གྲོལ་ཧེ་རུ་ཀཿ
1.དབྱིན་ལོ་ཉིས་སྟོང་ལྔ་ལོའི་དབྱིན་ཟླ་བདུན་པའི་དབྱིན་ཚེས་ཉེར་བརྒྱད་ཉིན་བདག་རྭ་རྒྱའི་སློབ་གྲྭ་ནས་སློབ་མཐར་ཕྱིན། མི་ལོ་ལྔའི་རིང་སློབ་གྲྭ་དེར་བསྡད། ཉིས་སྟོང་ལྔ་ལོའི་ལོ་མཇུག་ལ་གྲོལ་ཧེ་རུ་ཀའི་བཏུས་རྩོམ་<དུར་འཇུག་གི་འདས་མཆོད་>ཅེས་པའི་བཏུས་དེབ་འདི་པར་དུ་བཏབ་པོ།།
2.འདས་མཆོད་ཟིན་བྲིས་འདི་བཏུས་དེབ་སྒོར་ཕུད་ནས་མི་ལོ་བཅུ་བདུན་འགོར་རྗེས་ཀྱི་དེ་རིང་འབྲི་གི་ཡོད། རྒྱུ་མཚན། དེ་རིང་མི་རྒྱུས་མེད་ཅིག་གིས་ཡུན་རིང་ཉར་བའི་བཏུས་དེབ་རྙིང་སིལ་སིལ་འདི་བདག་ལ་བསྟན་ཞོར། “དེབ་འདིའི་རྩོམ་པ་བོ་ཁྱེད་རང་ཡིན་ནམ།”ཞེས་དྲིས་བྱུང་། བདག་གིས་ཁོང་ལ་ཡིན་པའི་བསྟན། དེ་དང་མཉམ་དུ་སྔོན་མར་བཏུས་དེབ་འདི་སྒོར་ཕུད་སྐབས་ཀྱི་གནས་ཚུལ་མང་པོ་ཞིག་ཀྱང་དྲིས་སོང་། དེ་བས་བདག་གིས་རང་གི་ཡིད་ལ་རིང་ནས་བརྣག་པའི་སེམས་ངལ་གྱི་ཚིག་འབྲུ་ཁ་ཤས་དེ་རིང་ཕྱིར་དྲན་གྱི་ཀློང་ནས་གཏོར་འདོད་པ་ཙམ་ཡིན་ནོ།།
3.བཏུས་དེབ་འདིར་བདག་གིས་སྐབས་དེའི་སློབ་མའི་ཉིན་རེའི་ལས་བྱའི་ཕན་ནས། རང་གི་ཤེས་རབ་ལ་རྣོ་ཕབ་པའི་བདར་རྩོམ་འགའ་ཁོ་ནའམ། ཡང་ན། ན་གཞོན་ལང་ཚོའི་སྤྲུག་གསིག་རྒྱབ་པ་ཙམ་ཡིན། གཞན་ལ་ཕན་གནོད་ཀྱི་ལས་བགྱིས་པ་གང་ཡང་མེད། སྔོན་འགྲོའི་ཀུན་སློང་ཡང་དགེ་སྡིག་གང་ཡང་མིན། འོན་ཀྱང་དགེ་རྒན་ལྡོང་ཡོན་ཏན་དང་བཛྲ་ཚུལ་ཁྲིམས་གཉིས་ལ་ལང་ཚོའི་སྤྲུག་གསིག་དེས་ཐལ་ལ་ཚུབ་ཚུབ་ཅིག་བྱས་ཡོད་ས་རེད།
4.དགེ་རྒན་ལྡོང་ཡོན་ཏན་དང་བཛྲ་ཚུལ་ཁྲིམས་གཉིས་ཀྱིས་བདག་གི་བཏུས་རྩོམ་དག་ལ་ཕྱོགས་ཡོངས་ནས་འགོག་རྒོལ་ཆེན་པོ་བྱས་འདུག དེ་དང་མཉམ་དུ་བདག་གི་མི་གཞིའི་རྩིས་ཐང་ལའང་དམའ་འབེབ་དང་ཁྱད་གསོད། མཐོང་ཆུང་སོགས་སྒྲོ་སྐུར་ངན་པ་ཅི་རིགས་བྱས་འདུག རྒྱུ་མཚན་ཅི་ཡིན་མ་ཤེས། བདག་གིས་ཁོང་གཉིས་ཀྱི་ཐུགས་དང་འགལ་བའི་ལས་བགྱིས་པ་གང་ཡང་མི་དྲན།
