ཀརྨ་དགེ་ལེགས།
འདིར་ཁ་བརྡའི་ཐོག་ན། ཁ་བྱང་ལ། ཨ་བདོ་བག་ལེབ། ཟེར་བའི་རྩོམ་ཞིག་དང་དེ་ལ་ལན་མང་པོ་ཡང་བཏབ་འདུག ངས་མགོ་ནས་ཅུང་ཙམ་མ་གཏོགས་ལྟས་མེད། འོན་ཀྱང་ང་ལ་སྟེར་བའི་ཚོར་སྣང་ནི། ད་ ལྟ་རྩོམ་འབྲི་མཁན་ཚོའི་ཁྲོད་ནའང་འབྲེལ་སྒྲ་མི་དགོས་པར་དོར་འདུག བརྡ་སྤྲོད་པ་དང་མཐུན་དགོས་ན། ཨ་མདོའི་བག་ལེབ། ཞེས་ངེས་པར་འབྲེལ་སྒྲ་དགོས། ཨ་མདོའི་གོ་རེ་ཞེས་འབྲེལ་སྒྲ་ཡོད་པ་བཞིན་བག་ལེབ་ལ་མེད་དོན་མེད། ཁ་ཅིག་གིས་ཨ་མདོ་གོ་རེ་ཞེས་བྲིས་པ་འདུག འདི་དག་ཨ་མདོའི་སྐད་དག་མ་ཤེས་མེད་པ་ཡིན་ནམ། འདི་དག་དོན་ཆུང་དུ་མི་སེམས་པར་གཟབ་པར་འཚལ།
ཀརྨ་དགེ་ལེགས་ལགས།
ཨ་མདོ་བག་ལེབ་ཞེས་འབྲི་མཁན་དེར་སྐྱོན་ཅིག་འདུག་གམ།
ཨ་མདོ་བག་ལེབ་དང་ཨ་མདོའི་བག་ལེབ་གཉིས་མིང་དང་ཚིག་གི་ཁྱད་པར་རེད།
ལྡི་ལིར་བོད་མིའི་གཞིས་སྒར་ལ་ཕེབས་ན་ཟ་ཁང་དང་མགྲོན་ཁང་མཐོང་རྒྱུ་མང་པོ་རེད།
ལ་ལ་ན་རྙིང་མའི་མགྲོན་ཁང་ཞེས་སྒོ་བྱང་བཀལ་ཡོད། ནང་དུ་སོང་ན་བདག་པོ་རྙིང་མ་མ་རེད། མི་ཚང་སྒེར་བ་ཞིག་ཡིན།
ཡང་ས་སྐྱ་མགྲོན་ཁང་ཟེར་བ་སོགས་ཡོད། དེ་དེ་བཞིན་རེད།
བདག་པོ་དང་ཡུལ་གྱི་ཁྱད་པར་ཙམ་དང་། མིང་དང་ཚིག་གི་ཁྱད་ཙམ་རེད།
སྤྱིར་བོད་ཀྱི་བརྡ་སྤྲོད་སྐབས་དྲུག་པ་འབྲེལ་སྒྲ་ཞེས་ཡུལ་ཕན་ཚུན་འབྲེལ་བར་རྟེན་དང་བརྟེན་པའི་འབྲེལ་བ༌དང། ཡན་ལག་དང་ཡན་ལག་ཅན༌སོགས་འབྲེལ་ཚུལ་རིགས་མི་འདྲ་བ་མང་པོ་ཞིག་ཡོད་ན་ཡང། ཕྱོགས་གཅིག་ནས་གོང་དུ་བཤད་པའི་ཨ་མདོ་བག་ལེབ་དང། ཨ་མདོའི་བག་ལེབ་གཉིས་ལ་བརྡ་སྤྲོད་དང་སྙན་ངག་རིག་པའི་འགྲོས་ལྟར་ན་ཁྱད་པར་ཆེན་པོ་དེ་འདྲ་མི་འདུག་སྙམ། དཔེར་ན་སྙན་ངག་གཟུགས་རྒྱན་སྐབས་བསྡུས་པ་དང་མ་བསྡུས་པའི་སྙན་ངག་དེ་དག་གིས་འབྲེལ་སྒྲ་བསྡུས་མ་བསྡུས་ཤིག་བཤད་ཡིན་པ་ཡོད། འོན་ཀྱང་འབྲེལ་སྒྲ་མ་སྦྱར་བར་ཨ་མདོ་བག་ལེབ་ཞེས་བརྗོད་པར། རྟོག་གེ་བ་ཞིག་ཡིན་ཚེ་ཆོས་ཅན་གང་ཞིག་ཨ་མདོ་བག་ལེབ་ཡིན་པར་ཐལ་ཞེས་མཚན་ཉིད་རིག་པའི་འགྲོས་ཀྱིས་འགྲོ་ས་མེད་པ་ཞིག་བཟོ་ཐག་ཆོད་ཡིན། འོན་ཀྱང་འདིར་སུམ་རྟགས་དང་སྙན་ངག་སྐབས་འབྲེལ་སྒྲ་དངོས་སུ་བསྡུས་མ་བསྡུས་ཀྱི་ཁྱད་པར་ཙམ་ལས་དོན་ལ་འཐད་པར་སེམས།
འདིའི་སྐོར་ཁ་སྔོན་མཆན་གྱི་ནང་དུ་བཤད་ཟིན་པས་འདིར་ཡང་བསྐྱར་ཅང་བཤད་འདོད་མེད།
མདོ་ལྷ་ཁམས་པ་ལགས།
ཨ་མདོ་བག་ལེབ་འབྲི་མཁན་ལ་སྐྱོན་ཡོད་མེད་མི་ཤེས།
ཨ་མདོ་བག་ལེབ། ཞེས་བྲིས་པ་དེར་སྐྱོན་འདུག
ཨ་མདོ་བག་ལེབ་དང་། ཨ་མདོའི་བག་ལེབ་གཉིས་མིང་ཚིག་ཁྱད་པར་ཡིན་པའི་རྒྱུ་མཚན་གསུང་རྒྱུ་ཡོད་དམ།
རྙིང་མའི་མགྲོན་ཁང་ལ་མཚོན་ན། འབྲེལ་གཞི་རྙིང་མ་ཡིན་ལ། འབྲེལ་ཆོས་མགྲོན་ཁང་ཡིན་པས་མིང་དེ་ལྟར་བཏག་པ་རེད། ད་ལྟ་ནང་ན་ཅི་ཞིག་ཡོད་མེད་སོགས་སྐབས་སུ་དགོས་པ་གང་ཡང་མེད།
དེ་བཞིན་ས་སྐྱའི་མགྲོན་ཁང་། ཟེར་དགོས། གལ་ཏེ་ས་སྐྱ་མགྲོན་ཁང་། ཞེས་བྲིས་ཡོད་ན་དེ་ཡང་ནོར་བ་རེད། གལ་ཏེ་དགེ་ལུགས་མགྲོན་ཁང་ཟེར་བ་ཞིག་ཡོད་ན་ཆོག རྒྱུ་མཚན་ནི་སྐབས་འདིར་འབྲེལ་སྒྲ་བསྡུས་པ་ཡིན། འབྲེལ་གཞིའི་ཚིག་མཐར་རྗེས་འཇུག་ཡོད་ཕྱིར། གི ཀྱི། གྱི། དང་། གཞན་ཡང་། རྗེས་འཇུག་མེད་པའི་འབྲེལ་སྒྲ། ཡི། བཅས་བསྡུས་ཆོག རྗེས་འཇུག་མེད་པའི་མཐར་འབྲེལ་སྒྲ། འི། བསྡུས་མི་རུང་།
གཞན་ཡང་། ཨ་མདོ་བག་ལེབ་ཟེར་དགོས་ན། ཨ་མདོ་གོ་རེ། ཨ་མདོ་སྐད། ཨ་མདོ་ས། ཨ་མདོ་ཆུ། ཨ་མདོ་མི། སོགས་རེ་རེ་ནས་བརྗོད་དགོས་པའི་སྐྱོན་ཡང་འབྱུང་སྲིད། འདི་ལྟར་བཤད་ན་ལེགས་སམ།
རྟོག་སད་ལགས།
བོད་ཀྱི་བརྡ་སྤྲོད་པའི་གཞུང་དང་། སྙན་ངག་ལྟར་ན། བསྡུ་ཆོག་པའི་འབྲེལ་སྒྲ་དེ། གི ཀྱི། གྱི། ཡི། དག་ཡིན་མ་གཏོགས། འི་བསྡུས་པ་མ་རེད། གཟུགས་རྒྱན་ལྟར་གོ་བ་ལེན་དགོས་ན། དོན་དུ་ཨ་མདོ་བག་ལེབ་ཀྱི་གཟུགས་སུ་བཀོད་པ་ཡིན་དགོས། དེ་དང། ཨ་མདོའི་བག་ལེབ་གཉིས་ལ་ཁྱད་པར་གནས་ས་བཞིན་ཡོད།
གལ་ཏེ་ཨ་མདོ་བག་ལེབ་ཀྱི་གཟུགས་སུ་བཀོད་པ་མིན་ན། དོན་དུ་ཨ་མདོ་ཡིན་པའི་བག་ལེབ་ཅིག་འདོད་དགོས། དགོས་ན་བག་ལེབ་ཟ་མ་ཡིན་པས་ཨ་མདོ་ཡང་ཟ་མ་ཡིན་དགོས་འདུག
ཧཧཧ། ཀརྨ་དགེ་ལེགས་འདི་ད་ངོ་ནས་སྦུག་སུ་དོག་པོ་ཞིག་རེད། གླང་ཆེན་དེ་ཚོ་ཙི་ཙི་ཁུང་བུ་ལ་ལྟོས་ནས་ཉིན་མཚན་ཁ་ཤས་བསྡད་བཞག་གི་རེད་ཟེར་བ་བདེན་པ་རེད། ཨ་མདོ་སྐད་ཟེར་ན་མི་འགྲིག་ན། རྒྱ་གར་སྐད་ཟེར་ན་ཡང་འགྲིག་རྒྱུ་མ་རེད། ད་སྔར་གྱི་ལོ་ཙྰ་བ་ཚང་མ་ནོར་བསྡད་ཡོད་པ་རེད། བཀའ་འགྱུར་བསྟན་འགྱུར་རེ་རེའི་དབུར་རྒྱ་གར་སྐད་དུ་ཟེར་བ་མ་གཏོགས་རྒྱ་གར་གྱི་སྐད་དུ་ཟེར་མི་འདུག ཀ་ཁ་མ་ཤེས་གོང་ང་བཀའ་འགྱུར་ཞུས་དག་ཟེར་བ་ཅིས་མ་བདེན།
གཞན་ཡང་རྒྱ་གར་སྐད་ཟེར་ན་རྒྱ་གར་ཡིན་པར་གྱུར་བའི་སྐད་ཅིག་དགོས་པ་འེ་རེད། ཨ་མདོ་བག་ལེབ་ཟེར་ན། ཨ་མདོ་ཡིན་པར་གྱུར་བའི་བག་ལེབ་དགོས་ན། མགོ་ལོག་ཟླ་བྷེ་ཟེར་ན་མགོ་ལོག་ཡིན་པར་གྱུར་བའི་ཟླ་བྷེ་དགོས་པ་འེ་རེད། ཨ་མདོ་བླ་མ། ལ་དྭགས་བླ་མ། རྒྱ་ནག་ལྕགས་རི། སོག་པོ་ཇུང་གུར།
