ཚངས་དབང་དགེ་འདུན་བསྟན་པ།
དྲ་གྲོགས་སྐོར་ཞིག་གིས་ཉེ་ཆར་བོང་རྫིས་ང་ལ་བཤད་པ་རེད་ཅེས་ཐད་གཏོང་ཡིན་ནམ་གང་ཡིན་བརྙན་ཐུང་ཞིག་བསྐུར་ཐོན་བྱུང་། ངས་ཚར་གཅིག་བལྟས་པ་ཡིན། བརྙན་ཐུང་ནང་གི་ནང་དོན་ནི་དེ་སྔོན་ལོ་བཅོ་ལྔའི་སྔོན་ལ་བོང་རྫི་དང་ངེད་གཉིས་བར་ལ་བྱུང་བའི་རྩོད་གཞི་ཞིག་རེད། ཕར་བལྟས་ཚོད་ཀྱིས་བོང་རྫི་ལ་ཁག་མི་འདུག་བསམ་པ་ཞིག་བཤདའདུག བཤད་སྟངས་མཁས་པོ་རེད། ཡིན་ནའང་། བོང་རྫིའི་སྐད་ཆ་དེས་ཡིག་རྨོངས་པ་སྐོར་ཞིག་དང་། འུར་སྒྲོགས་པ་འགས་བདེན་སྣང་བསམ་ནས་བོང་རྫི་ལ་བསྟོད་གླུ་བླངས་ཡོད་ས་རེད། བོང་རྫིས་ངར་ཆེན་པོ་ལངས་ནས་ང་ལ་དགོངས་དག་ཞུ་དགོས་ཟེར་གིན་འདུག ངས་བརྙན་དེ་མཐོང་རྗེས་མི་འདི་(བོང་རྫི) ཇི་འདྲའི་རྫུན་མ་དང། ཧམ་པ་ཚ་བོ་དང་། གཡོ་སྒྱུ་འཁྲབ་པ་ལ་མཁས་པོ་འདུག་ཨང་བསམ་སོང་།
སྤྱིར་ང་རང་ནི་ལོ་འདི་དག་གི་རིང་ལ་དུས་ཚོད་ཡོད་ཚད་ཙ་མི་ལོ་ཙཱ་བའི་ཉམས་ཞིབ་དང་། ཧི་མ་ལ་ཡའི་སྒྱུ་རྩལ་ཞེས་པའི་དཔེ་ཆ་སྐོར་ཞིག་བྲིས་དང་འབྲི་གིན་ཡོད་པས་བྲེལ་བ་ཆེ་བའི་སྒང་ཡིན། དེའི་ཕྱིར་བོང་རྫིས་ག་རེ་ལབ་ཀིན་ཡོད་པ་དང་། བོང་རྫིའི་རྗེས་འབྲང་པ་ཚོས་འུར་སྒྲོགས་ག་རེ་བྱེད་ཀིན་ཡོད་མེད་སོགས་ལ་དོ་སྣང་བྱེད་ཁོམ་མ་བྱུང་།
བརྙན་ཐུང་དེ་ནང་དུ་བོང་རྫིས་བཤད་པ་ལྟར་ངེད་གཉིས་སྔ་མོ་ནས་ངོ་ཤེས་ཀི་ཡོད་ཅེས་པའི་སྐད་ཆ་དེ་བདེན་པ་རེད། ངེད་གཉིས་སྔ་མོ་ནས་ངོ་ཤེས་ཀི་ཡོད། དེ་མིན་བརྙན་ཐུང་དེར་ང་ལ་བཤད་པའི་སྐད་ཆ་མང་ཤོས་རྫུན་རེད། གཡོ་སྒྱུ་འཁྲབ་པ་འབའ་ཞིག་རེད། ། བོང་རྫིས་གཡོ་སྒྱུ་ཇི་ལྟར་འཁྲབ་ཀྱིན་ཡོད་པ་དང་རྫུན་ག་རེ་ལབ་ཀིན་ཡོད་མེད་དང་སྐབས་དེའི་གནས་སྟངས་ངོ་མ་སོགས་ནི་ཡང་སྙིང་ཇི་འདྲ་ཡིན་ཚུལ་སྔོན་ཡང་མདོ་ཙམ་ངས་བྲིས་ནས་སྤེལ་ཡོད་རེད། གཟུ་བོར་གནས་པ་ཞིག་ཡིན་ན། སྔོན་གྱི་ཡི་གེ་དེ་དག་གིས་ཀྱང་བདེན་དཔང་བྱེད་ཆོག་གི་རེད། གསལ་བོ་བཤད་ཡོད་པས་སོ།།
དེ་རིང་ཡང་ངས་འདི་ནས་བོང་རྫིས་ཉེ་ཆར་ང་ལ་བཤད་པའི་བརྙན་ཐུང་དང་འབྲེལ་ནས་སྐད་ཆ་འགའ་བཤད་བསམ། བོང་རྫིའི་བརྙན་ཐུང་དེ་ནང་དུ་ཁོ་ལྷ་ས་ནས་ང་ལ་ཐུག་ནས་དགེ་ཆོས་དང་འབྲེལ་བའི་རྩོད་གཞི་བྱུང་བའི་དུས་ཚོད་དེ་2006ལོར་ཡིན་ཚུལ་ཤོད་ཀྱིན་འདུག དེ་ཁོ་རང་རྫུན་བཤད་པ་རེད། ཁོས་ང་ལ་བསྐུར་བའི་ཡི་གེ་སྔ་མར་ཁོ་བོད་ལ་ལོག་པའི་ལོ་ནི་2007ལོ་ཡིན་ཞེས་གསལ་བོར་བྲིས་ཡོད། དེ་མ་ཟད་ལོ་དེར་གསར་རྙེད་གསུང་རྩོམ་ནང་གི་འཛམ་གླིང་རྒྱས་བཤད་དེ་ཡང་དགེ་ཆོས་ཀྱི་མིན་པ་གཞི་ནས་ཤེས་པ་ཡིན་ཞེས་བཤད་ཡོད་རེད། ཡིད་མ་ཆེས་ན་ཁོའི་ཡི་གེ་དེ་ངས་ཉར་ཚགས་བྱས་ཡོད་པས།