5.འདང་རྒྱབ་རྒྱབ་ན། སྐབས་དེར་བདག་གིས་ཁོང་གཉིས་ཀྱི་བསམ་བློའི་ལྕགས་རི་ལ་སྲིབ་ཁ་ཞིག་བཏོལ་བ་ཡིན་པ་འདྲ། ཕྱི་རོལ་གྱི་ཡངས་པའི་ས་གཞི་ཆེན་མོར་བདག་གིས་མཚར་མཚར་གྱི་རྐང་རྡེབ་ལག་རྡེབ་འགའ་བྱས་མྱོང་བ་དྲན། གལ་སྲིད་ཁོང་གཉིས་ཀྱི་ཐུགས་ལ་གནོད་ཡོད་ན་འདི་རང་ཡིན་སྲིད། གཞན་ཅི་ཡང་མི་དྲན་ནོ།།
6.ཟླ་ཚེས་གསལ་བོར་མི་དྲན་མོད། བཏུས་དེབ་པར་སྐྲུན་ཚར་ནས་པར་ཕུད་དུ་དེབ་གྲངས་སུམ་བརྒྱ་ཙམ་རྭ་རྒྱའི་སློབ་གྲྭར་སློབ་གྲོགས་ཤིག་བརྒྱུད་ནས་བཙོང་ཡིན། ཉིན་གཅིག་གཉིས་ནང་ཧ་ལམ་ཕལ་ཆེལ་བཙོང་ཚར་འདུག དེ་ནི་སློབ་གྲོགས་ཚོས་བདག་ལ་ཆེ་མཐོང་དང་གདེང་འཇོག་མཐོན་པོ་ཡོད་པའི་རྟགས་སུ་དཔོག ཡིག་ངག་གཉིས་ནས་རྟེན་འབྲེལ་སྒྲིག་མཁན་ཡང་གང་མང་བྱུང་ཐལ། ད་རུང་”རྭ་རྒྱའི་ལྕགས་ཟྭ་གཏོར་མཁན་གྱི་ཐོ་ཐོགས་པ་མགར་མི་”ཞེས་བསྟོད་བསྔགས་ཀྱི་ཆོ་ལོ་ཁྱད་མཚར་རོ་རེ་ཡང་སློབ་གྲོགས་འདང་ཅན་འགས་བཏགས་པ་བདག་གིས་དངོས་སུ་ཐོས་མྱོང་། འོན་ཀྱང་མཇུག་འབྲས་ནི་དེ་འདྲའི་སྟབས་བདེ་བདེ་ཞིག་བྱུང་མ་སོང་།
7.སློབ་གྲྭར་བཏུས་དེབ་བཀྲམས་ནས་ཉིན་པར། དགེ་རྒན་ལྡོང་ཡོན་ཏན་དང་བཛྲ་ཚུལ་ཁྲིམས་གཉིས་ཀྱིས་གཙོ་འགན་ཁུར་ཏེ་ཛ་དྲགས་ཚོགས་འདུ་བསྡུས། གྲོད་ཆོད་བཞག བསྒྲག་ཡིག་བརྩམས། མཐའ་མའི་གྲོས་ཚོགས་གྲོས་ཆོད་ཀྱི་ནང་དོན་གཤམ་གསལ་ལྟར་གཏན་ཁེལ། དགེ་སློབ་ཡོངས་རྫོགས་མཉམ་འདུས་ཀྱི་མདུན་སར་བསྒྲགས། མཚན་སྦྱོང་སྐབས་འཛིན་གྲྭ་རེ་རེའི་ནང་དུའང་བསྒྲགས།