ཡང་ཁྱོད་ཀྱིས་དང་པོ་རྣམ་འགྲེལ་གྱི། གཉིས་ཀས་གཅིག་གཅིག་བརྗོད་མོད་ཀྱི།། བརྗོད་བྱའི་ཤན་གྱི་ཁྱད་པར་གྱིས། ། ཟེར་བ་དེར་འགྲེལ་བཤད་བྱོས་དང་། དེ་ནས་བལྟ་རྒྱུ་ཞིག་ཡོད་ནི་རེད།
མཐའ་རྟེན་མེད་ལ་བསམ་བློ་བཏང་ན་ཡང་། རྒྱ་རྡོ་དབང་འདུས། ཨ་མདོ་སྦྱིན་པ་རྒྱ་མཚོ། ཙོང་ཁ་ལྷ་མོ་ཚེ་རིང་། རྡོ་རྗེ་ཕ་ལམ། རྡོ་རྗེ་ཕག་མོ། ད་གཡུག་ཞོག ཁྱོད་ནི་རང་གི་གང་ཤེས་པ་དེ་མ་གཏོགས། གཞན་ནི་གཏི་མུག་གོ་ཟེར་མཁན་ཞིག་ཡིན་པས། ཤ་ཡིན་ན་རང་གི་ཕོར་བ་ནང་གི་ཤ་ཡིན་དགོས་སྒོམ་ནས་སྡོད་དང་གནས་སྐབས་དེ་ལས་ཐབས་ཤེས་གཞན་མེད་པ་འདྲ།
ཨ་མདོ་བག་ལེབ་ནི། ཨ་མདོའི་བག་ལེབ་ཀྱི་བསྡུས་ཚིག་ཙམ་མོ། །
གཞོན་ནུ་ཟླ་མེད་ལ།
བོད་ཀྱི་བརྡ་སྤྲོད་པ་མི་ཤེས་པར་མ་ཟད་ཨ་མདོའི་སྐད་དག་མ་ཡང་མི་ཤེས་པར་གྱུར་འདུག
སྔོན་བདག་སྒྲ་མ་གོ་བར་ངོ་ཚ་ཉོས་པ་དང་། ད་སྐབས་འབྲེལ་སྒྲ་མི་ཤེས་པར་འདུག འདི་དག་རང་གི་ཨ་མདོའི་འབྲོག་སྐད་མི་ཤེས་པའི་སྐྱོན་རེད། གལ་ཏེ་ཤེས་ན། ཨ་མདོ་སྤྱིན་པ་རྒྱ་མཚོ་དང་། ཙོང་ཁ་ལྷ་མོ་སོགས་ག་ལ་འོས། འབྲེལ་སྒྲ་བསྡུ་ཆོག་ཀྱང་ཚང་མ་གཅིག་པ་མིན་པ་འདི་ཤེས་པར་མཛོད། བོད་སྐད། ཅེས་འབྲེལ་སྒྲ་བསྡུ་ཆོག་ཀྱང་། བོད་པ་སྐད། ཅེས་བསྡུ་མི་ཆོག འདི་གཉིས་ཀྱི་ཁྱད་པར་མ་ཤེས་པས་རྨོངས་འདུག རྒྱ་གར་སྐད་དུ། ཅེས་བརྗོད་རིགས་པ་བདེན་ཡང་། ཁ་ཆེ་སྐད་དུ། ཅེས་བརྗོད་མི་རིགས་པས་ཁྱད་པར་ཤེས་པར་མཛོད། དེ་ཤེས་མགོ་ལོག་ཟླ་བྷེ་དང་། ཨ་མདོ་གོ་རེ་ལ་ཁྱད་པར་ཡོད་པ་ཤེས་ཐུབ།
གངས་ཅན་གྱི་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །
སྐུ་ཡི་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང་། །
བཞེད་པའི་དོན་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །
ཡ་ད་འབྲེལ་སྒྲ་ཁ་ཤས་བསྣན་ཡོད་དོ།།
ཨ་རོགས། ཀརྨ་དགེ་གླེན། ཨ་མདོ་སྦྱིན་པ་རྒྱ་མཚོ་ཟེར་བ་འདི་འགྲིག་མེད་ན། དེང་སང་མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོ་སུ་ཞིག་གིས་ཆུ་བཞི་སྒང་དྲུག་དང་འབྲེལ་བའི་ལོ་རྒྱུས་བྲིས་ན། དེའི་ནང་དུ་ཨ་མདོ་སྦྱིན་པ་རྒྱ་མཚོ་ཞེས་བྲིས་འདུག མ་ཟད་བོད་གཞུང་དཔེ་མཛོད་ཀྱི་ཞུ་ཆེན་པ་སྦྱིན་པ་རྒྱ་མཚོ་ནས་ཀྱང་ད་ལྟའི་བར་དུ་ཁོང་གིས་ཞུས་པའི་དཔེ་ཆ་ཡོངས་སུ་རྫོགས་པར་ཨ་མདོ་སྦྱིན་པ་རྒྱ་མཚོ་ནས་ཞེས་བྲིས་འདུག
