ཨ་སྐྱབས་རྒྱལ་སྲས།
དབྱིངས་རིག་མི་ཤིགས་ཟུང་འཇུག་རང་རྩལ་ལས།།
སྣ་ཚོགས་སྒྱུ་མའི་རོལ་གར་མཛད་པ་པོ།།
མཁྱེན་བརྩེ་ཉི་ཟླའི་འོད་སྣང་བོད་ལ་བྲིན།།
བཀའ་དྲིན་འཁོར་མཐའ་མེད་པ་ཐོད་ཕྲེང་རྩལ།།
མི་འགྱུར་དད་འདུན་ཏིང་འཛིན་རྩེ་གཅིག་གིས།།
ངག་རིག་སྙན་པོར་མཉམ་པར་བཞག་པའི་མཐུས།།
མ་བཅོས་སེམས་ཀྱི་དཔལ་དུ་ཤར་བ་ཡིས།།
རང་བྱུང་དབྱངས་ཀྱི་དཀྱིལ་འཁོར་འདིར་ཕྱེ་ན།།
རྒྱལ་ཀུན་ཉི་མའི་ཡེ་ཤེས་དཔག་མེད་མཛོད།།
ཡོན་ཏན་འོད་སྣང་སྒྱུ་འཕྲུལ་དྲྭ་བའི་སྤྲིན།།
དག་དང་མ་དག་ཞིང་འདིར་རྡུལ་སྙེད་གྲངས།།
སྣང་བའི་ངོ་མཚར་འཕྲིན་ལས་སུ་ཡིས་དཔག།
སྣང་སྟོང་གར་དུ་རྩེན་པ་གངས་ཆེན་མཚོའི།།
མཉམ་བཞག་སྤོས་ཆུའི་པདྨའི་ཟེའུ་འབྲུའི་རྩེར།།
ཐུགས་ཀྱི་ཞིང་ཁམས་མི་མཇེད་འཇིག་རྟེན་འདིར།།
སྒྲོལ་མའི་བསྐལ་བ་བཟང་པོའི་གྲགས་སྙན་འབར།།
གང་འདིར་འདྲེན་པ་ཐུབ་དབང་ཤཱཀྱའི་ཏོག།
སྐུ་གསུམ་ངོ་བོར་མངོན་སངས་རྒྱས་མ་ཐག།
སྟོང་གསལ་འདུས་མ་བྱས་པའི་རོལ་རྩལ་གར།།
གང་འདུལ་འགྲོ་བའི་མོས་ངོར་ཐ་དད་སྣང་།།
འགྲོ་ཁམས་སེམས་ཀྱི་རྣམ་རྟོག་ཚ་བའི་དབལ།།
ཞི་བསིལ་དམ་ཆོས་བདུད་རྩིའི་བགོ་སྐལ་རེར།།
མཐའ་དང་ཟད་དུ་མེད་ཀྱང་གྲངས་མཛད་ན།།
ཟབ་རྒྱས་མདོ་སྔགས་བསྟན་པ་གཉིས་སུ་བསྔགས།།
བདེན་གསུང་བཀའ་ཡི་ཐེག་གསུམ་ཆོས་འཁོར་དག།
མཁའ་ཁྱབ་ཞིང་འདིར་སྤེལ་བའི་འཕྲིན་ལས་ཅན།།
སྔོན་བྱོན་ལོ་པཎ་མཁས་གྲུབ་ནམ་མཁའི་ཀློང་།།
རང་བྱུང་དབྱངས་ཀྱི་ལང་ཚོས་ཡར་ལ་བསྟོད།།
ཐུབ་བསྟན་བསིལ་ལྡན་གངས་ཅན་བོད་ལྗོངས་སུ།།
མཁན་སློབ་ཆོས་གསུམ་འཛོམས་པའི་རྟེན་འབྲེལ་ལས།།
མདོ་སྔགས་ཟུང་འབྲེལ་བསྟན་པ་རིན་ཆེན་མཛོད།།
ཚང་ལ་མ་ནོར་སྲིད་འདིར་མངོན་པར་མཐོ།།
དེ་ལྟ་ན་འང་གསང་ཆེན་རྡོ་རྗེ་ཐེག།
ཚེ་གཅིག་འོད་སྐུར་གྲོལ་བའི་ཉེ་ལམ་མཆོག།
