ་བ་དང་འདྲ་བའི་འོས་ཤོག་ཐོབ་ཐང་སྤྲད་ནས། སྐྱ་སེར་དབྱེར་མེད་ཐོག་ནས་ཆོས་འཐུས་རྣམས་མི་སྐྱ་ཤ་སྟག་བཟོ་ཐབས་ཡིན་པ་གསལ་པོ་རེད།
ད་ལྟ་ནས་སྤེན་ཚེ་གར་འགྲོ་ས་ལ་ཆོས་རྒྱུད་སྤྱི་འཐུས་ཚོས་མ་འགྲིག་པ་དང་། སེར་མོ་སྤྱི་འཐུས་ཚོས་ཁྱིམ་པ་སུན་འབྱིན་བྱེད་ཀྱི་ཡོད་མདོག་རྐྱང་བཤད་པ་ལྟར། ཁོ་ཡི་རྒྱབ་སྐྱོར་པ་ཚོས་ཡང་སྔོན་མ་མི་སྐྱ་ཆོས་རྒྱུད་སྤྱི་འཐུས་ཚོ་དཔེར་དྲངས་ནས། མི་སྐྱ་ཆོས་རྒྱུད་སྤྱི་འཐུས་ལ་འོས་བབ་ཡོད་མདོག་བཤད་ཀྱི་འདུག་པ་དེ་རེད།
གལ་ཏེ་ད་ལྟ་ནས་ཆབ་སྲིད་ཀྱི་ཀུན་སློང་ངན་པ་ཁུར་ནས་ལས་འགུལ་འདི་འདྲ་སྤེལ་བ་ཡིན་ན། འོས་བསྡུའི་ཆེད་དུ་ཆོས་བརྒྱུད་དང་ཆོས་རྒྱུད་པ་རྫུན་མ་མང་པོ་བཟོ་ངེས་ཤིང་། དེ་ཚོས་ཆོས་རྒྱུད་སྤྱི་འཐུས་ཆབ་སྲིད་ཀྱི་ལག་ཆར་བཀོལ་རྒྱུ་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད། དེ་སྔོན་དབུ་ལམ་པ་མང་པོ་རང་བཙན་པར་བརྫུས་ཏེ་གཞོན་ལྷན་ནང་འཛུལ་ནས། གཞོན་ལྷན་དབུས་སའི་བར་དཀྲུག་ཤིང་བརྒྱབ་ཏེ་ས་གནས་ཁག་མང་པོ་ཁ་འཐོར་ལ་བཏང་བ་རེད། སྐབས་དེ་དུས་ཡང་རྒྱུགས་ཁྱི་འདས་པོ་འཕྲིན་ལས་སྐལ་བཟང་སོགས་དང་། ལྐོག་ཇུས་འཐེན་མཁན་གཙོ་བོ་ཞིག་ནི་ཚོགས་གཙོ་སྤེན་པ་ཚེ་རིང་ཁོ་ཡིན་པ་ཡོངས་གྲགས་རེད། དེ་ནས་ཆོས་བརྒྱུད་ངོས་འཛིན་གྱི་ལག་ཁྱེར་(LINEAGE IDENTITY CARD) ཟེར་བ་ཅིག་བཟོ་དགོས་ཐུག་གྱི་རེད་ལ། དེ་ནི་དགོན་སྡེ་ཁག་དང་སྤྱི་ཚོགས་ལ་དཀའ་ངལ་འཕར་མ་ཞིག་ཡིན་པ་བཤད་ག་ལ་དགོས།
