མཛད་པ་པོ། གུ་རུ་ཆོས་ཀྱི་དབང་ཕྱུག འོས་སྦྱོར་བ། རྫ་ཚེ་རིང་བཀྲ་ཤིས།
ན་མོ་གུ་རུ་ཧྲཱི། གུ་རུ་ཆོས་ཀྱི་དབང་ཕྱུག་ལ། སྲས་མོ་ཆོས་དབྱིངས་ན་རེ། གུ་རུ་ཉིད་ལ་དྲིན་ཅན་དུ་ཡོད་ཞུས་པས། དྲིན་ཅན་གཅིག་ཡོད་གསུངས། དེ་གང་ལགས་ཞུས་པས། རང་དྲིན་བརྒྱད་པའི་མགུར་འདི་གསུངས་སོ།།
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །
དུས་གསུམ་རྒྱལ་བའི་གདུང་སོབ་ཅིང་། །
གྲོ་བ་སེམས་ཅན་དེད་དཔོན་མཆོག །
དྲིན་ཅན་བླ་མ་སྤྱི་གཙུག་བཞུགས། །
མི་ཆོས་སྤངས་ནས་ལྷ་ཆོས་བགྱིས། །
རང་དྲིན་རང་ལ་ཆེ་བ་ལགས། །
གཉེན་གྲོགས་སྤངས་ནས་བླ་མ་བསྟེན། །
རང་དྲིན་རང་ལ་ཆེ་བ་ལགས། །
སོ་ནམ་བཞག་ནས་ཐོས་བསམ་བགྱིས། །
རང་དྲིན་རང་ལ་ཆེ་བ་ལགས། །
འདུ་འཛི་སྤངས་ནས་ལོ་གསུམ་བསྒོམས། །
རང་དྲིན་རང་ལ་ཆེ་བ་ལགས། །
སྲོག་ལ་བརྡོས་ནས་ཟབ་གཏེར་ཕྱུང་། །
རང་དྲིན་རང་ལ་ཆེ་བ་ལགས། །
ཐ་མལ་སྤངས་ནས་འགྲོ་དོན་བགྱིས། །
རང་དྲིན་རང་ལ་ཆེ་བ་ལགས། །
རང་ཚིས་སྤངས་ནས་མ་ཎི་བགྲངས། །
རང་དྲིན་རང་ལ་ཆེ་བ་ལགས། །
རང་ངོ་ཤེས་ནས་རང་ཚུགས་བསྲངས། །
རང་དྲིན་རང་ལ་ཆེ་བ་ལགས། །
དངོས་ཞེན་སྤངས་ནས་བྱང་ཆུབ་བསྒྲུབས། །
རང་དྲིན་རང་ལ་ཆེ་བ་ལགས། །ཨྠི། །