འཛིན་སྐྱོང་སྤེལ་བའི་འཕྲིན་ལས་འོད་དཀར་ཅན།།
ཆོ༵ས་དབྱི༵ངས་ར༵ང་གྲོ༵ལ་སྲིད་པའི་དཔལ་དུ་འཁྲུངས།།
གང་སྐུ་འཛུམ་པའི་ཐུགས་རྗེ་ཟེགས་མའི་ཕྲེང་།།
ཆེ་བ་དྲུག་ལྡན་སྔ་འགྱུར་བསྟན་པའི་བདག།
མཁན་ཆེན་པདྨ༵་བཛྲ༵་སྐུར་སྣང་བ།།
བཀའ་གཏེར་བསྟན་པ་རྒྱ་མཚོའི་མགོན་དུ་ཤར།།
རིགས་ཀྱི་མེ་ཏོག་གསར་བའི་ལང་ཚོ་དང་།།
མཁྱེན་བརྩེ་འོད་སྣང་འཕྲོ་བའི་ཤེས་རབ་སོགས།།
གང་ལ་ལྟོས་ཀྱང་ཡོན་ཏན་དཔག་མེད་ཕྱིར།།
མཁན་ཆེན་སྐུ་ཕྲེང་གསུམ་པའི་ཅོད་པཎ་གསོལ།།
སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི།།
གསེར་ཁྲིར་མངའ་གསོལ་འཇ༵མ་དབྱ༵ངས་མཁྱེ༵ན་བརྩེ༵་སོགས།།
བཀའ་དྲིན་འཁོར་མེད་འཇི༵གས་མེ༵ད་ཡོ༵ན་ཏ༵ན་གྱི།།
ཞབས་པད་བསྟེན་ནས་མདོ་སྔགས་གཞུང་ཀུན་བསླབས།།
གང་སྐུ་མཁྱེན་རབ་ནམ་མཁའ་ཡངས་པའི་ཀློང་།།
མདོ་སྔགས་ཟབ་རྒྱས་ཆོས་ཀུན་གསལ་བར་བཏེགས།།
དེ་ཚེ་མཁས་དང་གྲུབ་པའི་དབང་བོ་ཡིས།།
ཁྱོད་ཀྱི་ཡོན་ཏན་བསྔགས་པའི་བརྗོད་གཞིར་གྱུར།།
སྨིན་གྲོལ་གདམས་ངག་བདུད་རྩིའི་བཅུད་འཐུང་ཏེ།།
རྫོགས་སྨིན་སྦྱངས་པ་རྒྱ་མཚོའི་ཕ་མཐར་གཏུགས།།
དག་རྫོགས་སྨིན་གསུམ་དགོངས་པའི་རྩལ་འབར་ནས།།
མཁས་གྲུབ་གཉིས་ལྡན་སྲིད་ཞིའི་རྒྱན་དུ་གྱུར།།
རྒྱལ་བསྟན་ཉམས་རྒུད་ཕྱིན་པའི་དུས་སུ་འང་།།
མཁས་བཙུན་བཟང་པོའི་ཡོན་ཏན་གཏེར་དུ་བཞུགས།།
དེའི་ཕྱིར་ཡང་དར་བསྟན་པའི་རིག་གཞུང་སོགས།།
སླར་གསོ་ཉི་མ་གཞོན་ནུ་ཁྱོད་མིན་སུ།།
མཁས་པའི་འབྱུང་གནས་མདོ་ཁམས་ཤར་ཕྱོགས་སུ།།
ལྔ་རིག་སློབ་གླིང་ཤྲཱི་སེང་ཆོས་གྲྭ་གསོས།།
སྡེ་སྣོད་འཛིན་པ་སྟོང་ཕྲག་བསྐྱེད་བསྲིངས་ནས།།
གཞི་གསུམ་ཕྱག་བཞེས་བཙུགས་པ་ཁྱོད་ཀྱི་དྲིན།།
ཆེ་བ་དྲུག་ལྡན་སྔ་འགྱུར་རྙིང་མ་བ།།
