གཅན་བཟོད་རྒྱམ།
ས་སྲོད་ཀྱི་སྲང་ལམ་ན
ང་རང་གཅིག་པུ་ཡིན་ནམ
རྒྱང་རིང་ན་སེམས་པ་ཞིག་ཡོད་དམ
སྣ་བ་རློགས་དང
མིག་ཆུ་དེས་བརྗོད་པ་སེམས་གཏམ་ངོ་མ་ཞིག་ཡིན་ངེས
ས་སྲོད་ཀྱི་སྲང་ལམ
ཧ་ཅང་འཁྲུག་ཆ་དོད་ཅིང
བུ་མོ་དང་མེ་ཏོག་གི་འཛུམ་མདངས་གཅིག་ཏུ་འདྲེས
སྨྱུག་མའི་རྐུབ་སྟེགས་དེ་ལས
ངའི་བརྩེ་སེམས་སམ་དུང་བ་ཞིག་ལྷག་སོང་ངམ
མིག་ཟུང་ལྡིར་དང
མེ་ཏོག་དེའི་འགྲམ་ན་བུ་མོ་ཞིག་གི་འཁྲེང་སེམས་ཡོད་ངེས
ས་སྲོད་ནས
བཙལ་ཀྱང་རྙེད་ཐབས་བྲལ་བའི་སེམས་པ་དེ
ངོ་མ་བརླགས་སོང་བ་ཡིན་ནམ
གློག་སྒྲོན་ངོགས་ན་འཛུམ་པའི་མེ་ཏོག ཡང་ན་ཁྱོད
སུ་ཞིག་གིས་ཟོས་སོང
ས་སྲོད་ཀྱི་སྲང་ལམ་དུ
པར་ཆས་ཀྱི་མཆུ་ཏོས་མཛེས་སྡུག་ཡོད་ཚད་བསྒུམས་ཀྱང
ནང་དུ་བབས་འདུག་པ་ནི
གློག་སྒྲོན་འོག་གི་ང་ཁོ་ན་རེད
འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས།
༢༠༡༠།༥།༡༧།
མཆོད་མཆོད། ང་སྐྱེས་ས་མཚར་སའི་ས་གནས་ཀྱི་འདྲ་བརྙན་འདིས་སེམས་ལ་དགའ་སྐྱོ་གཉིས་འགྲན་པ་བཞིན་བྱུང་སོང་།
འདི་ལ་བསྟོད་པ་ཞིག་འབྲི་འདོད་དེ་ད་ལྟ་མ་ཁོམ་ཐལ།
མ་མཐོང་གྲོགས་པོ་གཅན་བཟོད་རྒྱམ་ལགས་ཐུགས་རྗེ་ཆེ།
བཟོད་རྒྱམ་ཁྱོད་ད་སྙན་ངག་ལ་ཧྲ་ནོ་མ་གཏོགས་དཔར་རྒྱག་ལ་མི་ཧྲ་ནོ་ཁོ་ཐག་རེད། ཆར་པའི་དཀྱིལ་གྱི་རྐུབ་ལྕགས་སྟོང་བ་སྐོར་ཞིག་དཔར་བརྒྱབས་ནས་ག་རེ་ཡིན་པའི་ཁུལ་རེད་ལགས།
དེས་ཅིག་མཚོན་གི་རེད།
ཁ་བརྡ་ཚང་གིས་རྩོམ་ཡིག་དྲ་ཐོག་ཏུ་བཀོད་པར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་རྩོམ་ཡིག་བཀོད་དུས་ཚང་མ་མཉམ་གཅིག་ཏུ་གཅིག་འཕྲོ་གཅིག་ལ་བླུགས་འཇོག་པ་འདི་བློར་འབབ་པོ་རང་མ་བྱུང་། སྔོན་མ་ཞིག་ལ་ཡང་རྡོར་དབང་ལ་འདིའི་སྐོར་བཤད་མྱོང་། སྙན་ངག་ལ་དབྱངས་ཀྱི་འདེགས་འཇོག་དང་དབྱུགས་ཀྱི་གཅོད་མཚམས། ཚིག་གི་ལེན་སྟངས་སོགས་ཆེས་དམའ་ཐ་ཡང་དབྱུགས་ཀྱི་རྒྱུ་བ་དང་བསྟུན་པའི་ཕྲེང་འབེབས་ཙམ་ལོས་ཡོད། འདི་ལྟར་བཀོད་པ་ནི་དབྱུགས་ཐེངས་གཅིག་ལ་བྲིས་པའི་ཉམས་ཤིག་མི་ཐོན་ནའང་བཙན་གྱིས་བཏོད་དགོས་པ་ཞིག་དང་། ཀློག་མཁན་མཁན་གྱིས་ཀྱང་དབུགས་ཐེངས་གཅིག་གིས་ཀློག་མི་ཐུབ་ནའང་ཀློག་དགོས་པ་འདྲ་ཞིག་མི་འདུག་གམ། འོན་ཀྱང་སྐྱོན་འདི་དྲ་རྒྱ་བཟོ་སྟངས་ཀྱི་མ་ལག་ཅིག་གིས་སྐྱོན་ནམ་ཡང་ན་རྩོམ་ཡིག་བཀོད་སྟངས་ཀྱིས་ཡིན་ནམ། གང་ལྟར་ཀྱང་བློར་འབབ་པོ་རང་མི་འདུག་ལགས། བསམ་ཚུལ་ཁ་ཐུག་ཏུ་བཤད་པར་དམའ་ཐ་ཡང་སྤོ་ལངས་མི་ཉན་ཞུས་པ་ཡིན།
དྲ་གྲོགས་བཟང་པོ་གཟོད་རྒྱམ་ལགས། ཁ་བརྡ་ཚང་གིས་ནོར་མི་འདུག ཁྱེད་ཀྱིས་གཟབ་ནོན་གྱིས་ལྟོས་དང་།
བཟོད་རྒྱམ་ལགས་ཀྱི་པར་འདི་སྙན་ངག་ཞིག་དང་འདྲ་བས་པར་འདི་མཐོང་བའི་སྐབས་ཀྱི་ཚོར་སྣང་ནི།
ཆར་ཆུས་བརྩེ་བའི་ངང་བཞིན་རས་ཀྱི་ས་རྡུལ་དང་ངལ་བ་འཕྱིས་ཤུལ་ན།
རྩ་བ་ས་གཞི་ལ་བྱས་ཤིང་ཡལ་ག་དང་ལོ་འདབ་བསིལ་རླུང་ཁྲོད་འགུལ་ཤིག་ཤིག་གི་དུས་དེ་ཕྱིར་དྲན་བྱེད་བཞིན།
གོ་ལྡོག་ཞིང་རང་འདོད་ཚ་བའི་འགྲོ་བ་མིའི་རིགས་ནི་ཇི་འདྲའི་རྟོགས་དཀའ་བ་ལ་སྙམ་བཞིན།
འཁྱག་བསིལ་བསིལ་རྐང་འཐུང་ཡིན་དུས་ཀྱི་ཚོར་བ་སྣང་ཡུལ་དུ་འདྲེན་ཐབས་ཀྱིས།།
རང་ཤེད་ཆེ་བའི་མིའི་བསུན་གཙེར་དང་བྲལ་ཏེ་ངལ་གསོ་འཁྱུག་ཙམ་ཐོབ་པ་འདི་འང་བདེ་བ་འོ་ཟེར་འདྲ།