༼བོང་རྫིས་ང་ལ་བྲིས་པའི་དགག་ཡིག་ནང་གི་ཟླ་ཚེས༽
བོང་རྫི་དང་བོང་རྫིའི་རྗེས་འབྲང་བ་ཚོས་ཡི་གེ་དེར་ཞིབ་ཏུ་ལྟོས་དང་ལྟད་མོ་ཡག་པོ་ཡོད་རེད། དུས་ཚོད་འདི་ཤིན་ཏུ་གལ་ཆེན་པོ་རེད། དེ་ཅི་ཡིན་ཞེ་ན། ང་ཚོའི་རྩོད་གཞི་དེ་དུས་ཚོད་ཀྱི་སྔ་ཕྱི་ཞིག་ལ་ཐུག་ཡོད་ཕྱིར། འདི་ཅིས་ཀྱང་གསལ་བོར་བཤད་དགོས། ཡང་བོང་རྫིས་ག་རེ་རྫུན་ལབ་ཀྱིན་འདུག་ཅེ་ན། ངས་དྲན་པ་འཆུག་མེད་ན། དེ་དུས་བོང་རྫིས་ལྷ་ས་ན་ཟ་ཁང་ཞིག་ཕྱེ་ཡོད་རེད། ཟ་ཁང་གི་མིང་ལ་“ར་མ་དཀར་མོ་” ཟེར་བ་ཡིན་སྣང་དྲན། གསལ་བོ་ཞིག་དྲན་གིན་མི་འདུག དེ་སྔ་ངེད་གཉིས་ངོ་ཤེས་ཡོད་ཙང་ཐེངས་ཤིག་ལ་ང་བོང་རྫིའི་ཟ་ཁང་ནང་ལ་སོང་བ་ཡིན། ཧ་ལམ་དགུན་ཁ་ཞིག་རེད་དྲན། དེ་ཅི་ཡིན་ཞེ་ན། གྲང་ལྷགས་ཅུང་ཆེ་བས་ང་དང་བོང་རྫི་གཉིས་ལྕགས་ཐབ་འགྲམ་དུ་བཏུད་ནས་ཇ་འཐུང་ཞོར་རྩོད་པ་རྒྱག་པ་དེ་འདྲ་ཞིག་དྲན་གིན་འདུག དེས་ན་དུས་ཚོད་དེ་ཏག་ཏག་2008ལོའི་དགུན་ཁར་རེད་སྙམ།
རྒྱུ་མཚན་ཅི་ཡིན་ཞེ་ན། 2005-2006ལོའི་དབྱར་ཁ་ནས་དགུན་ཁའི་བར་ང་ཆབ་མདོའི་ཕྱོགས་སུ་སོང་ནས་བོད་ཀྱི་གནའ་ཤུལ་གྲགས་ཅན་དང་དགོན་པ་རེ་རེར་ཉམས་ཞིབ་བྱེད་བཞིན་པའི་སྐབས་ཡིན། དེ་དུས་ས་ཆ་མང་པོ་ཞིག་ལ་མོ་ཊའི་ལམ་མེད་པས་རྐང་ཐང་ལ་འགྲོ་དགོས་པ་ཐུག་སོང་བས་དུས་ཚོད་ཡུན་རིང་འགོར་སོང་། 2006ལོའི་དགུན་ཁ་ཞིག་ལ་ང་ལྷ་སར་ཐོན་པ་ཡིན། དེ་དུས་ང་དེ་སྔའི་ལྷ་ས་གྲོང་ཁྱེར་གྱི་འགོ་གཙོ་ཟུར་བ་རྒན་བློ་དགའ་ལགས་བརྒྱུད་དེ་ཧོར་ཁང་སྲས་བྱམས་པ་བསྟན་དར་ལགས་ལ་ངོ་ཤེས་བྱུང་། དེའི་རྗེས་མི་རིང་བར་2007ལོའི་དཔྱིད་ཀ་ཞིག་ལ་ཡང་བསྐྱར་ཁོང་ལ་ཐུག་དུས་ངས་མཁས་དབང་དགེ་ཆོས་ཀྱི་གསར་རྙེད་གསུང་རྩོམ་ནང་གི་འཛམ་གླིང་རྒྱས་བཤད་དེ་ཁོང་གི་ཡིན་མི་འདུག དཔེ་ཆ་དེའི་སྤུས་ལེགས་མ་དཔེ་ཞིག་ངས་མཐོང་མྱོང་བ་དེར། རྩོམ་པ་དང་། སྒྱུར་བ་པོ་དང་། དཔེ་སྐྲུན་སོགས་ཀྱི་སྦྱར་བྱང་དང་བཅས་འཁོད་ཡོད་པ་ཞིག་འདུག་ཅེས་ཁོང་ལ་ཞུས་པ་ཡིན། གཞན་ངེད་ཀྱི་《སྒྲོལ་དཀར་བྲིས་ཐང་》དང་《འཛམ་གླིང་རྒྱས་བཤད》ཅེས་པའི་གསལ་བཤད་ཡི་གེའི་ནང་དུ་ཡང་། ང་དང་དགེ་རྒན་རྡོ་རྗེ་རྒྱལ་གཉིས་ཐུག་ནས་དེའི་སྐོར་གྱི་དོགས་གཞི་གླེང་དུས་ཁོང་གིས་རྒན་ཧོར་ཁང་བྱམས་པ་བསྟན་དར་ལགས་ནས་ཀྱང་