མདོ་སྒྱུ་སེམས་གསུམ་བཀའ་གཏེར་ཆུ་བོའི་མཛོད།།
མི་མཇེད་ཞིང་འདིར་སྤེལ་མཁས་འཕྲིན་ལས་ཅན།།
ངེས་དོན་ཆོས་ཀྱི་རྒྱལ་བོ་ཁྱབ་བདག་བསྟོད།།
མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོ་ན།།
ཀུན་རྟོག་ཚ་བས་གདུང་བའི་་ཉམ་ཐག་འགྲོ།
ཁྱོད་ཀྱི་ཞི་བསིལ་དམ་ཆོས་བདུད་རྩི་ཡིས།།
མི་བདེན་སྒྱུ་མའི་ལུས་ལ་བདེ་དགའ་སྦྱིན།།
འཁྲུལ་སྣང་རིགས་དྲུག་འདུས་པའི་རྒྱལ་ཁབ་ན།།
རང་སྣང་བག་ཆགས་གཡོས་པའི་སྡུག་བསྔལ་གྱིས།།
བར་མེད་མནར་བའི་འགྲོ་ཁམས་རྒྱ་མཚོ་དག།
ཁྱོད་གསུང་ཚངས་དབྱངས་གཅིག་གིས་བདེ་ལ་བཀོད།།
བསྐྱེད་རྫོགས་རྫོགས་པའི་གནད་ལ་ཤིན་ཏུ་མཁ༵ས།།
སྡོམ་གསུམ་རྣམ་དག་རང་རྒྱུད་མངའ་བའི་བཙུ༵ན།།
དམིགས་མེད་བརྩེ་ཆེན་འགྲོ་ལ་བརྩོན་པས་བཟ༵ང་།།
ཁྱ༵བ་བད༵ག་རྫོ༵གས་ཆེ༵ན་སྐ༵ལ་བཟ༵ང་ས་ཆེན་རྒྱན།།
འཆ༵ད་ལ་ཐོགགས་མེད་སྤོབས་པའི་གཏེར་ལ་དབང་།།
རྩོ༵ད་ལ་ཕས་རྒོལ་འཇོམས་ལ་གདོང་ལྔ་བཞིན།།
རྩོ༵མ་ལ་གང་བསམ་ལག་པའི་རྩེར་སྨིན་པ།།
དཔྱོད་ཡངས་མཁས་པའི་གཙུག་རྒྱན་ཁྱོད་མིན་སུ།།
ཀ་དག་སྟོང་ཆེན་གཞི་ཀློང་དབྱིངས་ལ་གདོད་ནས་མངོན་པར་སངས་རྒྱས་ཀྱང་།།
རྗེས་ཆགས་འགྲོ་ལ་སྙིང་རྗེ་ཆེན་པོས་གང་འདུལ་གཟུགས་སྐུ་འགགས་པ་མེད།།
ཕུང་ཁམས་སྐྱེ་མཆེད་གཟུགས་སུ་སྣང་ཡང་གཟུང་དང་འཛིན་པ་ཀུན་དང་བྲལ།།
འདི་དང་ཕྱི་མ་བྱང་ཆུབ་བར་དུ་མགོན་པོ་ཁྱོད་བསྟེན་བྱིན་གྱིས་རློབས།།
གང་ཐུགས་ཡེ་ཤེས་ཆོས་སྐུའི་དབྱིངས་སུ་འཁོར་འདས་རོ་མཉམ་གཅིག་ཏུ་རྫོགས།།
རྩལ་སྣང་འགགས་མེད་ལྷུན་གྲུབ་ཀློང་ནས་རབ་འབྱམས་ཞི་ཁྲོའི་སྣང་ཞལ་མཇལ།།
རྩོལ་མེད་རང་བྱུང་རིག་པའི་གཤིས་ལ་སྣང་སྟོང་ཆོས་ཀྱི་ཐ་སྙད་བྲལ།།
རྩོལ་དང་རྟོག་པའི་འཆིང་བ་མེད་ཀྱང་འགྲོ་དོན་ལྷུར་ལེན་ཁྱོད་གཅིག་པུ།།