ད་དུང་ཙོང་ཁ་ལྷ་མོ་ཚེ་རིང་ཞེས་བྲིས་པ་འགྲིག་མེད་ན། ཁོང་གིས་བྲིས་པའི་བཙན་རྒོལ་རྒྱལ་སྐྱོབ་ན་དེ་ལྟར་བྲིས་འདུག ཡ་ད་མདོ་དབུས་ཁམས་གསུམ་ན་དེང་སང་འབྲེལ་སྒྲ་ཤེས་མཁན་ཁྱོད་མ་གཏོགས་ཡོད་ས་མ་རེད་ཀོ ཧཧཧ།
ཁ་ཆེ་སྐད་དུ་བྲིས་ཆོག་གི་མེད་ན། ཁ་ཆེ་ཕ་གླུ་ཡང་བྲིས་ཆོག་རྒྱུ་མ་རེད། གོང་ས་མཆོག་ནས་ཀྱང་ཞུ་དག་མ་གནང་བར་ལུང་འདི་ལྟར་དྲངས་གི་འདུག ༼ཁ་ཆེ་ཕ་གླུས་སྙིང་གཏམ་བཤད་ཡོད་དོ།། ཉན་དང་མི་ཉན་སོ་སོའི་ལག་པ་རེད།།༽གསུངས་ཀྱི་འདུག ཀརྨ་དགེ་ལེགས། ག་དུས་ཡིན་ན་ཡང་རང་གི་མདུན་ཅོག་སྒང་གི་སུམ་ཅུ་བའི་དཔེ་ཆ་རྙིང་བ་དེའི་ནང་གི་དཔེ་བརྗོད་མིན་ན། འགྲིག་གི་མི་འདུག་མ་ཟེར་བར། དཔེ་ཆ་གཞན་དག་ཀློག་དགོས་པ་རེད། གཞན་དག་ན་ཡང་དཔེ་བརྗོད་ཡོད་པ་རེད་ཡ།
ང་ཁྱོད་ལ་ཡི་གེ་འབྲི་སྐབས་ཤིན་ཏུ་སུན་སྣང་སྐྱེས་ཡོང་གི རྒྱུ་མཚན་ཁྱོད་ཀྱིས་དཔེ་ཆ་གཞན་མང་པོ་ཀློག་མྱོང་མེད་པ་དང་། ལུང་གཞན་ཁས་མི་ལེན་པ། རིགས་པ་ཟེར་ན་དེ་ལས་ཀྱང་ཁས་ག་ལ་ལེན། ཡིན་གཅིག་མིན་གཅིག་ཤ་ཡིན་ན་རང་གི་ཕོར་བ་ནང་གི་ཤ་ཡིན་དགོས་པའི་ཨུ་ཚུགས་འདིར་སུན་སྣང་སྐྱེས་པ་རེད།
ད་དུང་གོང་དུ་ཁྱོད་ཀྱིས་དགོས་མེད་ཀྱི་ཡི་གེ་བྲིས་པ་དེར་ལྟོས་དང་། ཁྱོད་ལ་ཕྲག་དོག་བྱེད་ཀྱི་འདུག་འེ། སུས་ཁྱོད་ལ་ཕྲག་དོག་བྱེད་ཀྱི་རེད། ཕྲག་དོག་བྱེད་པ་ལ་ཕྲག་དོག་བྱེད་སའི་གཞི་ཞིག་ཡོད་དགོས་པ་རེད། ཁྱོད་ལ་ནི་གཞི་ཁོ་རང་་་་་་་་་་་་། ཧཧཧཧ རྩེད་མོ་ཡིན། བརྡ་སྦྲོད་པའི་སྐོར་ལ་སེམས་ཤུགས་དང་། ལྷག་བསམ་ཡོད་པ་ཧ་གོ འོན་ཀྱང་སེམས་ཤུགས་གཅིག་བུས་ཕན་ནི་མ་རེད། ཁྱོད་ཀྱིས་ལྟོས་དང་། བརྡ་སྤྲོད་པའི་སྐོར་ལ་རང་གི་ཐོག་མར་ཀློག དེ་ནས་དཔེ་ཆ་གཞན་དང་ཡུལ་སྐད་དེ་ཚོ་ལ་སྦྱར། དེ་དག་ལ་ཕྱོགས་བསྡོམས་བྱས། འོ་ཡ་བདེ་མོ།
ཀརྨ་ལགས། གཟུགས་རྒྱན་སྐབས་ཁྱོད་ཀྱིས་བཤད་པ་ལྟར་འབྲེལ་སྒྲའི་ནང་ཚན་འི་ཡིག་གཅིག་པུ་བསྡུ་མི་ཆོག་པའི་ཁྲིམས་ཞིག་ཡོད་པ་གཏན་ནས་དྲན་གི་མི་འདུག གཡས་གཡོན་དེ་ནས་སྙན་ངག་གི་དེབ་འདྲ་རྙེད་ན་དེའི་སྐོར་ཞིག་འབྲི་རོགས།
རྟོགས་སད་ལགས།
འབྲེལ་སྒྲ་བསྡུ་བ་ནི། གཟུགས་རྒྱན་གཅིག་པོའི་སྐབས་མིན། འབྲེལ་སྒྲ་བསྡུས་པ་ནི་ཚིག་གཅིག་བསྡུས་པ་རེད། འི་ནི་ཚིག་གཅིག་མིན་པས་བསྡུས་པ་ཞིག་གཞུང་ཚད་ལྡན་ནས་མཐོང་ཐུབ་བམ།
བོད་ཀྱི་ཡི་གེ ཅེས་པ། བོད་ཡིག ཅེས་འབྲི་ཆོག་ནའང་། བོད་པའི་ཡི་གེ བོད་པ་ཡི་གེ ཅེས་བསྡུ་དོན་ཡོད་དམ།
དེ་གཉིས་ཁ་ཁ་རེད། དེ་བཞིན་རིགས་འདྲ་རེད།