དེ་ལྟར་གསུང་གིན་ཡོད་ཚུལ་བཤད་སོང་བས་རེད། དེ་ལྟར་ཡིན་ཕྱིར། རྒན་ཧོར་ཁང་སྲས་བྱམས་པ་བསྟན་དར་ལགས་ལ་ཐུག་དུས་ངས་འཛམ་གླིང་རྒྱས་བཤད་དེ་མཁས་དབང་དགེ་ཆོས་ཀྱི་མིན་ཚུལ་ཐད་ནས་གསལ་བཤད་ཞུ་ཐུབ་ན་ཡག་པོ་འདུག་ཅེས་ཁོང་ལ་བསམ་ཚུལ་བཏོན་པ་ཡིན། དེ་ནས་མི་རིང་བར་རྒན་ཧོར་ཁང་སྲས་བྱམས་པ་བསྟན་དར་ལགས་ནས་དེའི་སྐོར་གྱི་གསལ་བཤད་ཡི་གེ་བྲིས་ཡོད་འདུག་ཀྱང་། ངེད་གཉིས་སྐབས་ཤིག་ལ་ཐུག་འཕྲད་ཀྱི་གོ་སྐབས་མ་བྱུང་བ་རེད།
དེའི་རྒྱུ་མཚན་ཡང་2007ལོའི་དཔྱིད་ཀ་ནས་སྟོན་མཇུག་གི་བར་ང་ལྷ་སར་ཡོད་ཀྱང་། ལོ་དེའི་དགུན་ཁ་ང་པེ་ཅིང་ལ་སོང་ནས་2008ལོའི་ཟླ་བ་བཞི་པའི་ནང་དུ་སླར་ལྷ་སར་ལོག་པ་ཡིན། ཟླ་བ་བཞི་པའི་ནང་ཡིན་ངེས་ཀྱི་དུས་ཚོད་དེ་དེ་འདྲའི་གསལ་བོ་ཞིག་ཇི་ལྟར་ཤེས་པ་ཡིན་ཞེ་ན། དེ་ནི་ང་པེ་ཅིན་ནས་ལྷ་སར་ལོག་པའི་ཉིན་མོ་དེ་ཏག་ཏག་ཉིས་སྟོང་བརྒྱད་ལོའི་ཟླ་བ་གསུམ་པའི་ཚེས་བཅུ་བཞིའི་ཉིན་རེད། ཉིན་དེར་བརྙན་འཕྲིན་ནང་ནས་དོན་རྐྱེན་དམིགས་བསལ་ཞིག་བྱུང་བ་ཤེས་རྗེས་ངས་ལམ་སང་གནམ་གྲུ་པཱ་སེ་དེ་ཕྱིར་ནུར་བྱས་ཏེ་ཟླ་བ་4པའི་ནང་ལ་ལོག་པ་ཡིན། གནས་ཚུལ་དེ་འདྲ་ཡིན་ཙང་2007ལོའི་དགུན་ཁ་ང་ལྷ་སར་མེད་པ་དེ་གསལ་བོ་དྲན་བྱུང་། དེས་ན་བོང་རྫི་དང་ངེད་གཉིས་ར་མ་དཀར་མོའི་ཟ་ཁང་དུ་རྩོད་པ་ཐུག་དུས་2007ལོའི་དགུན་ཁ་མིན་པ་གསལ་བོ་རེད།
2008ལོའི་ཟླ་བ་བཞི་པར་ང་སླར་ལྷ་སར་ཐོན་རྗེས་ཡང་བསྐྱར་ལྷ་ས་གྲོང་ཁྱེར་གྱི་འགོ་གཙོ་ཟུར་བ་རྒན་བློ་དགའ་ལགས་བརྒྱུད་དེ་ཧོར་ཁང་སྲས་བྱམས་པ་བསྟན་དར་ལགས་དང་ང་ཚོ་ལྷན་འཛོམས་བྱུང་། ཐེངས་ཤིག་རྒན་བློ་དགའ་ལགས་དང་ཁོང་གི་སྐུ་ལྕམ་དང་། རྒན་ཧོར་ཁང་སྲས་བྱམས་པ་བསྟན་དར་ལགས་དང་ཁོང་གི་སྐུ་ལྕམ་ལགས་བཅས་ང་ཚོ་ལྷན་དུ་རྒྱ་མ་ཁྲི་སྒང་སོགས་ལ་ཉམས་ཞིབ་ཏུ་སོང་བ་ཡིན། ཉིན་དེར་ཡིན་ནམ། དེའི་རྗེས་ཀྱི་ཉིན་ཞིག་གང་ཡིན་གསལ་བོ་ཞིག་དྲན་མ་སོང་ཡང་། རྒན་ཧོར་ཁང་སྲས་བྱམས་པ་བསྟན་དར་ལགས་ནས་ཁོང་གིས་བྲིས་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་《གསར་རྙེད་གསུང་རྩོམ་》ནང་གི་《འཛམ་གླིང་རྒྱས་བཤད་》དང་། 《རྗེ་བཙུན་སྒྲོལ་མའི་ཞལ་ཐང》དེ་དག་མཁས་དབང་དེའི་ལྗགས་རྩོམ་དང་ཕྱག་བཟོ་མིན་པའི་སྐོར་གྱི་གསལ་བཤད་ཞུ་ཡིག། ཅེས་པ་དེ་ང་ལ་གནང་སོང་། དེ་དུས་ང་ལ་སྤྲོད་པའི་རྩོམ་ཡིག་དེའི་མདུན་ཤོག་གི་ངོས་སུ།
མཁྱེན་ལྡན་ཡངས་པ་སྐུ་ཞབས་ཚངས་དབང་དགེ་འདུན་བསྟན་པ་མཆོག་ལ།