སྤེན་ཚེ་བཀའ་ཤག་གིས་མི་འབོར་གྲངས་བཤེར་འགེངས་ཤོག་བཀང་ཕྱོགས་དང་འབྲེལ་བའི་རྩ་བའི་ལམ་སྟོན་ཟེར་བའི་དོན་ཚན་གཉིས་པར། “དྭངས་བླང་དཔྱ་དེབ་མིག་སྟོན་ཞུ་རྒྱུ་ཡོད་མེད་ལ་མ་ལྟོས་པར། བོད་མི་མ་ཡིན་པ་རྣམས་མི་འབོར་གྲངས་བཤེར་འགེངས་ཤོག་བཀང་མི་ཆོག་”ཅེས་བྲིས་འདུག དེ་ནི་ལོས་བདེན་ཏེ། སྤེན་ཚེས་གསལ་གསལ་ཐང་ཐང་ཧ་གོ་བ་ལྟར། སྔོན་ཆད་ཁོ་རང་སྤྱི་འཐུས་ཚོགས་གཙོ་ཡིན་སྐབས། ནེའུ་ཡོག་ཏུ་ཚེ་འདས་འཕྲིན་ལས་སྐལ་བཟང་གིས་ཤར་པ་དང་། ཡོལ་མོ། གློ་བ་སོགས་བལ་ཁོངས་ས་མཚམས་ཀྱི་མི་མང་པོ་ཞིག་ལ་རང་དབང་ལག་དེབ་བཟོས་པ་རེད་ཟེར་ལ། འཕྲིན་སྐལ་ལ་ངན་པ་ལག་འབྲེལ་བྱེད་མཁན་དང་ཕུགས་འདུག་གཏེ་བོ་སྤེན་པ་ཚེ་རིང་རེད་ཟེར་བ་སོགས་ལ་བདེན་དཔང་བྱས་པ་ལྟ་བུ་ཞིག་མིན་ནམ། དེ་མིན་བོད་པ་མིན་པ་ཞིག་གིས་བོད་པའི་དཔྱ་ཁྲལ་ལག་དེབ་འཁུར་ཡོད་པ་སུས་མཁྱེན་པ་རེད། སྐབས་དེར་སྤེན་ཚེས་འདས་པོ་འཕྲིན་ལས་སྐལ་བཟང་ལགས། རྒྱ་རི་སྒྲོལ་མ་དང་། མདོ་སྨད་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་སོགས་ལ་ངོ་སྤྲོད་ཡང་བྱེད་མྱོང་ཡོད་པ་རེད་ཟེར་བ་གོ་ཐོས་ཡོད།
ད་ལོ་ ༢༠༢༢ ལོའི་མི་འབོར་ཞིབ་བཤེར་གྱི་ལས་འགུལ་དེ་ནི། ༢༠༡༧ ལོའི་སྤེན་ཚེའི་ཨ་སྒོར་ ༠༥ ཡི་ཚད་གཞི་ལས་བརྒལ་ཏེ། དཔྱ་ཁྲལ་ལག་དེབ་གསར་རྙིང་གི་ཞིབ་བཤེར་དང་། ཆོས་རྒྱུད་དང་ཆོས་ལུགས་གང་ཡིན་གྱི་ཞིབ་བཤེར། ཆོལ་ལུང་ཁུངས་གཏུགས་ཀྱི་ཞིབ་བཤེར། གནས་ཡུལ་རྒྱལ་ཁབ་ཀྱི་དཔང་རྟགས་ཞིབ་བཤེར། གནས་སྡོད་དང་གཏན་སྡོད་ཀྱི་ཁ་བྱང་ཞིབ་བཤེར། ནང་མིའི་འབྲེལ་ཡོད་ཡིག་ཆ་མིག་སྟོན་གྱི་ཞིབ་བཤེར། ཡོང་འབབ་འདོད་བློ་ཁོངས་མིན་གྱི་ཞིབ་བཤེར་སོགས་ (CENSUS) མི་འབོར་གྲངས་བཤེར་གྱི་ས་མཚམས་ལས་ཡོངས་སུ་བརྒལ་ཏེ། (INVESTIGATION) རྟོག་ཞིབ་སྔོག་བཤེར་གྱི་གནད་དོན་རང་ཆགས་འདུག་པས་ཧ་ཅང་ཉེན་ཁ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་། དཔེར་ན་རྒྱ་མིའི་མི་འབོར