ད་ཀརྨ་དགེ་ལོག་ནི་ནོར་སྲུང་གི་རྔ་མ་བཅད་པ་ལྟར་ཕྱིར་ལྟོས་མེད་པར་བྲོས། དབུགས་ཐག་ཡང་ཐུང་རུ་ཐུང་རུ་རེད། ཕལ་ཆེར་དབུགས་ཆད་གྲབ་ཡོད་ཚོད། ཧཧཧ། དྲི་བ། ཝར་ན་མཐོ་སློབ་ཟེར་བ་དེ་ཡང་འགྲིགས་ཡོད་ས་མ་རེད་ཀོ ཞུ་དག་གནང་རོགས། ཝར་ནའི་མཐོ་སློབ་ཟེར་ནས་བཅོས་རོགས།
ཀརྨ་ལགས། སྐུ་མཁྱེན། ཁྱོད་ནི་སུམ་རྟགས་སྐོར་ལ་དོ་སྣང་ཅུང་ཡོད་པའི་མི་བུ་ཞིག་ཡིན་པ་ཐོས། དེས་ན་གོ་རྒྱུ་གང་ཡང་མེད་པའི་སྐད་འདྲ་བཤད་ནས་ཅི་ཕན། ཁྱོད་ལའང་བློ་བསྐྱེད་གསར་པ་རེ་རེག་སྲིད། ངས་གོང་དུ་དྲིས་པ་ནི། ཁྱོད་ཀྱི་འཆན་༼༥༽་པར། བོད་ཀྱི་བརྡ་སྤྲོད་པའི་གཞུང་དང་། སྙན་ངག་ལྟར་ན། བསྡུ་ཆོག་པའི་འབྲེལ་སྒྲ་དེ། གི ཀྱི། གྱི། ཡི། དག་ཡིན་མ་གཏོགས། འི་བསྡུས་པ་མ་རེད། ཞེས་བྲིས་པར་འི་བསྡུས་པ་མ་རེད་ཟེར་བའི་དོན་གསལ་བོ་་ཞིག་འབྲི་རོགས། འདྲེ་ཤར་སྒོ་དང། ཀླུད་ནུབ་སྒོ། ཟེར་བའི་དཔེ་མི་མཛད་རོགས།
ཨ་ཁ་ཁ།
དེང་སྐབས་ཡིག་ནོར་གྱི་བསྟན་པ་ཕྱོགས་ཀུན་ཏུ་དར་བཞིན་པའི་སྐབས་རེད། བདག་སྒྲ་དང་། འབྲེལ་སྒྲ་ཙམ་ཡང་མི་ཤེས་པར་མཁས་འདོད་ཅན་ཡང་མང་དུ་འགྲོ་བཞིན་འདུག ཡིག་ནོར་ལ་སྐྱབས་བཅོལ་མཁན་ཡང་མང་དུ་འདུག ངོ་མ་སེམས་སྐྱོ་བ་ལ།
གི་གྱི་ཀྱི་ཡི་བསྡུ་ཆོག་ས་ན་འི་བསྡུ་མི་ཆོག་པའི་རྣམ་གཞག་ཅིག་ཡོད་ནི་མ་རེད། རང་ང་ཅིག་བཤད་ཀིན་བསྡད་ཡོད་ནི་རེད།
རལ་གྲི་རྣོན་པོའི་རྩེ་མོར།།
སྦྲང་རྩི་མངར་མོ་བྱུགས་ཡོད།།
དང་ཡང་ན།
རལ་གྲི་རྣོན་པོ་རྩེ་ལ།།
སྦྲང་རྩི་མངར་མོ་བྱུགས་ཡོད།།
འདི་འདྲ་རེད།
རྟོག་སད་ལ།
འབྲེལ་སྒྲ་བསྡུ་དགོས་དོན་ནི། ཚེག་བར་ཉུང་དུ་བསྡུས་པ་ཡིན། དེ་ཕྱིར་འབྲེལ་སྒྲ་ཡི་བསྡུས་ནས་དེའི་ཚབ་ཏུ་འི་ཡིག་ཐོབ་ཡོད། དཔེར་ན། ང་ཡི་བླ་མ། དང་། ངའི་བླ་མ་ལྟ་བུ་ཡིན། གལ་ཏེ་འབྲེལ་སྒྲ་འི་ཡིག་མེད་ན། ང་བླ་མ། ཞེས་པ་ཐོབ་མི་རིགས་པས་ལེགས་པར་དཔྱད་པ་བྱོས། གི ཀྱི། གྱི། དག་གི་ཚབ་ཏུ་འི་ཡིག་ཐོབ་ཐབས་མེད་པས་དེ་དག་གི་བར་ལ་ཁྱད་པར་ཡོད།
ད་གོ་སོང་ངམ།
ཡང་ཡིག་ནོར་ལ་སྐྱབས་བཅོལ་མཁན་ཞིག་བསླེབས་འདུག
རང་གིས་འབྲེལ་སྒྲ་མ་ཤེས་ཀྱང་། །
གཞན་གྱིས་ཤེས་ལ་སྡང་དོན་ཅི། །
ཚེག་བར་བསྡུས་དང་མ་བསྡུས་ལ། །
ཁྱད་པར་ཡོད་པ་མི་ཤེས་སམ། །
བསྡུས་པ་དང་མ་བསྡུས་པའི་གཟུགས་རྒྱན་གཉིས་ཀ་ཡོད།
རྣམ་དཔྱོད་གཤོག་ཡངས་རྫོགས་པའི་འདབ་ཆགས་ཚོགས།།
གནས་ལྔ་རིག་པའི་རྒྱ་མཚོའི་ཕ་རོལ་ཏུ།།
སྐྱེས་སྦྱང་གཤོག་ཟུང་གཡོ་བཞིན་རྒྱུ་བ་ན།།
དགེ་ལེགས་ཕོ་རོག་དཀར་བོས་སྟོང་སྐད་སྒྲོག།
གང་འདོད་ཀྱིས་འབྲེལ་སྒྲ་འི་ཡིག་ཉམས་པར་བྱས་ན་མི་ལེགས་པའི་དཔེར་བརྗོད་ཨ་མཚར་དུ་བཀོད་པ་ལ།
ང་བླ་མ་༧རྒྱལ་བ་རིན་པོ་ཡིན། ཁོང་ང་བླ་མ་ཡིན། ཨ་ཕ་ཨ་མ་རེད། ཨ་མ་ཨ་ཕ་རེད། ཨ་མ་ཕ་ང་ཨ་མྱེ་རེད། ཨ་ཕ་སྲིང་མོ་ང་ཨ་ནེ་རེད། ཨ་རི་སྒོར་མོ་རེད། བོད་པ་རྩམ་པ་རེད། ཨ་མདོ་བག་ལེབ་རེད། ཨ་མདོ་ཟ་མ་རེད། ལྷ་ས་ཇོ་བོ་རེད། ཀ་ཁ་བོད་པ་ཡི་གེ་རེད། ང་རླིག་པ་ཆེན་པོ་ཡིན། སོགས་ལ་ཞིག་གཟིགས་གནང་བར་ཞུ།
དཔེ་དང་དོན་གྱི་རིག་ལམ་འདི། །
བོད་སྐད་དག་མ་མི་ཤེས་པའི། །
བོད་པ་མཁས་རློམས་དུ་མ་ཡི། །
ཁ་ལ་རྒྱ་ཁྲམ་ལས་ཀྱང་མཛེས། །
ཨ་ཙི་ངོ་མ་དུས་ལོག་པ་ཡིན་ས་རེད། སུམ་རྟགས་ཀྱི་འགྲོས་ཕྲན་བུ་ཞིག་ཤེས་པས་ཧ་ཅང་མཁས་མདོག་བསྟན་པ་འདི་ངོ་མ་ངོ་ནོངས་པ་དགོས་པ་ཞིག་རེད བུ་ལོ། ང་ནི་བོད་ཀྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ལ་མི་ལོ་སུམ་ཅུར་སྦྱང་ཡང། ད༌དུང་དོན་དག་ངོ་མ་ཞིག་མ་ཤེས་ཐལ་སྙམ་ནས་ལྷོད་དེ་བསྡད་པའི་ཁེངས་སྐྱུང་ཅན་གྱི་ཨ་མྱེ་ཞིག་ཡིན། ཁྱོད་ཀྱི་ཤེས་པ་དེ་ཙམ་གྱིས་ང་རྒྱལ་བྱས་པས་ཅང་ཕན་ནི་མ་རེད། ད་ངོ་ཚ་ནས་འབར་མ་ཐལ་ན། སྐུ་འབུམ་གསེར་སྡོང། ཁྱོད་ཀྱི་སྔུན་ནས་འབྲེལ་སྒྲའི་ནང་ཚན་འི་ཡིག་གི་གནད་ཙམ་ལའང་འདིས་འགྲེལ་བ་ཡག་པོ་ཞིག་བྱས་སོང་སྙམ་པ་དང་བློ་བསྐྱེད་གང་ཡང་མ་བྱུང། ང་ལ་དུས་ཚོད་ནི་གསེར་ལས་དཀོན་པའི་ཚད་དུ་ཡོད། གནས་སྐབས་རིང་བདེ་མོ་གྱིས།
བཙན་བྱོལ་བོད་མིའི་ནང་ན། །
རང་རིགས་སུམ་རྟགས་གཞུང་ལ། །
ཀརྨ་དགེ་ལེགས་ལྟ་བུའི། །
ཚད་ལྡན་རེ་ཟུང་རེད་སྙམ། །
ལ་ལས་ཨ་མདོ་བག་ལེབ་ཟེར། །
ལ་ལས་ཨ་མདོའི་བག་ལེབ་ཟེར། །
ཚིག་རྐང་འདི་གཉིས་ནང་ན། །
གང་ཞིག་སུམ་རྟགས་གཞུང་དང་མཐུན། །
ལ་ལས་ཨ་མདོ་སྦྱིན་པ་རྒྱ་མཚོ་ཟེར། །
ཁ་ཤས་ཨ་མདོའི་སྦྱིན་པ་རྒྱ་མཚོ་ཟེར། །
གོ་བ་མེད་པའི་གླང་རྒན་ལ། །
ཁྱད་པ་ཡོད་ཅེས་སུ་ཡིས་སྨྲ། །
བ་གླང་ནག་སྒུར་དང་། ཨ་མདོ་བག་ལེབ་གཉིས་ཚིག་གི་འགྲོ་སྟངས་གཅིག་ཏུ་བཟུང་ན་ནོར་བ་རེད།
ཀརྨ་དགེ་ལེགས་ཟེར་བའི་མི་འདིས་ཤོད་ཚུལ་ལ་བརྟག་ན་དེབ་ཐོག་ཏུ་ཡོད་པའི་རྣམ་དབྱེ་ཁ་ཤས་ཤིག་གི་དཔེ་བརྗོད་ཁོ་ན་མ་གཏོགས་བསམ་རྒྱུ་དྲན་རྒྱུ་མེད་མཁན་ཞིག་ཡིན་པ་འདྲ།
