– གྲོལ་ཧེ་རུ་ཀཿ
1.བཀའ་འགྱུར་གྱི་མང་ཆེ་བ་མདོ་རེད། མདོ་མང་ཆེ་བ་སྒྲུང་རེད། སྒྲུང་མང་ཆེ་བ་རྫུན་རེད། མདོར་ན་བཀའ་འགྱུར་པོ་ཏི་བརྒྱ་ལས་བརྒྱད་ཅུ་ཙམ་གནའ་བོའི་རྒྱ་གར་རིག་བྱེད་ཀྱི་སྒྲུང་རིང་དག་ལས་ཁོལ་དུ་བྱུང་པ་འབའ་ཞིག་ཏུ་འཁུམས་སོ།།
2.རྒྱལ་བའི་བཀའ་ལ་བོད་ཡིག་ཏུ་འགྱུར་བའི་བཀའ་འགྱུར་པོ་ཏི་བརྒྱ་ལྷག་འདི་འཐུས་ཚང་ཤོས་ཡིན་ས་རེད། ལྷོ་རྒྱུད་དང་བྱང་རྒྱུད་དེ། ཐེ་ལན་དང་འབར་མ། ཀོ་རི་ཡ་དང་ཉི་ཧོང་། སོག་པོ་དང་རྒྱ་ནག་སོགས་ཀྱང་ཡིག་རིགས་མ་འདྲ་བ་ཙམ་ལས་བརྗོད་དོན་འགྱུར་རྩོམ་འདིའི་ཁོངས་སུ་ཕལ་ཆེར་ཡོད། འོན་ཏེ་སྤྱིར་ན། རྒྱལ་བའི་བཀའ་རུ་གྲགས་པའི་བཀའ་པོད་འདི་ཚོའང་། དཀྱུས་གཅིག་ཏུ་སངས་རྒྱས་ཀྱི་བཀའ་དངོས་ཡིན་པར་ཁ་ཚོད་མི་ཆོད། མ་ཟད་མིན་པའི་སྒྲུབ་བྱེད་བདག་གིས་མང་པོ་མཐོང་བཞིན་ཡོད།
3.སངས་རྒྱས་པའི་ལུགས་ལ་ཐེག་ཆེན་དང་ཐེག་དམན་ཞེས་བཟང་ངན་ལྟ་བུའི་དབྱེ་བ་གཉིས་སུ་བཀར་བ་ནི་ཕྱིས་བྱུང་ཀླུ་སྒྲུབ་དང་ཐོགས་མེད་སོགས་ཀྱིས་རང་རྩོམ་བཀའ་རུ་སྒྲུབ་བྱེད་རེད།མ་གཏོགས་རྒྱལ་བའི་བཀའ་དངོས་ལ་མཆོག་དམན་གྱི་དབྱེ་བ་མེད། མ་ཟད་དབྱེ་སྲོལ་དེ་སངས་རྒྱས་ཀྱི་བཀའ་མདོ་དངོས་ཀྱིས་ཟིན་ཡང་མེད། ལྟ་བ་སྟོང་ཉིད་དང་བསམ་པ་བྱང་སེམས་གཉིས་ནི་ཐེག་པ་ཆེན་པོའི་བརྗོད་བྱ། ཐོད་པའི་མིག་གཉིས་ལྟ་བུ་ཡིན།
4.སྔགས་བཀའ་ལ་འདོད་མཁན་ནི་ཀླུ་སྒྲུབ་སོགས་གཞུག་གི་ཐེག་ཆེན་པ་ཚོ་ཡིན་པ་ལས་ཡོངས་གྲགས་མིན། རྒྱ་གར་གྲུབ་ཆེན་རྣལ་འབྱོར་བ་ཚོས་གསང་སྔགས་རྒྱལ་བའི་བཀའ་ལ་ཤུགས་ཆེར་བསྒྲུབ་ཁུལ་བྱས་ཀྱང་དངོས་ཡོད་ལོ་རྒྱུས་ཀྱིས་ར་སྤྲོད་ཐུབ་མེད། གུ་རུ། ཏཱེ་ལོ། ནཱ་རོ། ཎ་གར་ཛི་ན། ཨར་ཡ་དེ་ཝ། སྦི་སི་ཁུ་སོགས་ཀྱིས་གཙོ་འགན་ཁུར་འདུག