ཁོ་བོས་ལག་དལ་དུ་བྲིས་པའི་རྩོམ་ཐུང་ཁག་ཅིག་སྐུ་ཉིད་ནས་དཔྱད་གཞི་མཛད་རྒྱུར་ཕུལ་བ་ཡིན་པས། དེའི་ནང་ནོར་བ་མང་དག་ཅིག་ཡོད་ངེས་ཡོ་སྲང་གི་བཀའ་སློབ་སྩལ་བའི་རེ་བ་དང་། ད་དུང་སྐུ་ཉིད་ནས་ཉར་ཚགས་གནང་རྒྱུ་ལས་དཔར་འགྲེམ་དང་གཞན་སྤྲོད་མི་གནང་བ་མཁྱེན་མཁྱེན།
ཧོར་ཁང་བསོད་ནམས་དཔལ་འབར་གྱི་བུ་བྱམས་པ་བསྟན་དར་ནས་གུས་བཏུད་དང་བཅས་ཕུལ་བ་ལགས།
2008/6/6/
ཞེས་ཟླ་ཚེས་དང་བཅས་གསལ་བོར་བྲིས་འདུག
སྐབས་དེར་ཁོང་གིས་འདི་ལྟར་གཟབ་ནན་གྱིས་གཞན་ལ་མི་སྤེལ་བའི་རེ་བ་བཤད་ཡོད་པས། ངས་ཀྱང་ཕྱིས་སུ་རྒན་ལགས་ལ་ཁས་བླངས་པ་ལྟར་གཞན་སུ་ལའང་སྟེར་མ་ཕོད། དེ་ནི་གྲོགས་པོའི་བར་གྱི་དམ་ཚིག་དང་མཛའ་བཤེས་ལ་བརྩི་བཀུར་བྱས་པ་ལས་དཔེ་མཁྱུད་བྱས་པ་དེ་འདྲ་མ་རེད།
ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱི་རྩོམ་དེ་ང་ལ་སྤྲོད་པའི་སྐབས་ཀྱི་ཟླ་ཚེས་དེ་ཧ་ཅང་གི་གལ་ཆེན་རེད། བོང་རྫིས་ང་ལ་བསྐུར་འོངས་པའི་དགག་ཡིག་ནང་དུ།
སྤྱི་ལོ་2009ལོའི་ཟླ་བ་10ནང་ལ་ཁོས་བྲིས་པའི་རྩོམ་དེ་ཐོག་མར་ཁྱབ་བསྒྲགས་བྱས་ཡོད་ཚུལ་བཤད་ཡོད་པ་རེད། དེས་ན་འདིར་གནད་དོན་ཅི་ཞིག་བྱུང་ཡོད་པ་རེད་ཟེར་ན། བོང་རྫིས་དྲ་ཐོག་ཏུ་སྤེལ་བར་བཤད་པའི་རྩོམ་དེ་རྒན་ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་བྲིས་ནས་ལོ་གཉིས་ཀྱི་རྗེས་སུ་ཡིན་པ་དང་། ང་ལ་སྤྲད་པའི་ལོ་གཅིག་གི་རྗེས་ནས་ཡིན་པ་གསལ་བོ་རེད། ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་བྲིས་པའི་རྩོམ་དེའི་མཇུག་བྱང་དུ།
2007/5/18/ལོར་དགུང་ལོ་དྲུག་ཅུ་རེ་གསུམ་གྱི་སྟེང་ལ་གཤོངས་གླིང་ཧོར་ཁང་ཤག་ཏུ་བྲིས་ཞེས་གསལ་བོར་བཤད་ཡོད་པས་སོ།།
ཧོར་ཁང་སྲས་ལགས་ཀྱིས་གསལ་བཤད་འདི་འདྲ་ཞིག་འབྲི་དགོས་པའང་ངས་རེ་བསྐུལ་བྱས་པ་ལྟར་ཁོང་གིས་བྲིས་པ་ཡིན་ཕྱིར། རྩོམ་དེའི་བུ་གདན་ཐོག་མའང་ང་ལ་སྤྲད་ནས་ཞིབ་འཇུག་དང་ཡོ་སྲང་གནང་དགོས་པ་ལས་གནས་སྐབས་གཞན་ལ་མི་སྤེལ་བའི་རྒྱུ་མཚན་ཡང་དེར་ཐུག་ཡོད་རེད།
བོང་རྫིས་སྐབས་དེར་རང་གིས་བྲིས་པ་དེ་ཐོག་མ་ཡིན་བསམ་ཡོད་ས་རེད། ཁོས་ཡ་མཚན་ཞིག་ཤེས་མདོག་བསྟན་ཅིང་འུར་ཆེན་པོ་ལངས་ནས་བཤད་པ་ལ། ངས་བོང་རྫིས་བྲིས་པ་དེ་ཐོག་མ་མ་རེད། དེའི་སྔོན་དུ་ཧོར་ཁང་སྲས་བྱམས་པ་བསྟན་དར་ལགས་ཀྱིས་ཀྱང་བྲིས་ཡོད་རེད་ཅེས་གསལ་བཤད་ཡི་གེ་དང་ཁོང་གིས་ང་ལ་གནང་བའི་རྩོམ་ཡིག་