་ཞིབ་བཤེར་ཟེར་བ་དེ་ནི། མི་སྒེར་བ་དང་ཁྱིམ་ཚང་གི་འགྲོ་འདུག་ལས་གསུམ་དང་། འཚོ་བའི་ཆ་རྐྱེན་སོགས་ཆ་ཚང་ཉེན་རྟོག་པའི་ལས་ཁུངས་དང་། དམར་གཞུང་གི་ལས་ཁུངས་ནང་ཉར་ཚགས་བྱས་ནས། ལྟ་རྟོག་བྱ་ཆོག་ཆོག་དང་འཛིན་བཟུང་བྱ་ཆོག་ཆོག་བྱས་ནས་བསྡད་ཡོད་པ་རེད་འདུག །བཙན་བྱོལ་བོད་མི་ཚོའི་སྒེར་གྱི་གནས་ཚུལ་ཆ་ཚང་རྒྱ་གཞུང་ལ་རག་པ་ཡིན་ན། རྒྱ་མིས་གཞིས་ཆགས་ཁག་ནང་ལས་སླ་པོར་ལག་པ་འཆང་ཐུབ་པ་དང་། བོད་ནས་བསླེབས་པའི་བོད་མི་དེ་ཚོའི་ནང་མིར་ཡང་ལས་སླ་པོར་དཀའ་ངལ་སྤྲད་ཐུབ་ཀྱི་ཡོད་པ་རེད།
བ་མོ་བཞོ་འདོད་རེད་དམ་པགས་པ་བཤུ་འདོད་རེད།
ད་ཐེངས་མི་ཁག་ཅིག་གིས་ལས་འགུལ་དེ་མི་འབོར་ཞིབ་བཤེར་དངོས་གནས་ཡིན་མིན་ཧ་མི་གོ་བར། འགེངས་ཤོག་དེ་འགྲིག་གི་ཡོད་མེད་སྐོར་བཤད་ཀྱི་འདུག་མོད། ལས་འགུལ་དེའི་རྒྱལ་ལྗོངས་མ་རྟོགས་བར་དུ་འགེངས་ཤོག་ཙམ་ཞིག་འགྲིག་གི་ཡོད་མེད་སྐོར་བཤད་ནས་བསྡད་ན་ག་ལ་འགྲིག །མ་འོངས་པར་ ༢༠༢༨ ལོར་མི་འབོར་ཞིབ་བཤེར་དངོས་གནས་བྱེད་སྐབས། འགེངས་ཤོག་རེའུ་མིག་འགྲིག་གི་ཡོད་མེད་སྐོར་ལ་བསམ་ཚུལ་རེ་བཤད་ཐུབ་པ་ཡིན་ན། དེ་ནས་དངོས་གནས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཤིག་ཡོང་གི་ཡོད་རེད།
༢༠༡༨ ལོར་བློ་སེང་གིས་མི་འབོར་ཞིབ་བཤེར་སྐོར་ལ་གསལ་བཤད་ཅིག་བྱས་སོང་། ཁོས་གྲངས་བཤེར་གལ་ཆེན་པོ་ཡིན་པ་དང་ཞིབ་བཤེར་མ་ཐུབ་ནའང་འགྲིག་གི་ཡོད་པ་འདྲ་པོ་བཤད་སོང་། དཔེར་ན་དྲི་བ་མང་པོ་ཡོད་པ་ཆ་ཚང་དགང་མ་ཐུབ་ན་འགྲིག་གི་རེད། ཡིན་ན་ཡང་། སོ་སོའི་ལས་གནས་ཀྱི་ཁ་ཕྱོགས་ཧ་གོ་ན། མ་འོངས་པར་བོད་མིའི་ལས་གནས་ཁ་ཕྱོགས་དང་། ང་ཚོའི་སྲིད་ཇུས་འཛིན་ཕྱོགས་ཐོག་ཕན་ཐོགས་ཡོང་གི་རེད་ཟེར། སྤེན་ཚེས་