སྡེ་གསུམ་ཀློང་དགུའི་ཟབ་གསལ་གསང་མཛོད་ཤིན་ཏུ་ཐེག་རྩེའི་རྣལ་འབྱོར་གྱིས།།
ཅོག་བཞག་བཞི་ལྡན་གསང་ལམ་བརྟོལ་ཏེ་འོད་གསལ་ཆོས་སྐུའི་རང་ཞལ་མཇལ།།
སྣང་བཞི་མཐར་ཕྱིན་ཟད་པའི་སར་ཐུག་ཀུན་བཟང་དགོངས་པའི་རྩལ་རྫོགས་པ།།
ངེས་དོན་རྫོ༵གས་ཆེ༵ན་སྐ༵ལ་བཟ༵ང་རྣལ་འབྱོར་འཛམ་གླིང་འཛིན་མའི་ཁྱོན་ལས་རྒྱལ།།
དྲི་མེད་སྡེ་སྣོད་རྒྱ་མཚོའི་གནས་ལ་ཀློག་པ་ཐོས་བསམ་བྱ་བའི་བྲེལ།།
བྱམས་བརྩེ་མ་རྒན་འཁོར་ལས་སྒྲོལ་ཕྱིར་ཉིན་མཚན་དུས་དྲུག་ལས་ལ་བརྩོན།།
མ་བཅོས་རང་བབས་རིག་པའི་ཀློང་ལ་བསམ་གཏན་འོད་གསལ་དམིགས་གཏད་མེད།།
འཁོར་ལོ་གསུམ་གྱི་མཛེས་པའི་བླ་མ་ས་གསུམ་འགྲོ་བའི་གཉེན་དུ་དཔལ།།
དེང་དུས་ལྟ་བའི་སྙིགས་མར་གྱུར་པའི་སེམས་ཅན་སེམས་ཀྱི་གཞན་དབང་ཅན་ཡང་ཁྱོད་ཀྱི་གསུང་།།
ཐོས་པའི་མོད་ལ་བདེན་འཛིན་ཡིད་བྱེད་འཇིག་ལྟའི་རི་བོ་ཉེ་བར་ལེན་བཅས་ཞིག་གྱུར་ཏེ།།
ཆོས་དང་ཆོས་ཅན་གཉིས་ཀའི་ལྟོས་གྲུབ་བསམ་གྱིས་མི་ཁྱབ་ཀ་དག་གདོད་མའི་དབྱིངས་ཞི་ནས།།
གདོད་མའི་རྒྱལ་ས་ཆོས་སྐུའི་ཀློང་དུ་མཐའ་ཡས་འགྲོ་ཁམས་བདེ་མྱུར་གྲོལ་བ་ཉིད་ཀྱི་མཐུ།།
དེ་ཚེ་སེམས་ཀྱི་དྲིལ་ཆུང་སྒྲས།།
གནམ་ས་འགེངས་པའི་སྒྲ་སྒྲོག་པ།།
ཁྱོད་ཀྱི་ཡོན་ཏན་ཟེགས་མ་རེ།།
ཡིད་ལ་སིམ་པའི་རྟགས་སུ་ཤེས།།
གྲུབ་མཐའ་འགལ་འདུའི་བླང་དོར་མེད།།
གྲྭ་བཙུན་ཁྱིམ་པའི་ཕྱོགས་རིས་བྲལ།།
ཁྱོད་ནི་སེམས་དཔའ་ཆེན་པོ་སྟེ།།
ཐར་ལམ་སྟོན་པའི་བླ་མ་ཞིག།
རྩོད་མེད་ཨ་ཏི་འཆད་པའི་གཏེར་ལ་དབང་།།
ཀ་དག་སེམས་ཀྱི་གནས་ལུགས་སྟོན་ལ་མཁས།།
བདེ་ཆེན་ཞིང་གི་ལམ་མཆོག་སྟོན་པ་པོ།།
ཨེ་མ་ངོ་མཚར་ཁྱ༵བ་བད༵ག་རྫོ༵གས་ཆེ༵ན་པ།།
རང་སྣང་རིས་སུ་འཛིན་པའི་ཀུན་རྟོག་མེད།།
དགོངས་གྲངས་བརྒྱད་ཅུར་རྟག་བརྟག་བཞུགས་ཡོད་ཀྱང་།།
འགྲོ་ཁམས་མ་ཟད་ཁྱོད་ཀྱི་སྐུ་ཚེ་ཡང་།།