ལྷག་ཏུ་བོད་བརྒྱུད་ནང་བསྟན་པའི་གྲུབ་པའི་རྣལ་འབྱོར་བ་མར་པ། མི་ལ། རྭ་ལོ། དགའ་ལོ། འབྲུག་ཀུན་སོགས་སྔགས་སྒྲུང་ལ་མགོ་འཁོར་ཏེ་སྔགས་སྒྲུང་གིས་བཟི། མི་རྣམས་ལ་སྔགས་སྒྲུང་བཤད་དེ་བཟི་རུ་བཅུགམཐར་མུ་མེད་པའི་སྔགས་སྒྲུང་གི་དབྱིངས་ཞུགས། སྔགས་ལམ་ནས་མངོན་པར་རྫོགས་པ་སངས་རྒྱས་པའི་ཚུལ་བསྟན་ཏེ་ཀུན་ལ་འུར་ནའང་། སྔགས་བཀའ་རུ་སྒྲུབ་པར་ཁོ་ཚོར་ཕྱི་རྗེས་མེད།སྤྱིར་ན་བོད་བརྒྱུད་ནང་བསྟན་པའི་སྔ་འགྱུར་རྙིང་མ་ཚང་གི་སྦྱོར་བགྲོད་དམ་བུད་མེད་འཆལ་སྦྱོད་དང་། དགའ་ལུགས་པའི་རྟོག་གེ་ཞེ་སྡང་ཅན་གཉིས་མ་གཏོགས། གཞན་ས་སྐྱ་དང་ཇོ་ནང་བཀའ་བརྒྱུད་སོགས་ནི་མདོར་དེད་ན་ཞལ་འདོན་ཙམ་ལ་མ་མཐུན་པ་ལས་གཞན་ལྟ་བའི་ཕྱོགས་ནས་དམིགས་བསལ་ཅང་མེད་པར་སེམས་སོ།།
5.དྲང་དོན་དང་ངེས་དོན། ཀུན་རྫོབ་དང་དོན་དམ། གདུལ་བྱ་ཐུན་མོང་དང་ཐུན་མིན། ཉན་ཐོས་དང་བྱང་སེམས། ཐེག་ཆེན་དང་ཐེག་དམན། བདག་མེད་གཉིས་ཟེར་བ་ལྟ་བུ་འདི་ཚོ། ཕྱིས་བྱུང་མཁས་པ་རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་སངས་རྒྱས་གོ་ཏ་མར་གླེང་བཀལ་བ་རེད་མ་གཏོགས། སངས་རྒྱས་ཀྱིས་བདེན་པ་གཅིག དོན་གཅིག ངེས་པ་གཅིག རིམ་པ་གཅིག་བཅས་གཅིག་ཅན་མ་གཏོགས། མཆོག་དམན་ལྟ་བུའི་དབྱེ་བ་བཀར་རྒྱུ་ཅན་ཞིག་ལར་ནས་གསུང་མེད།
6.སྡེ་སྣོད་གསུམ་ལ་ཐེག་པ་ཆེ་ཆུང་གིས་དབྱེ་བ་ཡོད་པ་ངས་མ་མཐོང་། ཕལ་ཆེར་མེད་ཚོད་འདྲ། རྒྱུ་མཚན་ཐེག་མ་ཐེག་གིས་དབྱེ་བྱ་ནི་ལྟ་བ་སྟོང་ཉིད་དང་བསམ་པ་བྱང་སེམས་སོགས་རེད།མ་ཟད་འདུལ་བ་ནི་དགེ་སློང་ཚོའི་སྤྱོད་པའི་བཅས་ཁྲིམས་ཡིན་པས་ཐེག་མ་ཐེག་གི་སྐད་ཆ་ཡོང་ས་ཁོ་རང་མེད་རེད།