ཆ་ཚང་སྐད་འཕྲིན་དུ་སྤེལ་བ་དེས་བོང་རྫིའི་སྐད་ཆ་རྫུན་ཡིན་པའི་རྐུབ་བརྟོལ་བ་རེད། དེ་ནས་བཟུང་བོང་རྫིས་ངའི་སྟེང་ལ་ཚུགས་དཀའ་བའི་སྙིང་ནད་བཅངས་ཏེ། གོ་སྐབས་ཅུང་ཟད་རེ་བྱུང་ན་ང་ལ་ངན་སྨོད་ཅི་ཐུབ་ཐུབ་བྱེད་ཀིན་ཡོད་རེད། བོང་རྫིའི་རྗེས་འབྲང་བ་ཚོས་ཀྱང་ནུས་ཤུགས་ཡོད་རྒུ་བཏོན་ཏེ་བོང་རྫིའི་དེ་ཡིན་མདོག་གིས་འུར་སྒྲོགས་བྱས་དང་བྱེད་ཀིན་ཡོད་རེད། ཉེ་ཆར་ཁོས་རོ་ལངས་རྒྱག་གིན་ཡོད་པ་དེ་ཡང་མཐར་གཏུགས་ན་གནས་སྟངས་དེ་འདྲའི་དབང་གིས་རེད།
ཡང་འདིར་ཅིས་ཀྱང་གསལ་བཤད་བྱེད་དགོས་པ་ཞིག་ནི། བོང་རྫིས་སྔོན་མ་ང་ལ་བྲིས་པའི་ཡི་གེ་ནང་དུ། ། རྒན་ཧོར་ཁང་སྲས་བྱམས་པ་བསྟན་དར་ལགས་ཀྱིས་བྲིས་པའི་རྩོམ་ཡིག་དེའི་ལོ་2007ཟླ་5ཚེས་18དང་། ང་ལ་སྤྲད་པའི་སྐབས་ཀྱི་ལོ་2008ཟླ་6ཚེས་6ཉིན་ཡིན་པ་གསལ་བོར་ཤེས་ནའང་། དེ་ལ་ཅི་མི་སྙམ་པར་ཁོས་བྲིས་ནས་དྲ་ཐོག་ཏུ་སྤེལ་བ་ཡིན་ཟེར་བའི་ལོ་ཟླའི་(2OO9/11/) གསལ་བཤད་དང་། ངས་ཕྱི་ལོ་2015ལོའི་ཟླ་3ཚེས་4ལ་བྲིས་པའི་གསལ་བཤད་ཡི་གེ་གཉིས་དཀྱུས་གཅིག་ལ་སྦྱར་ཏེ་སྤེལ་ཡོད་རེད། ། ཁོས་འདི་ལྟར་ལས་དོན་ནི་། ངེད་གཉིས་ཀྱི་རྩོད་གཞི་གང་ཡིན་གསལ་རྟོགས་མ་བྱུང་བའི་མི་རྣམས་ཀྱིས་ཐད་ཀར་བལྟས་ན། བོང་རྫིས་སྔོན་ན་བྲིས་འདུག་ཨང་སྙམ་པའི་བློ་བསྐྱེད་འབྱུང་རྒྱུར་དམིགས་པ་རེད། ཡིན་ནའང་ཞིབ་ཏུ་བརྟག་ན། ལས་སྟངས་དེའི་སྟེང་ནས་ཀྱང་ཁོའི་སེམས་ཁམས་དེ་ཇི་འདྲ་ཡིན་པ་ང་ཚོས་ཤེས་ཐུབ་པ་རེད། དོན་དངོས་བོང་རྫི་ལ་དྲང་བདེན་གྱི་སྐད་ཆ་དང་། རིག་གཞུང་གི་བདེན་པ་སྐྱོང་བའི་བསམ་བློ་རྦད་དེ་ཡོད་མ་རེད། གལ་སྲིད་ང་ལྟ་བུ་ཡིན་ན་གནས་སྟངས་འདི་འདྲ་ཞིག་ཡིན་པ་གསལ་བོར་ཤེས་རྗེས། མ་མཐའ་ཡང་སྐད་ཆ་དྲང་མོ་བཤད་རྒྱུའི་སྤོབས་པ་དེ་ཡོད་སྲིད་ཀྱི་རེད།
གཞན་བོང་རྫིས་བརྙན་ཐུང་དེར་ངེད་གཉིས་ལྷ་སར་(ར་མ་དཀར་མོའི་ཟ་ཁང་དུ་) ཐུག་ནས་དགེ་ཆོས་སྐོར་ལ་རྩོད་པ་བྱུང་བ་ནི་ང་ལ་ནུབ་བྱང་གི་དགེ་སློབ་ཚོའི་བསམ་བློ་ཐེབས་ཡོད་ཚུལ་དང་། རེབ་གོང་དང་རྡོ་སྦིས་གཉིས་ཀྱི་ས་ཕྱོགས་འཐེན་ཁྱེར་ཡིན་ཚུལ་ཚུལ་སོགས་ལབ་པ་དེ་ནི་ཁོའི་གུ་དོག་གི་བསམ་བློ་དེ་ངའི་སྟེང་ལ་འགེལ་འདོད་ཀྱི་འདུ་ཤེས་ཙམ་རེད། དེ་ལྟར་རེད་མ་རེད་ཁྱོད་ཚོས་ཀྱང་ག་ལེར་བརྟག་དཔྱད་བྱ་ཆོག་གི་རེད།