འཇིགས་མེད་གསེར་ཁྲིར་དམ་ཆོས་འཆད་ལ་དབང་།།
ཁྱོད་ཀྱི་ཡོན་ཏན་ཕ་མཐའ་མི་མངོན་ཡང་།།
མ་དག་ཆུ་བུར་མིག་གིས་མཐོང་སྣང་ལ།།
སྡེ་སྣོད་རིག་པའི་གཞུང་ལུགས་མཚན་བཟང་གྲངས།།
སྲིད་གསུམ་ལྷ་མི་ཡོངས་ཀྱི་མཆོད་སྡོང་ལགས།།
ཀུན་བཟང་དགོངས་པའི་རྩལ་ཆེན་རབ་ཏུ་རྒྱས།།
ཡུལ་སྣང་ཀུན་རྟོག་སྒྱུ་མའི་འཕྲུལ་དུ་གཟིགས།།
རྟོག་ཚོགས་རིག་རྩལ་ཆུ་ཟླའི་སྣང་བར་ཤར།།
རི༵ག་འཛི༵ན་པ༵དྨ་སྐ༵ལ་བཟ༵ང་འགྲོ་བའི་མགོན།།
ཀུན་རྟོག་གཟུང་འཛིན་སྤྲོས་པའི་རྫུན་རིས་རྣམས།།
ཀ་དག་འོད་གསལ་ཆེན་པོའི་དབྱིངས་སུ་ཞི།།
སྙིགས་ལྔའི་རྒུད་པས་མནར་བའི་འགྲོ་བ་ལ།།
རྣམ་དག་བརྩེ་ཆེན་ཐུགས་ཀྱིས་སྐྱོང་མཛོད་ཅིག།
ཡེ་སྟོང་རྩ་བྲལ་ཁྱ༵བ་གདལ་ཆེན་པོའི་ངོར།།
བད༵ག་གཞན་སྤྲོས་པའི་མཚན་མ་ཉེར་ཞི་ཡང་།།
པད༵་མ༵འི་འདབ་ལྟར་ཡངས་པའི་རིག་པ་ལ།།
ཆོས་ཀུན་རྫོགས་པར་ཤར་བ་སྐ༵ལ་བཟ༵ང་དཔལ།།
གང་ཐུགས་མཁྱེན་བརྩེ་ཆུ་འཛིན་གློ༵ག་ཞ༵གས་འཁྲིག།
ཞི་བསིལ་དམ་ཆོས་རྒྱ༵ས་འགྲེ༵ལ་སྦྲང་ཆར་འཇོ།།
ཡེ༵་ཤེ༵ས་མཆོ༵ག་སྩོ༵ལ་གདམས་ངག་བདུད་རྩིའི་ཐིགས།།
ཐར་འདོད་སྐྱེ་དགུའི་དོན་དུ་གུས་པས་བྲིས།།
ཆུ་བཟང་ཁྲི་སྟོང་འདུས་པའི་རྒྱ་མཚོ་ཆེ།།
འབྲི་བརྒྱའི་འོ་མཚོ་དཀྲུགས་པའི་མར་ལོ་གཅེས།།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གཅིག་འདུས་མཆོག།
མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་སྙིང་པོའི་བཅུད།།
གཞུང་ལུགས་གཅིག་ཏུ་འཁྱིལ་བའི་གདམས་པ་ཆེ།།
བདེ་ཆེན་ཞིང་དུ་བགྲོད་པའི་གནམ་འཕུར་གྲུ།།
དཔལ་རིའི་གླིང་དུ་བགྲོད་པའི་གཟེངས་ཀྱི་གྲུ།།
གཡུ་ལོ་བཀོད་དུ་བགྲོད་པའི་གློག་གི་ཞགས།།
འདི་ན་སྲིད་ན་འབྱུང་དཀའི་གསང་སྔགས་བསྟན།།
རྙེད་དཀའ་རྟོགས་ལྡན་བྱིན་རླབས་བླ་མར་མཇལ།།