7.དངོས་བསྟན་སྟོང་ཉིད་སྐོར་གྱི་བརྩམ་ཆོས། ཡུམ་ཤེར་ཕྱིན་གྱི་མདོ་དེ་ཚོ་ནི་སྤྱིར་ན་རྒྱལ་བའི་བཀའ་མིན་པར་ཀླུ་སྒྲུབ་ཀྱི་རང་རྩོམ་རང་འགྲེལ་རྐྱང་རེད། བརྗོན་དོན་ཐེག་ཆེན་སྟོང་ཉིད་ཀྱི་ལྟ་བ་ཡིན་པ་ངོ་མ་རེད། འོན་ཀྱང་དངོས་པོའི་གཤིས་ལུགས་དང་ཕྱོགས་གཅིག་མཐུན་ཡང་ཕྱོགས་གཅིག་མ་མཐུན་པའི་གནས་ལུགས་ངོ་གཉིས་མ་ཞིག་རེད། མ་ཟད་སྒྲུང་གི་རང་བཞིན་ཧ་ཅང་ཤུགས་ཆེ། ཐེག་ཆེན་མཁན་པོ་ཁོང་ནི་ནང་བསྟན་མཚན་ཉིད་རིག་པར་བཀའ་དྲིན་བླ་ལྷག་ཏ་ཆེའོ།།
8.སྦས་དོན་མངོན་རྟོགས་སྐོར་གྱི་བརྩམ་ཆོས། བྱམས་ཆོས་སྡེ་ལྔ་སོགས་ནི། ཨ་ཇོ་ཐོགས་མེད་ལགས་ཀྱིས་བྱམས་མགོན་ལ་ཁ་གཡར་ནས་རང་རྩོམ་བཀའ་ལ་བསྒྲུབ་པ་ཤ་སྟག་རེད། བརྗོད་དོན་ཐེག་ཆེན་བྱང་སེམས་ཀྱི་བསམ་བློ་ཡིན་པ་དངོས་ཐོག་རེད། ཡིན་ཡང་མིའི་རང་བྱུང་ཆོས་ཉིད་དང་མ་འཚམས་པའི་འཆར་སྣང་གི་སེམས་བསྐྱེད་ཙམ་རེད། ཐོགས་མེད་ཀྱིས་བྱམས་མགོན་ཁྱི་མོར་མཐོང་བའི་སྒྲུང་ཐུང་སོགས་ནི་ཐེག་ཆེན་པའི་སྒྲུང་ཐུང་། སྒྲུང་འབྲིང་། སྒྲུང་རིང་སོགས་ཐམས་ཅད་ཀྱི་ཕྱི་མོ་ལྟ་བུ་རེད།
9.རྒྱུད་སྡེ་བཞི་སོགས་སྔགས་སྡེའི་རིགས་ཚང་མ་སྒྲུང་དང་ཆེར་དབྱེ་མི་གཏིབས། ལྷག་ཏུ་རྒྱ་གར་གནའ་བོའི་ཧུན་དྷི་ཆོས་ལུགས་ཀྱི་ཕྱི་ཕྲུག་ཁ་ཚར་ཅན་ཞིག་ཡིན་པ་སྙོན་མེད་རེད། ཡིན་ཡང་མཚན་ཉིད་རིག་པའི་བྲོ་བ་ཅུང་ཙམ་ཡོད་པས་ང་ཚོས་སྒྲུང་ཡིན་པ་ངོ་མ་ཆོད་པ་རེད། མ་གཏོགས་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་འཁོར་ལོ་སྡོམ་པ། གཉིས་མེད་ཀྱེ་རྡོ་རྗེ། རྣལ་འབྱོར་བླ་ཡོད་མེད་སོགས་ཚང་མ་རིག་བྱེད་ཀྱི་སྒྲུང་རང་རེད་སྙམ།
