ཆུ་སྐྱེས་དགེ་འདུན་དཔལ་བཟང་།
དཀར་ཆག
དང་པོ། འཕན་ཡུལ་གྱི་བྱམས་པ་སྤུན་གསུམ། ༼སྟོད་ཆ།༽
གཅིག རྒྱལ་ལྷ་ཁང་བྱམས་པ།
གཉིས། ཀླུ་ཁ་སྟོད་བྱམས་པ།
གསུམ། རྭ་མ་བྱམས་པ།
གཉིས་པ། འཕན་ཡུལ་གྱི་བཀའ་གདམས་པའི་དགོན་པ་བརྒྱད། ༼བར་ཆ།༽
གཅིག པོ་ཏོ་དགོན་པ།
གཉིས། ཕུ་ཆུང་རི་ཁྲོད།
གསུམ། སྤྱན་སྔ་དགོན་པ།
བཞི། ཁ་ལུང་དགོན་པ།
ལྔ། སྣེའུ་ཟུར་དགོན་པ།
དྲུག གླང་ཐང་དགོན་པ།
བདུན། ཤ་ར་དགོན་པ།
བརྒྱད། ལྕགས་རི་དགོན་པ།
གསུམ་པ། ཞར་བྱུང་མལ་གྲོ་གུང་དཀར་གྱི་སྒྲུབ་སྡེ་ཁག ༼སྨད་ཆ།༽
གཅིག འཆད་ཁ་དགོན་པ།
གཉིས། སྤང་ས་དགོན་པ།
གསུམ། དབུ་སྟོད་བྱ་ཡུལ་དགོན་པ།
བཞི། མལ་གྲོ་ལྷ་ཁང་ངམ་སྐྱིད་སྤྲོ་དགོན་པ།
གཅིག རྒྱལ་ལྷ་ཁང་བྱམས་པ།
དང་པོ། འཕན་ཡུལ་གྱི་བྱམས་པ་སྤུན་གསུམ།
གཅིག རྒྱལ་ལྷ་ཁང་ཤངས་ལེགས་བྱམས་པ།
རྒྱལ་ལྷ་ཁང་ཤངས་ལེགས་བྱམས་པ་ནི། འཕན་ཡུལ་རིག་པའི་འབྱུང་གནས་འདི་ལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་འཕན་ཡུལ་སྟོད་ཕྱོགས། ད་ལྟའི་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་མཚོ་སྟོད་ཡུལ་ཚོ་ལྷ་ཁང་གྲོང་ཚོའི་འགྲམ་དུ་ཆགས་ཡོད། དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་སློབ་མ་ཀ་བ་བཞིའི་ཡ་གྱལ། ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མའི་གཙོ་གྲས། རྗེ་བཙུན་བྱམས་པའི་སྤྲུལ་བར་གྲགས་པ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས། ཕལ་ཆེར་སྤྱི་ལོ་༡༠༡༢ཡས་མས་ཞིག་ལ་རྒྱལ་ལྷ་ཁང་ངམ་རྒྱལ་གྱི་གཙུག་ལག་ཁང་(དེང་སང་རྒྱལ་སྟོད་དགོན་ཟེར)ཕྱག་འདེབས་མཛད། རྗེས་སུ་ཁོང་གི་ཕྱག་ཏུ་རྟེན་འབྲེལ་ཁྱད་པར་ཅན་དང་འབྲེལ་ནས་གསེར་གྱི་རྒྱལ་བ་བྱམས་པ་ཁྲུ་གང་ཙམ་ཐོན་པ་ཞིག་འབྱོར་བར་བརྟེན། སྐུ་འདྲ་དེ་ཉིད་གཟུངས་གཞུག་ཏུ་ཕུལ་ནས་རྒྱལ་ལྷ་ཁང་དགོན་པའི་བྱང་ཤར་གྱི་མཚམས་དེར་རྒྱལ་བ་བྱམས་པ་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ཅན་རྟེན་དང་བརྟེན་པ་གསར་བཞེངས་མཛད། དུས་དེ་ནས་བཟུང་ལྷ་ཁང་དེ་ལ་རྒྱལ་ལུག་ལ་གསེར་གྱི་ལྷ་ཁང་དང་། བྱམས་པའི་སྐུ་འདྲ་དེ་ལ་རྒྱལ་ལུག་ལ་བྱམས་པ་དང་རྒྱལ་ལྷ་ཁང་བྱམས་པ་ཞེས་པའི་མཚན་ཐོགས་པར་གྲགས། དགོན་པ་འདི་ནི་བསྟན་པ་ཕྱི་དར་གྱི་དུས་འགོར་འདུལ་བའི་བསྟན་པ་དབུས་གཙང་དུ་ཐོག་མར་དར་སྐབས་གསར་དུ་བཞེངས་པའི་དགོན་གནས་དང་པོའི་གྲས་དང་། འཕན་ཡུལ་གྱི་དགོན་པ་རྙིང་ཤོས་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་གཅིག་བུ་དེ་རང་ཡིན་ཟེར། ད་ལྟ་རྒྱལ་གྱི་གཙུག་ལག་ཁང་ཞིག་གསོ་བྱས་ཡོད་པར་མ་ཟད། ནང་རྟེན་མང་པོ་གསར་བཞེངས་བྱས་ཡོད། ཁྱད་པར་དུ་འཕན་ཡུལ་བྱམས་པ་སྤུན་གསུམ་གྱི་ཡ་གྱལ་རྒྱལ་ལྷ་ཁང་བྱམས་པ་བཞུགས་སའི་ལྷ་ཁང་ཞིག་གསོ་དང་ནང་རྟེན་སྔར་བཞུགས་ལྟར་རྒྱལ་བ་བྱམས་པ་གསར་བཞེངས་བྱས་ཡོད་ཟེར། བྱམས་པའི་མདུན་དུ་རྒྱ་གར་བའི་བཟོ་རྩལ་ལས་བྱུང་བའི་རྒྱལ་བ་བྱམས་པ་གཙོ་འཁོར་གསུམ་པ་དང་། ཆོས་སྐུ་ཡུམ་ཆེན་མོ། སྟོན་པ་ཤཱཀྱ་ཐུབ་པ་བཅས་ཀྱི་རྡོ་སྐུ་ངོ་མཚར་ཅན་རྣམས། དགེ་འདུན་པ་བཞི་བཅུ་ལྷག་བཞུགས་ཡོད། ལྷ་ཁང་དེའི་དཀོར་གཉེར་དགེ་འདུན་པ་ཞིག་གིས་ལྷ་ཁང་རྟེན་དང་བརྟེན་པ་ངོ་སྤྲོད་གནང་བ་དང་། འཕན་ཡུལ་གྱི་གནས་བཤད་ངོ་མཚར་རིག་གནས་ཀྱི་བང་མཛོད་ལས་གསུངས་པ་ལྟར་ན། རྡོ་སྐུ་དེ་དག་ནི་ཁ་བའི་ལྗོངས་འདིར་མཐོང་དཀོན་པའི་རྡོ་སྐུ་རྩ་ཆེན་ཞིག་ཡིན་པར་གསུངས་ཡོད། གཞན་རྒྱལ་ལྷ་ཁང་དགོན་པའི་མདུན་ཐང་དུ་རྡོ་རིང་གླིང་བཞི་མ་ཞིག་དང་། དེའི་སྐེད་པའི་ཕྱོགས་བཞིར་རྡོ་རྗེ་རིན་ཆེན་པད་མ་རྒྱ་གྲམ་གྱི་རི་མོ་དང་། ཤར་ངོས་སུ་ཡི་གེ་ཚིགས་འཕྲེང་བཅུ་བཞི་བརྐོས་ཡོད་པ་དང་། དེ་རྣམས་འཕན་ཡུལ་གྱི་གནས་བཤད་དུ་ཆ་ཚང་བཀོད་ཡོད་པ་འདི་ལྟར།
