པདྨ་ཚེ་དབང་ཤཱསྟྲི
དེང་སང་ཡུལ་གྲུ་མང་པོས།།
ཞི་ཇིན་པིང་ལ་འཇིགས་ཏེ།།
ཁ་གཏད་གཅོག་རྒྱུ་ཕར་ཞག །
ཁ་བསྒྲགས་མི་ཕོད་སྐབས་འདིར།།
འཛམ་གླིང་ཤར་ནུབ་གང་སའི།།
གཞུང་སྒེར་སྒྲིག་འཛུགས་དུ་མས།།
ཚོང་དང་དངུལ་དངོས་དོན་དུ།།
རྒྱ་ལ་སྤྲེལ་ལད་འཁྲབ་དུས།།
ཞི་ཡིས་བྷཡེ་ཌན་མཆོག་ལ།།
མེ་ལ་རྩེད་མོ་རྩེས་ན།།
རང་ཉིད་འཚིག་པའི་རྒྱུ་རེད།།
ཅེས་པའི་སྡིགས་ར་བསྐུལ་ཡོད།།
རྒྱ་ནག་འགོ་ཁྲིད་དང་ནི།།
མགྲིན་ཚབ་ཡ་མ་ཟུང་གིས།།
མཇུག་འབྲས་བསམ་ཡུལ་འདས་པ།།
ཡོང་རྒྱུའི་ཉེན་བརྡ་བཏང་ཡང་།།
རྒྱ་ནག་གཞུང་གི་སྡིགས་ར།།
རྣ་རྒྱབ་ལྷགས་པར་རྩིས་ཏེ།།
ལྕམ་སྐུ་ནེན་སི་ལགས་ཀྱིས།།
རང་དབང་མང་གཙོ་དང་ནི།།
སྐྱེ་འགྲོའི་ཐོབ་ཐང་ཆེད་དུ།།
ཉེན་ཚབས་གདོང་ལེན་གནང་སྟེ།།
འཇིགས་ཞུམ་བག་ཚ་མེད་པར།།
ཐེ་ཝན་ཡུལ་དུ་ཕེབས་སོང་།།
འཇིགས་བྲལ་སྒལ་ཚིགས་ལྡན་ལ།།
ཞུམ་མེད་སྙིང་སྟོབས་ཅན་མ།།
ལྕམ་སྐུ་ནན་སི་འདྲ་བའི།།
འགོ་ཁྲིད་གླིང་འདིར་དཀོན་པ།།
ལྷ་ལ་ལྷ་ཟེར་ཕོད་པ།།
འདྲེ་ལ་འདྲེ་ཟེར་ཕོད་མཁན།།
ངོ་བསྟོད་སྤྲེལ་ལད་སྤངས་པའི།།
འགོ་ཁྲིད་གླིང་འདིར་དཀོན་པ།།
ལྷག་པར་བོད་ཀྱི་དོན་དུ།།
ལྷག་བསམ་འགྱུར་བ་མེད་པར།།
ལོ་མང་སྐུ་ངལ་སྐྱོན་སྟངས།།
ངང་ཚུལ་དེ་ལ་བསམས་ན།།
རང་ཅག་བོད་མི་ཡོངས་ནས།།
ཁོང་ལ་ཐུགས་རྗེ་ལེགས་འབུལ།།
ཞུ་རྒྱུའི་དུས་ལ་བབས་པ།།
བདག་ནི་འདི་ལྟར་དྲན་ནོ།།
པདྨ་ཚེ་དབང་ཤཱསྟྲིས་ཕྱི་ལོ་༢༠༢༢ ཟླ་༨ ཚེས་༨ ལ།