10.དུམ་ཚན་བཅུ་བར་སངས་རྒྱས་ཆོས་ལུགས་དང་འབྲེལ་བའི་རྒྱ་གར་རྒྱལ་རབས་སྟབས་བདེ་ཞིག་གིས་རྩོམ་མཇུག་སྒྲིལ་བར་བྱ། ལོ་ངོ་ལྔ་སྟོང་གི་རྒྱ་གར་ལོ་རྒྱུས་ནི། སྤྱིའི་ཆ་ནས་གཅིག་གྱུར་དང་སིལ་བུ་གཉིས་ལས་བརྒྱ་ཆ་བརྒྱད་ཅུ་སིལ་བའི་དུས་སྐབས་རེད། གཅིག་གྱུར་ཆེན་པོ་གཉིས་མ་གཏོགས་བྱུང་མྱོང་མེད། གཉིས་ལས་དང་པོ་ནི་ཨ་ཤཱོ་ཀའི་མོལ་བའི་རྒྱལ་རབས་ཀྱི་ལོ་ངོ་བཞི་བརྒྱ་ཙམ་གྱི་རིང་དེ་རེད། རྒྱལ་རབས་འདི་སྤྱི་ལོ་སྔོན་གྱི་ལོ་སུམ་བརྒྱ་ཙམ་ནས་མགོ་བརྩམ་འདུག གཉིས་པ་ནི་ཀུབ་ཏའི་རྒྱལ་རབས་ཀྱི་ལོ་ངོ་ལྔ་བརྒྱ་ཙམ་གྱི་རིང་དེ་རེད། རྒྱལ་རབས་འདི་སྤྱི་ལོའི་དུས་རབས་གཉིས་པའི་ནང་ཙམ་ནས་མགོ་བརྩམ་འདུག
རྒྱ་གར་རྒྱལ་རབས་ཁྲོད་ནས་སངས་རྒྱས་ཆོས་ལུགས་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱལ་རབས་དག་ནི། མོལ་བའི་རྒྱལ་རབས། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་ནས་དུས་རབས་དང་པོའི་བར། ཀི་ཤཱ་ནའི་རྒྱལ་རབས། སྤྱི་ལོའི་དུས་རབས་དང་པོ་ནས་གཉིས་པའི་ནང་ཙམ། ཀུབ་ཏའི་རྒྱལ་རབས། སྤྱི་ལོའི་དུས་རབས་གཉིས་པ་ནས་དྲུག་པའི་བར། ཧར་ཁའི་རྒྱལ་རབས། སྤྱི་ལོའི་དུས་རབས་དྲུག་པའི་ནང་ཙམ། པཱ་ལའི་རྒྱལ་རབས་བཅས་སོ།། སྤྱི་ལོའི་དུས་རབས་བདུན་པ་ནས་བཅུ་གཉིས་བར་རོ།།
རྒྱ་གར་ཤེས་རིག་གི་དཔལ་ཡོན་ལ་འཕེལ་རིམ་ཆེན་པོ་ལྔ་ཡོད་པར་བཤད། སྤྱི་ལོ་སྔོན་གྱི་ལོ་ཉིས་སྟོང་ལྔ་བརྒྱ་ནས་སྤྱི་ལོ་སྔོན་གྱི་ལོ་གཅིག་སྟོང་ལྔ་བརྒྱའི་བར་ལ་ཧཱ་ལ་ཕཱའི་ཤེས་རིག་གི་དུས་རབས་ཟེར། གདོན་མའི་ཤེས་རིག་ཀྱང་ཟེར། སྤྱི་ལོ་སྔོན་གྱི་ལོ་གཅིག་སྟོང་ལྔ་བརྒྱ་ནས་སྤྱི་ལོ་སྔོན་གྱི་ལོ་ལྔ་བརྒྱ་ཙམ་ལ་ཡཱ་ལས་ཨན་ཤེས་རིག་གི་དུས་རབས་ཟེར། རིག་བྱེད་ཀྱི་དུས་རབས་ཀྱང་ཟེར། སྤྱི་ལོ་སྔོན་གྱི་ལོ་ལྔ་བརྒྱ་ནས་སྤྱི་ལོའི་དུས་རབས་བཞི་བ་ཙམ་ལ་ནང་བསྟན་ཤེས་རིག་གི་དུས་རབས་ཟེར། སྐབས་འདི་སངས་རྒྱས་ཆོས་ལུགས་རང་ངོས་ནས་ཆེས་ཆེར་དར་བའི་དུས་མིན་ཡང་། རྒྱ་གར་སྤྱིའི་ཆ་