བོང་རྫི་དང་ངེད་གཉིས་སྔ་མོ་ནས་ངོ་ཤེས་ཀི་ཡོད་པ་དང་། བཟང་ས་ལྟ་བུ་ཡིན་ཕྱིར། ནམ་ཐུག་ནའང་ཁ་མཚར་ཀུ་རེ་རྩེད་ཞོར་རྩོད་པ་འདྲ་རྒྱག་གིན་ཡོད་རེད། གཅིག་བྱས་ན་དེ་ནི་ངེད་གཉིས་དགོན་པ་ནས་ཡོང་བའི་རྐྱེན་གྱིས་ཡིན་ཡང་སྲིད། ཡིན་ནའང་། ངའི་སེམས་ལ་དེ་དག་ནི་སོ་སོའི་ལྟ་ཚུལ་གླེང་བ་ཙམ་དུ་ངོས་བཟུང་བ་ལས་གཞན་དམིགས་བསལ་ཞིག་ཡིན་སྣང་དྲན་ཡོད་མ་རེད།
སྐབས་དེར་ལྷ་ས་ནས་ཡོད་པའི་ངའི་བཟང་ས་དང་འགྲོ་རོགས་མང་ཤོས་ནི་བོད་ཀྱི་ཚོང་པ་ཚོ་རེད། ཚོང་པ་གནའ་རྫས་གཉེར་མཁན་དེ་འདྲ་རེད། ཁོ་ཚོས་སྐུ་འདྲའི་བཟོ་ལུགས་ཐད་ནས་ཁ་བརྡ་བྱེད་སྐབས་འདི་པཱ་ལའི་བཟོ་ལུགས་རེད། དེ་གུལྟའི་རེད། གན་གནྡྷ་རའི་བཟོ་རྩལ་དང་འབྲེལ་བ་ཡོད་འདུག འདི་ཡང་མ་ཐུ་ར་རེད། ས་ར་ནཱ་ཐུ་རེད་ཅེས་བཤད་དང་ཤོད་བཞིན་ཡོད་ལ། ངས་ཀྱང་བཟོ་ལུགས་དེ་དག་ལ་ཤིན་ཏུ་དོ་སྣང་བྱེད་ཀིན་ཡོད་པའི་སྒང་རེད། དེར་བསྟུན་ངས་བཟོ་ལུགས་དེ་རྣམས་དང་འབྲེལ་བའི་བོད་ཡིག་གི་དཔེ་ཆ་གང་གང་ཡོད་ཚུལ་ཡུན་རིང་ཞིག་ལ་རྩད་གཅོད་དང་བཙལ་འཚོལ་བྱས་ཀྱང་། ཡག་པོ་ཞིག་རྙེད་ཡོད་མ་རེད། མཐར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་གསུམ་ཡོད་པ་དེ་ནང་དུ་གསལ་བའི་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》་ལས་ལྷག་པ་ཞིག་མཐོང་མ་སོང་།
《གསེར་ཐང》་དུ་འཁོད་པའི་རྒྱ་གར་གྱི་གུཔྟའི་རྒྱལ་རབས་དང་། དེ་བཞིན་པཱ་ལའི་རྒྱལ་རབས་དང་། དྲི་ཟའི་རྒྱལ་རབས་དང་། མ་ཐུ་ར་སོགས་དང་དེའི་སྐབས་ཀྱི་བཟོ་རིག་སྒྱུ་རྩལ་གྱི་ལོ་རྒྱུས་བཤད་སྟངས་དང་བསྡུར་ན། དགེ་ཆོས་ཀྱི་གསར་རྙེད་གསུང་རྩོམ་ནང་གི་《འཛམ་གླིང་རྒྱས་བཤད》་དུ་བཤད་པའི་རྒྱ་གར་གྱི་བཟོ་རིག་ལོ་རྒྱུས་རྣམས་ནི་རགས་བཤད་དང་ས་བཅད་མ་སྟོང་ཙམ་ལས་མ་འདས་སོ།། སྐབས་དེར་ང་ལ་མཚོན་ན་མཁས་དབང་དགེ་ཆོས་ཚང་གི་《གསེར་ཐང》་ནི་སྲུང་འཁོར་ལྟ་བུར་ཆགས་ཡོད་ལ། དེ་། ལྟར་གྱུར་དོན་ཡང་བོད་ཡིག་གི་དཔེ་ཆ་རྣམས་སུ་གོང་དུ་བཤད་པའི་གུལྟའི་བཟོ་ལུགས་སོགས་ཀྱི་ལོ་རྒྱུས་ངོ་སྤྲོད་རྒྱས་པ་གནང་ཡོད་པ་ཞིག་ཧ་ཅང་མཐོང་དཀོན་པོ་རེད། རྒྱུ་མཚན་དེའི་དབང་གིས་དགེ་ཆོས་ལ་དམིགས་བསལ་ཞིག་དགའ་བོ་ཡོད་པ་ལས་བོང་རྫིས་བཤད་པ་གནང་བཞིན་ངས་ས་ཕྱོགས་འཐེན་ཁྱེར་བྱས་པ་དེ་འདྲ་གཏན་ནས་མ་རེད། ཁྱེད་རྣམས་ཀྱང་ཁོམ་དུས་དཔེ་ཆ་དེ་གཉིས་ལ་ཞིབ་ཏུ་གཟིགས་དང་ངས་བཤད་པ་ལྟར་ཡིན་མིན་ར་འཕྲོད་བྱེད་ངེས་སོ།།