མོས་གུས་བུ་ཡི་ཐུགས་རྗེའི་བྱིན་རླབས་གཡོས།།
རྟོགས་པ་བཙན་ཐབས་འཕོ་བ་མན་ངག་ལུགས།།
ཐུན་མོང་ཐུན་མིན་སྔོན་འགྲོ་ཆེར་བསྡུས་པ།།
ཤིན་ཏུ་བསྡུས་པ་ཐུགས་རྗེ་གློག་ཞགས་འགྲེལ།།
ས་གསུམ་ལྷ་ཡི་རྒྱལ་རྔ་རྡུང་བརྩོན་པ།།
བློ་ལྡན་སུ་ཞིག་རྣ་བ་འགེབ་པར་བྱེད།།
སུ་ཡིས་ཉན་ན་ཞི་བསིལ་དགེ་བ་སྟེར།།
གང་གིས་ཐོས་ན་མི་ཚེ་དོན་ཡོད་མཛད།།
གང་ཞིག་སྦྱངས་ན་གོམས་པས་རང་ངོ་མཐོང་།།
སུ་དང་གང་ལའང་ཕྱོགས་དང་རིས་ཆད་མེད།།
གངས་རིའི་རྩེ་ནས་ཕ་རྒན་ཏི་སེ་ཡིས།།
གདམས་པའི་ཆུ་བོ་མ་དྲོས་མཚོ་ཆེན་ལས།།
ཡན་ལག་བརྒྱད་ལྡན་ཕྱོགས་བཞིར་ཁ་འབབ་པ།།
བགོ་སྐལ་ལེན་དུ་ཤོག་ཅེས་ངས་མཚམས་སྦྱར།།
བླ་མ་ཚད་མས་དམ་ཆོས་ཚད་མར་སྒྲུབ།།
དམ་ཆོས་ཚད་མས་ཉམས་ལེན་ཚད་མ་བྱས།།
ཉམས་ལེན་ཚད་མས་བྱིན་རླབས་ཚད་མར་གྱུར།།
ཡང་དག་ཚད་མ་འདི་ཀོ་གནད་དུ་འཁུམས།།
འདིར་འབད་ཚེ་རབས་གཏན་གྱི་མ་རྒན་རྣམས།།
དྲིན་ལ་ལན་དུ་འཇལ་བའི་རེ་བ་དང་།།
རྟོགས་ལྡན་བླ་མའི་བྱིན་རླབས་སྙིང་ལ་ཕོག།
འཇམ་དཔལ་སྨྲ་བའི་སེངྒེར་བདག་གྱུར་ཅིག།
འདི་ན་རྡོ་རྗེའི་མཆེད་ཀྱིས་བཀས་བསྐུལ་ཞིང་།།
གང་ཉིད་དགུང་གྲངས་བརྒྱད་ཅུའི་དགའ་སྟོན་དུ།།
བསྟོད་ཚིག་རང་བྱུང་དབྱངས་ཀྱི་རྒྱལ་མོ་མཆོད།།
གུས་བསྟོད་མཆོད་འབུལ་ཨ་སྐྱབས་རྒྱལ་སྲས་ཡིན།།
ཚུལ་འདིར་སྨྲས་པའི་་དགེ་འབྲས་ཅི་མཆིས་པ།།
ཁྱབ་བདག་རྫོགས་ཆེན་བླ་མའི་ཐུགས་བསྐྱེད་དང་།།
འགྲོགས་ནས་ཞི་བསིལ་དམ་པའི་གླིང་ཕྱིན་ཏེ།།
མ་གྱུར་འགྲོ་ལ་དོན་ཆེན་བྱེད་ནུས་ཤོག།
ཅེས་པ་ཁྱབ་བདག་རྫོགས་ཆེན་པ༧པདྨ་སྐལ་བཟང་རིན་པོ་ཆེ་མཆོག་ལ་བསྟོད་པ་རང་བྱུང་དབྱངས་ཀྱི་རྒྱལ་མོ་འདི་སྐུ་ཉིད་དགུང་གྲངས་བརྒྱད་ཅུར་སོན་པའི་དགའ་སྟོན་དུ་སློབ་བུ་ཨ་སྐྱབས་རྒྱལ་སྲས་ནམ་མཁའ་ཀློང་ཡངས་སུ་འབོད་པས་བྲིས་པ་དགེའོ།། །།