ནས་དེ་འདྲ་རེད། སྤྱི་ལོའི་དུས་རབས་གསུམ་པ་ནས་བཅུ་གཉིས་བར་ལ་ཧུན་དྷི་ཆོས་ལུགས་ཆེས་ཆེར་རྒྱས་པའི་དུས་རབས་ཟེར། སྤྱི་ལོ་གཅིག་སྟོང་ཉིས་བརྒྱ་བཅུ་མེད་དྲུག་ནས་གཅིག་སྟོང་བརྒྱད་བརྒྱ་བརྒྱད་ཅུ་གྱ་བདུན་ཙམ་ལ་ཧུན་དྷི་ཆོས་ལུགས་དང་མི་སི་ལམ་ཆོས་ལུགས་གཉིས་མཉམ་གནས་མཉམ་དར་བྱེད་པའི་དུས་རབས་ཟེར།
རྒྱ་གར་ཤེས་རིག་གི་འཕེལ་རིམ་ཁྲོད་དུ་སངས་རྒྱས་ཆོས་ལུགས་རང་སྟེང་ནས་ཀྱང་འཕེལ་འགྱུར་ཆེན་པོ་བཞི་བྱུང་བར་བཤད། དང་པོ་། སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་ནས་ཐེག་དམན་ཉན་ཐོས་སྡེ་བ་བྱེ་བྲག་ཏུ་མ་གྱེས་བར་ལ་གདོན་མའི་དུས་རབས་ཀྱི་ནང་ཆོས་ཟེར། དེ་ནི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཚོ་བཞུགས་ཀྱི་རིང་དང་སྟོན་པ་འདས་རྗེས་ཀྱི་ལོ་ཉིས་བརྒྱ་ཙམ་ལ་ཟེར། གཉིས་པ།ཐེག་དམན་ཉན་ཐོས་པའི་དུས་རབས་ཟེར། དེ་ནི་ཉན་ཐོས་བྱེ་བྲ་སྨྲ་བའི་སྡེ་བ་གཉིས་ནས་བརྒྱད། བརྒྱད་ནས་བཅུ་དྲུག་ཏུ་གྱེས་ཏེ་ཕྱོགས་ཐམས་ཅད་ནས་ཐེག་དམན་ཆེས་ཆེར་དར་བའི་དུས་རབས་ལ་ཟེར། སྟོན་པ་འདས་རྗེས་ཀྱི་ལོ་ཉིས་བརྒྱ་ནས་ལྔ་བརྒྱའི་བར་ཙམ་རེད། གསུམ་པ། དབུ་མ་དང་སེམས་ཙམ་པ་གཙོ་ཆེར་དར་བའི་ཐེག་ཆེན་གྱི་དུས་རབས་ཟེར། སྟོན་པ་འདས་རྗེས་ཀྱི་ལོ་ལྔ་བརྒྱ་ནས་ལོ་གཅིག་སྟོང་སུམ་བརྒྱ་ཙམ་གྱི་བར་ལ་ཟེར། བཞི་བ། གསང་སྔགས་ཐེག་ཆེན་བླ་ལྷག་དར་བའི་དུས་རབས་ཟེར། གསང་སྔགས་ཀྱི་རྫོགས་ལྡན་དུས་རབས་ཀྱང་ཟེར། སྟོན་པ་འདས་རྗེས་ཀྱི་ལོ་གཅིག་སྟོང་སུམ་བརྒྱ་ཙམ་ནས་རྒྱ་གར་ལ་ནང་བསྟན་ཉམ་རྒུད་དུ་སོང་རག་བར་རེད། བོད་ལ་མཚོན་ན་ལྟའི་བར་རེད།