8.“སློབ་གྲོགས་རྡོ་རྗེའི་བཏུས་དེབ་འདི་ཕྱིན་ཅི་ལོག་གི་དེབ་ཅིག་རེད། འདི་སློབ་གྲྭའི་ཁ་ཕྱོགས་དང་མཐུན་གྱི་མི་འདུག རྡོ་རྗེ་ཁོ་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་མི་དགའ་མཁན་ཞིག་རེད།སྲོལ་རྒྱུན་ལ་དགག་པ་རྒྱག་གི་ཡོད་རེད། སྨྱོན་པ་འདྲ་བོ་རེད། ཁོའི་བྲིས་རྩོམ་དེ་ཚོ་གྲྭ་བའི་བསླབ་ཁྲིམས་དང་འགལ་བའི་འཆལ་རྩོམ་ཏག་ཏག་རེད། སློབ་གྲྭར་མིག་ལྟོས་ངན་པ་འཇོག་བྱེད་རེད། ཡག་པོ་མ་རེད། དེ་བས་ཁོའི་རྩོམ་ཉོག་དག་སློབ་གྲྭ་འདི་ནས་གཏད་ཕུད་བརྒྱབས་ནས་སློབ་གླིང་གཙང་བཟོ་བྱེད་དགོས། དེབ་རྐང་གཅིག་སློབ་གྲྭ་འདིར་གཏན་ནས་གནས་ས་མེད། སློབ་མ་སུས་ཁོའི་བཏུས་དེབ་ཉོས་ཡོད་ན་ད་ལྟ་རང་ནས་བཙོང་མཁན་ཁོ་ལ་ཕྱིར་སློག་གྱིས། ཡིན་གཅིག་མིན་གཉིས་མེད་པར་བཟོས། སང་ཉིན་ནས་དགེ་རྒན་དང་ལས་བཟོ་བ་ཚོས་ཞིབ་གཤེར་བྱེད་གི་ཡིན། གལ་སྲིད་ད་རུང་ཁོའི་དེབ་ཉར་མཁན་འདྲ་ཡོད་ན། དེབ་དང་མཉམ་དུ་ཁྱོད་རང་ཡང་སློབ་གྲྭ་ནས་ཕྱིར་ཕུད་བྱེད་ཁོ་ཐག་ཡིན། ཚང་མས་གོ་སོང་བཱ། ཁྲིམས་འདི་ལག་བསྟར་བྱེད་གཏན་ཁེལ་ཡིན། དེ་དུས་མ་གོ་མ་ཐོས་བཤད་ས་མེད། ད་དུ་གྱིས།”
9.དོན་དག་བྱུང་རྗེས་བཏུས་དེབ་བཙོང་མཁན་གྱིས་བདག་ལ་ཁ་པར་སླེབས་ནས་”སློབ་གྲྭ་ནས་དེབ་བཙོང་གི་མི་འཇུག་གི ད་རུང་བཙོང་ཟིན་པའི་དེབ་དག་ཀྱང་མང་པོ་ཕྱིར་སློག་སོང་།” ཟེར་ནས་བདག་ལ་དགོངས་དག་ལབ་སོང་། བདག་གིས་ཕྱིར་ཁོ་ལ་ཅིའི་ཕྱིར་བཙོང་མ་བཅུག་པ་རེད། སུ་རེད། ག་རེ་ལབ་སོང་ཟེར་ནས་དྲིས་མེད། འདྲི་ཡང་མི་དགོས། “འོ་ཡ། གོ་སོང་། ཁྱོད་ལ་འོ་རྒྱལ་བཟོས་སོང་”ལབ་ནས་བཞག་ཡིན།
