གསལ་ལེ་རྒྱལ།
གཅིག
ཕ་མ་གཉིས་ཀ་གྲོངས་རྗེས་ངས་ས་མཐའ་ནས་ཁྱི་རྒན་ཤིན་ཏུ་དྲན།
དབྱར་གནང་གི་སྐབས་སུ་ཆར་བ་སྟོབས་ཀྱིས་བབས་པས་ང་རང་ཕྱི་རོལ་ལ་མ་སོང་། ཡིན་ཡང་ཁྱིམ་ནས་ཙོག་པུར་འདུག་མི་ཐུབ་པ་དེ་ངའི་གོམས་གཤིས་ཡིན། དེ་བས་ངས་རང་ཉིད་ཀྱི་གོམ་སྒྲར་ཉན་བཞིན་བཙོན་མ་ལྟར་ཁྱིམ་ནས་ཕར་འགྲོ་ཚུར་འགྲོ་བྱས། ཉིན་ལ་མཚན་མཐུད་དེ་ཕར་འགྲོ་ཚུར་འགྲོ་བྱས། ལྗིད་ཏིག་ཏིག་གི་གོམ་སྒྲ་དེ་ནི་ངའི་ཕ་དྲིན་ཆེན་པོའི་གོམ་སྒྲ་དང་འདྲ་བ་ངས་དེ་དུས་གཞི་ནས་ཚོར་ཞིང་། ངས་རང་གི་གོམ་སྒྲར་ཉན་བཞིན་མུ་མཐུད་དུ་ལོབས་ཕྱོགས་ལྟར་ཁྱིམ་ནས་ཡར་འགྲོ་མར་འགྲོ་བྱས། ཐག་རིང་ཐག་རིང་ཞིག་ན་ཡོང་བཞིན་པ་དང་འདྲ་བའི་གོམ་སྒྲ་དེས ”ཁྱོད་ཁེར་མོ་ཡིན་ནམ”ཞེས་ནམ་རྒྱུན་བཞིན་ངའི་ཁེར་རྐྱང་གི་འཚོ་བར་ངོ་མཚང་འདྲི་བ་དང་འདྲ་ཡང་། གོམས་ཟིན་པའི་ངོ་མཚང་དེའི་རིགས་ལ་ངས་ཁ་ཡ་བྱེད་ཀྱིན་མེད།
ས་རིབ་ཟིན། ང་ཧ་ཅང་ལྟོག་གིན་འདུག ནམ་ཞིག་ལ་རང་གིས་ཇི་ལྟར་བཟོས་པའང་མ་ཚོར་མོད་ཐུག་པ་སླ་ང་གང་འཐུང་ཆོག་ཆོག་རེད། ང་རང་འབོལ་ཁྲིར་བསྡད་དེ་ནུབ་ཚ་འཐུང་། ང་ལ་ལངས་ནས་འཐུང་བའི་ལུགས་སྲོལ་ཡང་མེད། “ཟ་མ་ལངས་ནས་ཟོས་ན་སྒྱིད་པའི་ནང་ལ་བུད་འགྲོ་བས་ལག་མི་ཆགས”། དེ་ངའི་ཕ་དྲིན་ཆེན་པོའི་བསླབ་བྱ་ཡིན། ནུབ་ཚ་སླ་ང་གང་གིས་ང་རང་འབོལ་ཁྲིར་བཏགས་པས་ངའི་གོམ་སྒྲ་ཡང་ཡལ་ཟིན།
ངས་ཐུག་པ་འཐུང་བཞིན་པའི་སྐབས་དེར་ཆར་ཤུགས་ཇེ་ཆུང་དུ་གྱུར་ནས་ཕྱི་རོལ་ན་ཆར་བ་ལྷོད་ཀྱིས་འབབ་བཞིན་འདུག ཆར་ཤུགས་ཇེ་ཆུང་དུ་གྱུར་བ་དེས་ཐུག་པ་ཁེར་འཐུང་གི་རྔུབ་སྒྲ་ཇེ་གསལ་ནས་ཇེ་གསལ་དུ་བཏང་། ངས་ཐུག་པ་འཐུང་བཞིན་ཞིབ་ཏུ་ཉན་པས་ན་ཐུག་པ་ཁེར་འཐུང་གི་རྔུབ་སྒྲ་དེ་ནི་ངེད་ཚང་གི་ཁྱི་རྒན་གྱིས་ཁྱི་ལྟོ་འཐུང་བའི་སྒྲ་དང་འདྲ། དེ་བས་ངའི་སེམས་ལ་ངེད་ཚང་གི་ཁྱི་རྒན་འཁོར་ཞིང་ཁྱི་རྒན་གྱིས་ངའི་བསམ་གཞིགས་ཁྲིད་དེ་ཕ་ཡུལ་ལ་སོང་།
ཕ་མ་གཉིས་གྲོངས་ཟིན། ཕུ་ནུ་ཚོ་གྲོང་ཁྱེར་ལ་སྤོར་ཟིན། ཕ་ཡུལ་ནི་མཚེར་ཤུལ་ཞིག་རེད། རུ་གྲོང་ཁྱེར་ལ་མ་སྤོར་བའི་སྔོན་ཏག་ཏག་དེར་ཁྱི་རྒན་བོར་སོང་ཟེར། དེ་ད་ཁོ་ཚོས་ང་ལ་རྫུན་བཤད་པ་འདྲ། དྲང་མོར་བཤད་ན་ངེད་ཚང་གི་ཁྱི་རྒན་ད་དུང་མཚེར་ཤུལ་ན་ཡོད་ངེས། ངས་དེ་ལྟར་བསམ་བློ་བཏང་། གལ་ཏེ་ང་ལ་ཕ་ཡུལ་དུ་ལོག་པའི་གོ་སྐབས་ཤིག་ཤར་ཚེ་དང་ཐོག་ངེད་ཚང་གི་མཚེར་ཤུལ་ལ་སོང་ནས་ཕར་ལྟ་ཚུར་ལྟ་ཞིག་བྱེད་དགོས། དེ་ནས་ཕུ་བོའི་རྗེས་སུ་བསྙེགས་ནས་གྲོང་ཁྱེར་ལ་འགྲོ་དགོས། ཚེ་ཐོག་འདིར་ཕ་མ་གཉིས་ལ་ཐུག་པའི་བསོད་ནམས་མེད་སོང་མོད། གཅིག་བྱས་ན་ཁྱི་རྒན་ལ་མཚེར་ཤུལ་ནས་ཡང་བསྐྱར་ཐུག་སྲིད། ངས་དེ་ལྟར་བསམ་བློ་བཏང་། བསམ་བློ་བཏང་ཚར་རྗེས་ངས་ང་རང་ཡར་ལངས་ནས་ཁྱིམ་ན་ཡར་འགྲོ་མར་འགྲོ་བྱེད་བཞིན་པ་ཚོར་བ་མ་ཟད་ང་རང་ཧ་ཅང་ལྟོག་གིན་པའང་ཚོར། ངས་ཞིབ་ཏུ་བལྟས་པ་ན་སླ་ངའི་ཞབས་ན་ཐུག་ལྷག་ཅུང་ཙམ་རུལ་ནས་ལྗང་ནག་ཏུ་གྱུར་བ་མ་ཟད་མཐའ་རུ་བ་སྤུ་མང་བོ་སྐྱེས་འདུག
མུ་འགོད།