ནང་བསྟན་རིག་གཞུང་ལ་འཕེལ་འགྱུར་རིམ་པ་བཞི་བྱུང་སྐབས། རྒྱ་གར་ལོ་རྒྱུས་ཁྲོད་ནས་རྒྱལ་རབས་གང་དག་ལ་ཁེལ་ཡོད་མེད་དཔེ་མཚོན་ཙམ་བཀད་ན། རིམ་པ་དང་པོ་གདོན་མའི་དུས་རབས་ཀྱི་ནང་ཆོས་ཞེས་པར་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱར་མཁན་ནི། རྒྱལ་ཁམས་སྟོད་སིལ་སྐབས་ཀྱི་ཤཱཀྱའི་རྒྱལ་ཕྲན། མ་ག་དྷའི་རྒྱལ་ཕྲན། ཡངས་པ་ཅན་གྱི་རྒྱལ་ཕྲན་སོགས་ནས། རྒྱལ་ཁམས་གཅིག་གྱུར་སྐབས་ཀྱི་མོལ་བའི་རྒྱལ་རབས་ཀྱི་མགོ་སྟོད་ཙམ་རེད། རིམ་པ་གཉིས་པ་ཐེག་དམན་ཉན་ཐོས་པའི་དུས་རབས་ཞེས་པར་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱར་མཁན་ནི། མོལ་བའི་རྒྱལ་རབས་ཀྱི་(རྨ་བྱའི་རྒྱལ་རབས་ཀྱང་ཟེར)སྟོད་ཙམ་ནས་རྒྱལ་ཁམས་གཅིག་གྱུར་ཡིན་བཞིན་པའི་ཀཱི་ཤ་ནའི་རྒྱལ་རབས་ཆ་ཚང་རེད། རིམ་པ་གསུམ་པ་དབུ་མ་དང་སེམས་ཙམ་པ་གཙོ་ཆེར་དར་བའི་ཐེག་ཆེན་གྱི་དུས་རབས་ཞེས་པར་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱར་མཁན་ནི། རྒྱལ་ཁམས་གཅིག་གྱུར་ཡིན་པའི་ཀུབ་ཏའི་རྒྱལ་རབས་དང་(སྦས་པའི་རྒྱལ་རབས་ཀྱང་ཟེར)ཧར་ཁའི་རྒྱལ་རབས་གཉིས་ཆ་ཚང་ཡིན། རིམ་པ་བཞི་བ་གསང་སྔགས་ཐེག་ཆེན་བླ་ལྷག་དར་བའི་དུས་རབས་ཞེས་པར་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱར་མཁན་ནི། རྒྱལ་ཁམས་སྨད་སིལ་སྐབས་ཀྱི་པཱ་ལའི་རྒྱལ་ཕྲན་རྒྱལ་རབས་ཆ་ཚང་རེད་དོ།།
2021.8.8
༼སེམས་འདི༽
ཁ་བའི་རྣམ་ཤེས།
ཚོར་འདུའི་སྦུ་བ་རྡོལ་བའི་ཕ་རོལ་ན།།
རྣམ་ཏོག་ཆར་དུ་སྙིལ་བའི་ཕ་རོལ་ན།།
མ་རིག་ཆུ་འཛིན་གཏིབས་པའི་ཕ་རོལ་ན།།
སྤྲོས་བྲལ་ནམ་མཁའ་ལྟ་བུའི་རང་སེམས་ཡོད།།
བཙན་པོའི་ལྕགས་རི་ཞིག་པ|
བཙན་པོའི་མངའ་ཐང་ལྕགས་རི་འགྱེལ་ནས་བཟུང་||
སུམ་གཉིས་དབང་སྒྱུར་རྟ་མཆོག་རྨིག་རྗེས་ཡལ||
མདའ་མདུང་ཐམས་ཅད་སྤྲང་པོས་བེར་ཀ་ཁུར||
ཁྲབ་རྨོག་གོས་གསུམ་ཁྱིམ་གྱི་དྲེག་པས་བཀབ||