རྭ་རྒྱའི་སློབ་གྲྭ་ནི་བདག་གི་མ་ཡུམ་སློབ་གྲྭ་ཡིན། བརྩེ་བ་ཆེན་པོ་ཡོད། དགེ་སློབ་ཡོངས་འདང་ཅན་ཡིན། ཐ་ན་སློབ་གྲྭའི་མདུན་དུ་ལྷུང་ལྷུང་འབབ་པའི་རྨ་ཀློང་ཆུ་བོ་དང་། རྨ་ཀློང་དལ་འབབ་རིང་མོས་སྐ་རགས་འཆིང་བའི་བཙུན་མོའི་བླ་རི། ས་དམར་སྒེག་ལྡན་མ། རྒྱབ་ན་བརྗིད་ཀྱིས་འགྱིང་བའི་ཨ་མྱེ་ཁྱུང་མགོན། བྲག་རི་གཤོག་ལྡན་ཁྱུང་འདྲ་མ། ད་རུང་རྭ་རྒྱའི་ས་དམར་ཁྲོད་གང་སར་སྐྱེས་པའི་འཇག་ཚོམས་གླུ་ལེན་མ་སོགས་ཡོད་ཚད་ལ་དུང་བ་ཟབ་མོ་ཡོད། བདག་གི་བཏུས་རྩོམ་འདིའི་འབྱུང་ཁུངས་ཀྱང་ཡིན། བཀའ་དྲིན་ཆེན་པོར་སྒོམ་གྱིན་ཡོད། བདག་གིས་ནམ་ཡང་ཡིད་འོང་གི་ཚོགས་དེ་དག་ལ་མ་རུང་བའི་ལས་བགྱིས་མྱོང་མེད་ལ། ཕྱིན་ཆད་ཀྱང་མི་བགྱིའོ།།
10.ཕྱིར་སློག་བྱས་པའི་བཏུས་དེབ་དག་ཕལ་ཆེར་ཕན་མེད་ཆགས་འདུག བསམ་བློ་དམན་པའི་སློབ་མ་ཅོལ་ཅུང་ཚོས་སངས་རྒྱས་ཀྱི་དཔའ་རྟུལ་འཁྲབ་ནས་བདག་གི་བཏུས་དེབ་ལ་དམག་ཆེན་པོ་རྒྱབ་འདུག རྨས་སྐྱོན་མ་ཕོག་པའི་བཏུས་དེབ་སྐྱོན་མེད་ཁ་ཚང་ཞིག་གཅིག་ར་མི་འདུག དམག་སྤྱི་ཆེན་མོ་ཁོང་གཉིས་ཀྱི་དམག་ཐབས་འགྲན་ཟླ་བྲལ་བ་རེད། དེབ་ཀྱི་མཇུག་ཏུ་ཀློག་པ་བོའི་མྱོང་ཚོར་འབྲི་སའི་ཤོག་ལྷེབ་སྟོང་པ་འགའ་བཞད་ཡོད། དེའི་ནང་དུ་རྒྱུ་མཚན་མེད་པའི་ཚིག་རྩུབ་ཁ་བཙོག་གིས་དེབ་རེ་རེར་བརྫད་འདུག དཔེ་སྐྲུན་ཁང་གཞན་ལ་བཙོང་སར་མི་འགྲོ་བ་བཟོས་པས་བདག་ཕམ་སོང་། དམག་ཕྲུག་སློབ་མ་ཚོས་ཀློག་ཚོར་བྲིས་པ་མང་ཕྱོགས་འདི་འདྲ་རེད། “ ལྟ་ལོག་པ། སྲོལ་རྒྱུན་ལ་དགག་པ་རྒྱག་མཁན་གྱི་ངོ་ལོག་པ། དགེ་རྒན་ཁས་མི་ལེན་མཁན་གྱི་རང་རློམ་ང་རྒྱལ་ཅན། གཞང་བཙོང་མ་”སོགས་མང་པོ་བྲིས་འདུག གང་ལྟར་བདག་གི་བཏུས་དེབ་བརྫད་ཡག་བརྫད་འདུག
11.ནམ་རྒྱུན་བདག་གི་བསམ་ཕྱོགས་ལྟ་ཕྱོགས་ལ་ཆེ་མཐོང་སྤྲོད་མཁན་གྱི་ནང་གྲོགས་ཚོས་བཏུས་དེབ་ཀྱི་རྒྱ་ཤ་བཀོག་ནས་ལྐོག་ཉར་བྱས་འདུག རྒྱབ་ཤ་གསར་བ་སྤྲད་ནས་ལྐོག་ལྟ་བྱས་རབས་འགུ དབྱངས་ཅན་དགྱེས་གླུ་དང་ཡང་གསལ་སྣང་མཛོད་གཉིས་ཀྱི་བར་ལ་བཙུར། སུམ་རྟགས་རྩ་བ་དང་བློ་གསལ་འཇུག་ངོགས་སོགས་ཀྱིས་ཕྱི་རྭ་བརྒྱབས་ནས་སློབ་གྲྭར་དེབ་རྒྱུན་མ་ཆད་ཙམ་གནང་འདུག གཞན་ད་རུང་། ནམ་རྒྱུན་བདག་དང་འབྲེལ་བ་མེད་ནའང་སྐབས་དེའི་བདག་དང་བདག་གི་བཏུས་དེབ་ཀྱི་མཚན་སྙན་དེས་ཡིད་དབང་འཕྲོག་ཏེ་གོང་ལྟར་ལྐོག་ཉར་ལྐོག་ལྟ་བྱས་པའི་གསང་སྒྲུང་ཡང་མང་པོ་འགུ། གང་ལྟར་དེ་ནས་བཟུང་རྭ་རྒྱའི་ཁོར་ཡུག་ནས་བདག་གི་བཏུས་དེབ་འདི་གསང་དཔེ་ཞིག་ཏུ་གྱུར་སོང་བ་རེད་དོ།།
12.སྤྱིར་བཏང་འཇིག་རྟེན་མི་ཆོས་ཀྱི་འགྲོ་ལུགས་ལྟར་ན་བདག་གིས་ཁོང་གཉིས་ལ་ཕྱིར་འཁོན་ལན་སློག་སྟངས་རེ་ཡོད་པ་མ་ཤེས་པ་མིན་མོད། ཁོང་གཉིས་བདག་གི་ལོ་མང་རིང་དགེ་རྒན་ཡིན་པའི་ཁ་ངོར་བལྟས་ནས། ཁ་ལན་ཚིག་ལན་གཅིག་ཀྱང་བྱས་མེད། (ཤར་དུང་རི།)དང་(རྔ་སྒྲ།)རྩོམ་སྒྲིག་པ་གཉིས་ཀྱིས་བདག་ལ་རྩོམ་སྐུལ་གནང་མྱོང་།དུས་དེབ་གྲགས་ཅན་གཉིས་ཀྱིས་སྒོ་ཆེན་བདག་ལ་ཕྱེས་ནས་དགག་རྩོམ་ལ་ས་མིག་སྤྲད་འདོད་བསྟན་པར་བདག་ལ་ཁ་ངོ་ཡོད། དགེ་རྒན་ལྡོང་ཡོན་ཏན་དང་བཛྲ་ཚུལ་ཁྲིམས་གཉིས་ཀྱིས་སློབ་མ་བརྩེ་བས་སྐྱོང་སྟངས་འདྲ་ཞིག་ལས་མེད་ནའང་། བདག་གིས་དགེ་རྒན་ལ་བརྩི་བཀུར་བྱེད་སྟངས་དམ་པའི་ལྷ་ཆོས་དང་མཐུན་པར་བྱས་ཡོད་དོ།།
13.དུམ་ཚན་བཅུ་གསུམ་བྲིས་ནས་རྩོམ་མཇུག་སྒྲིལ་རྒྱུ་ཡིན། ལྡོང་ཡོན་དང་བཛྲ་ཚུལ་ཁྲིམས་གཉིས་ཀྱི་ཁོག་རྒྱ་ཆེ་ཆུང་། ལྟ་བའི་ཟབ་ཚད། སྤྱོད་པའི་ཕྱི་ནང་། བྱམས་བརྩེའི་སྲབ་མཐུགབསམ་བློའི་ཕུག་ཐག མཁས་པའི་བྱང་ཚད། ཕྲག་ཀའི་དོག་འདུག དམིགས་པའི་ཁྱབ་ཚད་སོགས་བདག་གིས་རྩོམ་ཡིག་འདིར་གླེང་འདོད་མེད། གླེང་ན་རྩོམ་ཡིག་འདི་འཕྲོ་བརླག་རེད། བརྫད་བཏང་ནི་རེད། མི་གླེང་ནམ་ཡང་མི་གླེང་ངོ་།། འོ་ལགས་སོ།། ད་དུ་ཡིན་ནོ།།
2022.8.22