མདོར་ན། བོད་རྫི་དང་ངེད་གཉིས་ལྷ་སའི་ར་མོ་དཀར་མོའི་ཟ་ཁང་ནང་དུ་རྩོད་པ་བྱེད་པའི་དུས་ནི་2008ལོའི་དགུན་ཁ་རེད་ལ། དེ་དུས་ཁོས་ང་ལ་དགེ་འདུན་ཆོས་འཕེལ་ལ་གསར་རྙེད་གསུང་རྩོམ་ནང་གི་“འཛམ་གླིང་རྒྱས་བཤད་”ལྟ་བུ་འབྲི་རྒྱུའི་ཡོན་ཏན་ཡོད་མ་རེད་ཅེས་ལབ་སོང་བས། ངས་ཐད་ཀར་བོང་རྫི་ལ་དགག་པ་བྱས་པ་རེད། དེ་དུས་ང་ནི་གསར་རྙེད་འཛམ་གླིང་རྒྱས་བཤད་ཀྱི་དཔེ་ཆ་མ་དཔེ་སྤུས་ལེགས་ཅན་དེ་བོད་ལྗོངས་སྨན་རྩིས་ཁང་གི་རྒན་བློ་དགའ་ལགས་བརྒྱུད་ནས་དངོས་སུ་མཐོང་མྱོང་བའི་མི་ཞིག་དང་། དེའི་སྔོན་དུ་གསར་རྙེད་《འཛམ་གླིང་རྒྱས་བཤད་》ནང་གི་རྒྱ་གར་གྱི་ལོ་རྒྱུས་དང་སྒྱུ་རྩལ་སྐོར་དང་། 《གསེར་ཐང་》ནང་དུ་འཁོད་པའི་རྒྱ་གར་གྱི་ལོ་རྒྱུས་དང་སྒྱུ་རྩལ་སྐོར་ལ་ཞིབ་བསྡུར་བྱས་ཏེ་རྒྱུས་ལོན་གང་འཚམ་བྱས་ཡོད་པ་དང་། གསར་རྙེད་འཛམ་གླིང་རྒྱས་བཤད་ནང་གི་རྩོམ་གཤིས་དང་མཁས་དབང་དགེ་ཆོས་གཉིས་ཀྱི་རྩོམ་གཤིས་རྦད་དེ་མི་འདྲ་བའི་གནད་དོན་སོགས་ཀྱང་གསལ་བོར་ཤེས་ཡོད་པའི་མི་ཞིག་ཡིན་པས། རྒན་ཧོར་ཁང་སྲས་བྱམས་པ་བསྟན་དར་ལགས་ལ་ཞུས་ནས་མཁས་དབང་དགེ་ཆོས་ཀྱི་གསར་རྙེད་གསུང་རྩོམ་ནང་གི་འཛམ་གླིང་རྒྱས་བཤད་དེ་དགེ་ཆོས་ཚང་གི་མིན་ཚུལ་གྱི་གསལ་བཤད་ཡི་གེ་ཞིག་ཡོད་ན་ལེགས་ཚུལ་གྱི་བསམ་ཚུལ་འདོན་མཁན་ཡང་ཡིན་པས། གསར་རྙེད་ནང་གི་འཛམ་གླིང་རྒྱས་བཤད་དེ་དགེ་ཆོས་ཚང་གི་མིན་པ་། གསལ་བོ་ཤེས་ཡོད་རེད། དེ་དུས་བོང་རྫིས་ཀྱང་དེ་དགེ་འདུན་ཆོས་འཕེལ་གྱི་མ་རེད་ཟེར་གིན་འདུག་ཀྱང་ཇི་ལྟར་མིན་ཚུལ་ཐད་ནས་ངེད་གཉིས་ཀྱི་བཤད་སྟངས་གཅིག་གི་ཡོད་མ་རེད་ལ། གཏན་ཚིགས་དང་ཁུངས་ལུང་གི་སྒྲུབ་བྱེད་སོགས་ཀྱང་འདྲ་གིན་ཡོད་མ་རེད། སྐབས་དེར་ངས་བོང་རྫི་ལ་འཛམ་གླིང་རྒྱས་བཤད་དེ་སུའི་རེད་ཅེས་དྲི་བ་བྱེད་དུས་བོང་རྫི་སུའི་ཡིན་པ་རྩ་བ་ནས་ཤེས་ཀིན་མི་འདུག མ་རེད་ཅེས་བཤད་པའང་མོ་སྟོན་ཕག་མགོའི་མོ་ལྟར་སྟེས་དབང་གིས་ཁེལ་བ་ཙམ་ལས་རྒྱ་མཚན་དང་གཏན་ཚིགས་གཅིག་ཀྱང་བཤད་རྒྱུ་ཡོད་མ་རེད། ངས་དགེ་འདུན་ཆོས་འཕེལ་གྱི་《གསེར་ཐང་》དེ་ཧ་ལས་པ་ཡིན་ཚུལ་དང་། སྒྱུ་རྩལ་ངོ་སྤྲོད་དང་ལོ་རྒྱུས་ཡིག་ཆ་ཁག་ལ་ཞིབ་ཆ་ཆེ་ཚུལ་སོགས་དང་འབྲེལ་ནས་རྒྱུ་མཚན་བཤད་ནའང་། ཁོ་ལ་དེའི་སྐོར་གྱི་རྨང་གཞི་མེད་པས་ཡ་མཚན་ཞིག་ཡིན་སྣང་བསམ་གིན་མི་འདུག། ཉེ་ཆར་བོང་རྫིས་བཤད་པའི་བརྙན་ཐུང་ནང་དུ་ངེད་། གཉིས་ལྷ་སར་ཐུག་དུས་འཛམ་གླིང་རྒྱས་བཤད་དེ་དགེ་ཆོས་ཀྱི་མིན་ཚུལ་ངས་ཚངས་དབང་ལ་ཡི་གེ་བསྟན་ནས་ཤེས་པ་རེད་ཅེས་བཤད་པ་ནི་ངོ་ཚ་མེད་པའི་སྐད་ཆ་རེད། འདི་ལྟར་མངོན་སུམ་ལ་རྫུན་བཤད་ཕོད་ན་མི་འདིས་ཅི་ཞིག་ལས་མི་ཕོད་དམ་སྙམ། ངས་བོང་རྫི་ལ་བསྐུར་བའི་ཡི་གེ་སྔོན་མའི་ནང་དུ་ང་ལ་ཡི་གེའི་བདེན་དཔང་དང་། མིའི་བདེན་དཔང་དང་། ཅ་ལག་གི་བདེན་དཔང་བཅས་ཚང་མ་ཡོད་པས། ངས་བོང་རྫི་ལ་ཤོག