དཔའ་བོའི་བང་སོར་དྲན་གསོའི་ཕྱག་རྒྱུན་ཆད||
མཐའ་མཚམས་རྡོ་རིང་བྱེ་མའི་གསེབ་ན་ཉལ||
ཆོས་སྲིད་ཐམས་ཅད་དཔྱིད་ཀྱི་ཆུ་ལྟར་འགྲིབ||
མགོ་ནས་ཐུར་རུ་བབས་པའི་རི་མོ་བྲིས||
རྟ་ཕོ་ཅང་ཤེས་འགྲོས་ཀྱིས་གཞལ་དགོས་སར||
བོང་བུའི་རྐང་ཀྱོག་ཞ་རྒྱུགས་གཅིག་གིས་འཁོར||
རུ་བཞིའི་དམག་དཔུང་ཟིལ་གྱིས་གནོན་པའི་ས||
རྒྱ་སོག་གོང་མར་མགོ་བཏགས་ཞུ་སར་གྱུར||
བཙན་པོའི་ཁྲིམས་ཀྱིས་བསྒྱུར་བའི་སྲིད་འཛིན་ཁུལ||
ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་འབྱེད||
ལོ་རྒྱུས་དེབ་ཐེར་བཀོད་པ་མ་གཏོགས་པའི||
མཁར་ཤུལ་ཙམ་ཡང་མངོན་དུ་མ་གྱུར་རོ||
དགུང་བློན་བློ་རིག་གྲོས་པའི་འདུན་ས་ན||
བཙན་པོའི་མགུར་གླུའི་དབྱངས་རྟ་དེ་ནས་ཆད||
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་སྐེད་ནས་ཆག |
བོད་ཁམས་སྐྱིད་པའི་ཉི་མའི་བསྐལ་བ་རྫོགས||
དཔའ་སྡེ་གསུམ་གྱིས་སོ་ཁ་བསྲུངས་པའི་ཡུལ||
སྡར་མའི་ཝ་ཡི་བྲོས་རྗེས་མངོན་པར་དོད||
བཙན་པོའི་ཕོ་ཉ་བསུ་མཁན་ཕྱི་འབྲེལ་ཆད||
མཐའ་མཚམས་ཇག་པའི་དབུ་འཕང་མཐོ་རུ་ཕྱིན||
རིན་ཆེན་གཞལ་བྲལ་བཙན་པོའི་ཕོ་བྲང་ནང་||
བློན་ངན་གཡོ་སྒྱུ་ནམ་མཁའ་གློག་བཞིན་འཁྱུགས||
མཐའ་སྲུང་ནང་འཁྲུགས་ཤི་གསོན་འཁོར་ལོ་བསྐོར||
འབངས་ཀྱི་གྱེན་ལངས་ཁྲོམ་གྱི་འདུས་བཞིན་འདུར||
ཕ་རྒོད་བཟང་པོའི་ཙན་དན་སྡོང་པོ་ལ||
རུས་རྒྱུད་མཐའ་ཆད་ཆུ་ཤིང་ལོ་མ་འཁྲུངས||
བཀའ་བ་བརྒྱ་ཕྲག་འབད་པའི་རྒྱལ་ཁམས་དེ||
སྐད་ཅིག་ཉིད་ལ་སིམ་བུར་དགུ་ལ་གཏོར||
སུམ་གཉིས་བདག་པོ་རྒྱུད་པ་ཆད་ནས་བཟུང་||
རིགས་ལ་ཕན་པའི་བུ་ཞིག་འཁྲུངས་མ་མྱོང་||
ཅི་བྱས་ཐམས་ཅད་ལོག་པ་འབའ་ཞིག་ལས||
ངོམས་སོ་ཆོག་པའི་རྒྱལ་མཚོན་ཕྱར་མྱོང་མེད||