སྔ་ཕྱིར་སྤེལ་བའི་མི་སྒེར་རྟོག་བཤེར་གྱི་ལས་འགུལ་དེ་ནི། བ་མོ་བཞོ་འདོད་མིན་པར་པགས་པ་བཤུ་འདོད་ཟེར་བ་ལྟར། སྤེན་ཚེའི་མི་འབོར་ཞིབ་བཤེར་ནི་བཙན་བྱོལ་བོད་མི་རྣམས་ལ་ཕན་ཐོགས་ཆེད་མ་ཡིན་པར། དེ་ལས་ལྡོག་སྟེ་ཉམ་ཆུང་སྐྱབས་བཅོལ་བའི་སྤྱི་ཚོགས་ནང་ལ་དཀའ་ངལ་འཕར་མ་དང་། རྙོག་མ་གཏིང་སློང་ཞིག་བྱ་རྒྱུ་ཡིན་པ་དེ་རེད། དང་བླང་དཔྱ་ཁྲལ་གྱི་མ་དངུལ་སྦར་འཆར་དང་། དཔྱ་ཁྲལ་མ་སྤྲད་པའི་རིགས་ལ་དཀའ་ངལ་སྤྲོད་ཐབས། མི་སྒེར་གྱི་གསང་བ་སྔོག་ཐབས་བྱེད་པ་སོགས། ད་ལྟ་ནས་འགོ་བཙུགས་ཏེ་རྒྱ་གར་ནང་ (IC)དེབ་སེར་པོ་ (RENEW) བསྐྱར་གསོ་བྱེད་པ་ལ། ཆ་རྐྱེན་དཔྱ་ཁྲལ་མ་དངུལ་སྤྲད་མེད་ན་བསྐྱར་བཟོ་བྱེད་མི་ཐུབ་པ་བཟོས་ཚར་འདུག་ཟེར་བས། གཞིས་ཆགས་བོད་མི་ཉམ་ཆུང་དེབ་སེར་པོ་རང་འཁུར་མཁན་ཚོ་སྙིང་རེ་རྗེ། དཀའ་ངལ་སྒང་ལ་དཀའ་ངལ་འཕར་མ་རེད།
ཤ་ཚའི་མཐའ་སྡོམ་གྱི་རྩ་གནད།
མདོར་ན་ད་ཐེངས་གྲངས་བཤེར་མིང་ཐོ་འགོད་མཁན་ཚོའི་རང་རང་གི་ཁ་རྗེ་དབང་ཐང་དང་། སྒེར་གྱི་གསང་བ་་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཤོར་ཉེན་ཡོད་པ་དང་། རྒྱ་བལ་འབྲུག་གསུམ་ཙམ་མ་ཡིན་པར། ནུབ་ཕྱོགས་ཡུལ་གྲུ་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་རྒྱ་གཞུང་གི་སྟངས་འཛིན་འོག་ལ་ཚུད་ཉེན་ཡོད་པ། མ་འོངས་འོས་བསྡུའི་སྐབས་སུ་ཆོས་རྒྱུད་སྤྱི་འཐུས་སྐོར་ལ་རྙོག་དྲ་ཆེན་པོ་ལང་རྒྱུ་ཡིན་པ། བོན་པོ་རྫུན་མ། རྙིང་མ་པ་རྫུན་མ། ས་སྐྱ་པ་རྫུན་མ། བཀའ་རྒྱུད་པ་རྫུན་མ་དང་དགེ་ལུགས་པ་རྫུན་མ་སོགས། ཆབ་སྲིད་ནག་པོ་འཁྲབ་མཁན་ཚོས་ཆོས་ལུགས་དང་ཆོས་བརྒྱུད་བར་ལ་འཁྲབ་སྟོན་བྱེད་སྤྱད་ཡིན་པ། ཆོས་མེད་སྨྲ་བ་དང་ཆོས་ལུགས་རིས་མེད། ཁ་ཆེ་དང་ཡེ་ཤུ་སོགས་ལ་བཙན་བྱོལ་བོད་མིའི་མི་ཁོངས་ནང་འདྲ་མཉམ་གྱི་ཐོབ་ཐང་མེད་པ། གྲོས་ཚོགས་ནང་སྤེན་ཚེ་བཀའ་ཤག་གི་དགོངས་དོན་ལྟར། ཆོས་འཐུས་ལ་སྐྱ་སེར་དབྱེར་མེད་ཀྱི་བཅའ་ཁྲིམས་འགྱུར་བ་གཏོང་ཕྱོགས་སྐོར་ལ་རྩོད་གླེང་ཆེན་པོ་ཤོར་རྒྱུ་ཡིན་པ། དཔྱ་ཁྲལ་ལག་དེབ་ཀྱི་གསོག་དངུལ་སྦར་ནས་གཞིས་ཆགས་ནང་གི་རྒན་ཁོག་རྣམས་དང་། གྲྭ་བཙུན་སློབ་སྦྱོང་བ་རྣམས་ལ་དམིགས་བསལ་དཀའ་ངལ་འཕར་མ་བཟོ་རྒྱུ་ཡིན་པ། ༢༠༢༨ ལོར་ཡང་བསྐྱར་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ཐེངས་བཞི་པ་འགྲོ་དགོས་ངེས་ཡིན་པས། ཤི་གསོན་གཉིས་ཀྱི་ཤ་ཁྲག་གི་རིན་འབབ། སྐྱབས་བཅོལ་བོད་མིའི་རོགས་དངུལ་རྣམས་དོན་མེད་འཕྲོ་བརླག་ཏུ་གཏོང་བ་སོགས་ལ་བལྟས་ནས། ད་ནི་བཙན་བྱོལ་མི་མང་གིས་རང་དོན་རང་གཅེས་དང་རང་མགོ་རང་ཐོན་ཞིག་མ་བྱས་ན། སྤེན་ཚེ་བཀའ་ཤག་གིས་ནི་དཀའ་ངལ་གྱི་རྒྱ་མཚོ་བསྲུབ་ཅིང་མེད་མུག་གྱི་ཁུག་སྟོང་འཁུར་ནས། བཙན་བྱོལ་བོད་མི་རྣམས་ལ་ལོ་ངོ་དྲུག་ཅུ་ལྷག་རིང་བྱུང་མ་མྱོང་བའི་དཀའ་ངལ་ཞིག་བཟོ་རྒྱུ་ཡིན་པ་དེ་ནི། ༢༠༢༡ ལོའི་ཟླ་བ་ ༠༥ པའི་ཚེས་ ༢༧ ཉིན་ནས་བཟུང་ད་བར་གྱི་སྤེན་ཚེའི་རང་ལྟ་མཆོག་འཛིན་དང་། མི་གཅིག་རིང་ལུགས་ཀྱི་ལས་ཀ་བྱེད་སྟངས་ལས་ཤེས་ཐུབ་ཀྱི་འདུག་གོ །། །།
༢༠༢༢ ལོའི་ཟླ་བ་ ༠༨ པའི་ཚེས་ ༠༨ ཉིན་ཉག་རོང་དོན་གྲུབ་ནས་བྲིས།
བཀྲ་ཤིས་བདེ་ལེགས། གསལ་བཤད་འགའ་ཤས་ཞིག་ཞུ་སྙིང་འདོད། ༡༽
ཆོས་བརྒྱུད་སྤྱི་འཐུས་སྔ་་མོ་མང་ཆེ་བ་མི་སྐྱ་རེད།
༢༽ མི་འབོར་གྲངས་གཤེར་འཛམ་གླིང་གི་ལུགས་སྲོལ་རེད་ལ་ཆོས་ལུགས་གྲངས་ཀ་ཡང་དེ་བཞིན་རེད། དེ་མིན་ན་བོད་པ་ནང་ཕྱི་ལོ་༡༩༥༩ ནས་ད་བར་མི་བོར་ས་ཡ་དྲུག་རེད།