ཁྱོད་ཡོང་མ་ཐུབ་ན་མི་ཞིག་མིན་པའི་རྟགས་ཡིན། ང་ཡོང་མ་ཐུབ་ན་ང་ཡང་མི་ཞིག་མིན་པའི་རྟགས་ཡིན་ཞེས་སྐད་ཆ་གསལ་བོར་བཤད་ཡོད། དེ་ནས་ལོ་འགའ་ལ་གྲགས་འགུལ་ཅི་ཡང་ཡོད་མ་རེད། དེ་དུས་ངས་བོང་རྫི་ལ་ཁྱོད་ཡོང་དུས་རོགས་ན་གཟུ་བོར་གནས་པའི་མི་གཉིས་གསུམ་ཁྲིད་ཤོག། དེ་མིན་ཁྱོས་ད་དུང་ཡང་རྫུན་བཤད་ཀི་རེད། ད་ཐེངས་ཐུག་དུས་དཔང་མི་ཅིས་ཀྱང་དགོས་ཞེས་ཡི་གེ་བྲིས་ནས་བསྐུར་བ་ཁོས་ཀྱང་མཐོང་མྱོང་བ་རེད། དེ་དུས་བོང་རྫིས་མི་གཞན་ལ་ཧོར་ཁང་སྲས་ཀྱིས་བྲིས་པ་ཡིན་ཟེར་བ་ལ་ཡིད་ཆེས་མེད། དེ་ཚངས་དབང་གིས་རྫུན་མ་བཟོས་པ་རེད་ཅེས་འཁྱོག་བཤད་བྱས་འདུག དེ་ནས་ད་ལྟའི་བར་ཁོ་དངོས་སུ་ཡོང་ནས་གཅིག་གཅིག་གཉིས་གཉིས་བྱས་ནས་ར་སྤྲོད་བྱེད་ཐུབ་ཀི་ཡོད་མ་རེད། བདེན་པ་ཡོད་ན་ག་རེ་སྐྲག་དགོས་པ་རེད། བརྙན་ཐུང་ནང་ནས་ཡིག་རྨོངས་པ་འགའ་ལ་རྫུན་བཤད་ནས་མགོ་བསྐོར་མ་གཏོང་། རྒན་ཧོར་ཁང་སྲས་བྱམས་པ་བསྟན་དར་ལགས་ཀྱིས་བྲིས་པའི་ཡི་གེ་དེ་སྐབས་ཐོག་དེའི་ཡིན་པའི་མིའི་བདེན་དཔང་དང་། ཡི་གེའི་བདེན་དཔང་ཡོད་པ་ལ་ཡིད་མི་ཆེས་ན་ད་དུང་ཚན་རིག་འཕྲུལ་ཆས་ཀྱིས་ཤོག་བུ་དང་སྣག་ཚ་བཅས་ལ་བརྟག་དཔྱད་བྱས་པའི་རྫས་ཀྱི་བདེན་དཔང་ཡང་ལས་ཆོག་གི་རེད།
ཁྱོད་ཀྱིས་ང་ཚོ་ལ་2OO7ལོའི་སྔོན་ནས་བྲིས་པའི་བདེན་དཔང་གི་ཡི་གེ་དང་། ཚན་རིག་གི་བདེན་དཔངདང་་། རྫས་ཀྱི་བདེན་དཔང་སོགས་སྟོན་ཤོག་དང་བདེན་ན་ལོས་ཁས་ལེན། དེ་མིན་སྟོང་བསམ་ལབ་ཀི་མ་འདུག བརྙན་ཐུང་ནང་ནས་ཧ་ཅང་གིས་བློ་ཕམ་བྱུང་ཡོད་ཚུལ་སོགས་གཡོ་འཁྲབ་མང་པོ་ཞིག་བསྟན་དང་སྟོན་གྱིན་འདུག ཅི་ལྟར་འཁྲབ་ཀྱང་རང་མཚང་ཕྱིར་བསྟན་པ་ལས་བདེན་དཔང་ནི་ད་ལྟའི་བར་སྤུ་ཉག་མ་ཙམ་ཡང་ཁྱེར་ཡོང་རྒྱུ་མེད་པ་དེ་རེད། གཞན་བོང་རྫིའི་རྗེས་འབྲང་བ་ཚོ་ལ་བཤད་དོན། ཁྱེད་ཅག་གི་སློབ་དཔོན་བོང་རྫི་ལ་བདེན་དཔང་ཁྱེར་ཡོང་རྒྱུ་མེད་ན། ། ཁྱོད་ཚོ་ལ་བདེན་དབང་ཡོད་ནའང་ཆོག ང་ཚངས་དབང་གིས་ཁྱེད་ཅག་གི་བདེན་དཔང་ལ་སྒུག་སྟེ་བསྡད་ཡོད་པ་ཤེས་པར་བྱའོ།། ཛ་ཡནྟུ།།
ཞེས་ཚངས་དབང་དགེ་འདུན་བསྟན་པས་སྤྱི་ལོ་2022/6/17/ལ་གྲོང་ཁྱེར་སྤོས་ངད་ཅན་དུ་བྲིས་པ་དགེའོ།།