སྤྱི་ཚོགས་དང་ ངག་རྒྱུན། སྒྲུང་དཔེ་དང་དུས་དེབ་སོགས་ན་བོད་སྐད་དང་བོད་ཡིག་གི་བརྡ་སྤྲོད་ཚུལ་གྱི་རྣམ་པ་མི་འདྲ་བ་ཧ་ཅང་ཕུན་ཚོགས་པ་ཡོད་པ་དེ་ཚོ་ཚང་མར་རང་རང་སོ་སོར་ཡོན་ཏན་དང་ཁྱད་ཆོས་རེ་ཡོད་པ་རེད། རང་ཉིད་གོ་བ་ལོག་པ་དེས་འདི་དང་དེ་འགྲིག་མི་འདུག་ཞུས་ན་སོ་སོའི་ནང་ཆ་མ་རེད་དམ།
དྲྭ་ངོས་འདིར་ཕེབས་པའི་ཀརྨ་དགེ་ལེགས་ཟེར་བ་ནི། མཚན་སྙན་ལྡན་པའི་གཡུ་ཐོག་ཀརྨ་ཁོང་ཡིན་སྲིད་རྒྱུ་མ་རེད། ཁོང་ནི་ཤེས་རིག་ཚང་གི་དྲུང་ཆེ་ཞིག་ཡིན་པ་ཡོད། ཀརྨ་འདིའི་སྐོར་ལ་ཆ་རྒྱུས་འདྲ་ཡོད་ན་འདིར་འགོད་རོགས། ཀརྨ་དགེ་ལེགས་ཟེར་བ་རང་གིས་གསུངས་ཀྱང་འོས། ངས་འདིར་ཉན་རྟོག་པ་ལྟ་བུའི་ལས་དོན་འདྲ་བྱེད་ཀྱི་མེད་དེ། དྭ་ངོས་ཀྱི་གྲོགས་པོ་སྨྱུག་མིང་འོག་བཞུགས་མེད་པ་དེ་ཚོར་ཡང་སྤུན་ཟླ་ལྟ་བུའི་འདུ་ཤེས་ཀྱིས་དངོས་སུ་ཕན་ཚུན་ཆ་རྒྱུས་འདྲ་ཡོད་ན་བསམ།
མདོ་ལྷ་ཁམས་པ་ལ།
སྤྱི་ཚོགས་ངག་རྒྱུན་དེབ་སོགས་ནས། །
བརྡ་སྤྲོད་ལུགས་དང་འགལ་འདུག་པའི། །
ཡིག་ནོར་སོ་སོའི་ཁྱད་ཆོས་ཞེས། །
ཡོན་ཏན་ཉིད་དུ་རློམ་ལ་ལྟོས། །
ད་བོད་པ་ཚོ། འབྲེལ་བ་ཡག་པོ་དང་གསལ་པོ་ཞེའུ་འཛིན་འདོད་པ་འདྲ། དེང་སྐབས་འབྲེལ་བ་དང་འབྲེལ་སྒྲའི་སྐོར་ཤ་སྟག་བཤད་བསྡད་ཀི་འདུག ཡིན་ནའི་བོད་རྒྱའི་འབྲེལ་མོལ་གྱི་འབྲེལ་བ་དེ་ཆད་པ་འདྲ་ཞིག་ཆགས་སོང་ང་།
རྩོམ་འདིའི་ཁ་བྱང་། 《ཨ་མདོ་བག་ལེབ། ཞེས་པ་མཐོང་བའི་ཚོར་སྣང་།》ཞེས་པ་དེ་ལ་དག་བཅོས་ཤིག་བྱེད་དགོས་ས་རེད། ཨ་མདོ་བག་ལེབ། “ཅེས་པ་”ཞེས་བྲིས་གནང་ན་གང་འདྲ་འདུག
ཁང་གསར་ལགས། རྩོམ་ཡིག་འདི་འབྲི་བ་པོས་རྣམ་དབྱེ་ནང་ནས་གི་ཀྱི་གྱི་འི་ཡི་ལྔ་མ་གཏོགས་སྦྱང་ཡོད་པ་མ་རེད། ད་ལྟ་ནས་ཞིང་ཞེས་ཞེའོ་སོགས་བཤད་ན་ཁོ་རང་གིས་ཁས་ལེན་ནི་མ་རེད། རྗེས་མ་ཅིང་ཅེས་ཅེའོ་སོགས་ཀྱི་ཐོབ་ཐང་བློར་བཟུང་ཚར་ན། དེ་ནས་ཁོ་རང་གིས་ཁས་ལེན་ནི་རེད། དེ་ནས་ཁོང་གི་རྩོམ་ཡིག་འདིའི་ཁ་བྱང་ཕྲད་ནོར་ཡོད་པ་ཁས་ལེན་ནི་རེད། གཅིག་བྱས་ན་རྗེས་མ་ཡང་ཁོ་རང་གིས་ཁས་མི་ལེན་པར་རྗེས་འཇུག་བ་ཡི་རྗེས་སུ་ཞེས་ཐོབ་པའི་ཨུ་ཚུགས་རྒྱག་སྲིད།།
རྟོག་སད། ཀརྨ་ཕྱི་མ་སོང་ཡོད་ནི་མ་རེད། ངས་ཀརྨ་ལ་ཅིང་ཅེས་ཅེའོ་ཅེ་ན་ཅིག། སོགས་ཐོབ་ཐང་བློ་འཛིན་བྱས་བཅུགས་ཡོད། དགེ་ཕྲུག་འདི་ཆུང་ཆུང་སྐབས་ནས་ཁ་རྒས་ཟིག་ཡིན། ཅིག་བཤད་ནས་བསྡད་འཇོག་གི འཚམ་འཚམ་ལ་ངས་ཅུང་ཟད་རྡུང་གི་ཡོད། གཅིག་རྡུང་དང་ན། དེ་ནས་ཁུ་སུམ་སུམ་དཔེ་ཆ་སྐྱོར་ནས་བསྡད་ཀྱི་རེད། སྙིང་ཆུང་ཆུང་ཡིན་ཡ།
རྟོག་སད་ལགས།
ང་མཚན་སྙན་ལྡན་པའི་གཡུ་ཐོག་ཀརྨ་ཟེར་བ་མིན། ས་མཐའ་ན་སྡོམ་བཞིན་པའི་རླངས་འཁོར་ཁ་ལོ་བ་ཞིག་ཡིན།
ཀྱེ། དྲ་གྲོགས་ཚོ། སྣ་ཚོགས་གཞུང་ལ་མཁས་པའི་སྒོམ་སྡེ་ལྷ་རམས་པ་དང་། སུམ་རྟགས་ཤེས་པའི་ང་ཀརྨ་དགེ་ལེགས་གཉིས་ལ་སྡང་དོན་ཅི་ཡིན། ངེད་གཉིས་ཤི་ན་ཁྱེད་ལ་ཐོབ་པ་ཅི་ཞིག་ཡོད། མི་ལ་ཚིག་ངན་དང་། དཔྱད་པ་མ་བྱས་པར་གང་འདོད་ཀྱིས་བྲིས་པ་ལ་དགོས་པ་ཅི་ཞིག་ཡོད།
རྟོག་སད། ཁྱེད་ཀྱིས་ལོ་མང་པོ་སློབ་གཉེར་བྱས་ཡོད་ན་ངས་ཀྱང་ཁྱེད་ལ་གུས་པ་བྱེད། ང་ཡོན་ཏན་ཅན་ལ་མི་གུས་མཁན་ཞིག་མིན། འོན་ཀྱང་ཁ་ནས་གཏམ་ངན་སྨྲས་པ་ལ་དགོས་པ་མེད། རྒྱུ་མཚན་དང་གནས་ལུགས་ཡོད་ན་བོད་ཀྱི་བརྡ་སྤྲོད་པའི་གཞུང་དཔུང་བོར་བཞག་ནས་ང་ཚོས་བགྲོ་གླེང་བྱ་ཆོག
མངོན་པ་མཛོད་རྩ་བ་ན། དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན།། ཞེས་བྲིས་འདུག འོན་ཀྱང་ཀརྨ་དགེ་ལེགས་ཀྱིས་༼དཔུང་བོར་བཞག་ནས་ང་ཚོས་བགྲོ་གླེང་བྱ་ཆོག་༽ཟེར་འདུག དཔང་པོ་ལ་དཔུང་པོ་འབྲི་བ་འདི་ཡང་བོད་ཀྱི་བརྡ་སྤྲོད་དཔང་བོར་འཇོག་ཐུབ་པའི་རྟགས་ཤིག་ལོས་ཡིན།
ཡང་དྲ་གྲོགས་གཞན་པ་ཚོས་རྟོག་སད་ནས། སོགས་བྲིས་འདུག ཀརྨ་དགེ་ལེགས་ནས། ༼ཀརྨ་དགེ་ལེགས་ཀྱིས་ནས་༽ཟེར་ནས་བྲིས་འདུག འདི་ཚོ་བརྡ་སྤྲོད་པ་གང་འདྲ་ཞིག་གི་དཔེར་བརྗོད་ཡིན་ནམ། ཕྲད་གཉིས་རེ་གསུམ་རེ་གཅིག་འཕྲོ་གཅིག་ལ་འབྲི་བ་འདི་ཡང་སུམ་རྟགས་ཤེས་པའི་རྟགས་ཤིག་ལོས་ཡིན།
གཞོན་ནུ་ཟླ་མེད་ལགས་བདེན་པ་འདུག ང་ཚོས་ཤེས་བཞིན་དུ་དག་ཆ་དང་ཕྲད་རྣམ་དབྱེ་སོགས་ནོར་སྟངས་འདི་ང་རང་ཚུད་པའི་དྲྭ་གྲོགས་ཆང་མས་གཟབ་དགོས་འདུག ང་ཚོས་མི་ཤེས་ན་གནས་ཚུལ་ཐ་དད་རེད། ཤེས་པ་རྣམས་གཤམ་འོག་གསར་པ་ཚོར་མིག་དཔེ་བཟང་པོ་ཞིག་ལ་བརྩོན་དགོས་འདུག བསམ་འཆར་ཙམ་མོ། །
གཞོན་ནུ་ཟླ་མེད་ལགས།
ཐུགས་རྗེ་ཆེ།
ད་ཐེངས་ཁྱེད་ལ་བདེན་པ་འདུག དཔུང་བོར་ཞེས་པ་ཡིག་ནོར་རེད།
འབྲེལ་སྒྲ་འི་བསྡུ་ཆོག་པའི་སྒྲུབ་བྱེད་མ་རྙེད་པས་རྩ་བའི་དམ་བཅའ་མ་ཟིན་པར་ཡིག་ནོར་གཞན་རེ་འཚོལ་བཞིན་ཡོད་པ་འདྲ།
ངས་ཡིག་ནོར་ཤོར་ཡོད་པ་བ་མཐོང་མ་ཐག་སྣང་བ་དགའ་ཡལ་ལེ་དང་། ཞལ་རས་འཛུམ་མོལ་ལེ་སོང་ཡོད་པ་ཐག་ཆོད་རེད།
ཕྱིན་ཆད་ཀྱང་ཡིག་ནོར་མཐོང་ན་གསུང་རོགས་ཞུ། ཡིག་ནོར་ཡིན་པ་ཤེས་བཞིན་དུ་ད་དུང་ཁས་ལེན་མི་བྱེད་པར་ཨུ་ཚུགས་བྱེད་མཁན་ཞིག་ང་མིན། ཡིག་ནོར་བཅོལ་ན་ཐུགས་རྗེ་ཆེ་ཟེར་ཤེས་མཁན་ཞིག་ཀྱང་ཡིན།
ཀརྨ་དགེ་ལེགས་ཀྱིས་ནས། ཞེས་པའི་ནས་ནི་ཁ་བརྡས་ཁ་རྣོན་ཙམ་རེད་ལགས།