བཙུགས་པ་ལ། སྤྱིར་དེང་སང་གི་དུས་སུ་ནི། དགེ་བ་ལ་ཕྱོགས་གཅིག་པ་དང་། ལེགས་པ་ལ་གྲོས་མཐུན་པ་ནི་ཉུང་ན། འོ་ན་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་མྱི་རྣམས་ཀྱི་ནི། ལྷར་སངས་རྒྱས་བཟུང་། གྲོས་ཕུགས་ཆོས་ལ་གཏད། གཙོར་ལྟ་བ་སྦྱང་། ཚིག་སྤྱོད་རྣལ་དུ་དབབ། འཚོ་བ་གཙང་མར་སྒྲུབ་བྱེད་དགུ་ཆོས་དང་སྦྱར། སྤྱི་གྲོས་གཅིག་ཏུ་བཟླུམ། སྒོ་གཉེར་སོ་སོར་བླང་། ངན་གྲོས་དགག་ཏུ་དབྱུང་། བདེན་གཏམ་དང་དུ་བླང་། འདི་ལྟར་བྱས་ནས་ཚེ་འདི་དང་ཕྱི་མ་གཉི་གར་བདེ་བར་འགྱུར་བྱས། ཚིག་བཅུ་བོ་འདི་ཡལ་བར་མ་བོར་ཞིང་གཟུངས་སུ་བཟུང་ན་ལེགས་སོ། །
རྡོ་རིང་གི་ལྷོ་ངོས་སུ། འཕན་ཡུལ་ཀླུང་སྐྱེས་ངོ་མཚར་ཆེ། ཞེས་ཡིག་འབྲུ་བདུན་མཆིས། ཞེས་བཀོད་ཡོད། རྡོ་རིང་བཞེངས་མཁན་སོགས་ཀྱི་སྐོར་མང་བོ་བྲིས་ཡོད་མོད་འདིར་བཀོད་མེད། ད་དེ་ཙམ་གྱིས།
གཉིས། ཀླུ་ཁ་སྟོད་བྱམས་པ།
གཉིས། ཀླུ་ཁ་སྟོད་སྤྱན་ལེགས་བྱམས་པ།
ཀླུ་ཁ་སྟོད་སྤྱན་ལེགས་བྱམས་པ་ནི། འཕན་ཡུལ་རིག་པའི་འབྱུང་གནས་འདི་ལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་འཕན་ཡུལ་སྟོད་ཕྱོགས། ད་ལྟའི་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་མཚོ་སྟོད་ཡུལ་ཚོ་ཀླུ་ཁ་སྟོད་གྲོང་ཚོའི་འགྲམ་དུ་ཆགས་ཡོད། དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་སློབ་མ་ཀ་བ་བཞིའི་ཡ་གྱལ། ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མའི་གཙོ་གྲས། རྗེ་བཙུན་བྱམས་པའི་སྤྲུལ་བར་གྲགས་པ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས། སྤྱི་ལོའི་དུས་རབས་བཅུ་གཅིག་ནང་ཀླུ་ཁ་སྟོད་སྤྱན་ལེགས་བྱམས་ཁང་རྟེན་དང་བརྟེན་པ་གསར་བཞེངས་མཛད། རིག་གསར་སྐབས་ཁང་རོ་ཙམ་མ་གཏོགས་ཐམས་ཅད་མེད་བརླགས་སུ་བཏང་། རྗེས་སུ་བྱམས་ཁང་ཞིག་གསོ་དང་བྱམས་པ་བསྐྱར་བཞེངས་བྱས། འཕན་ཡུལ་གྱི་གནས་བཤད་ལས། “ཀླུ་ཁ་སྟོད་བྱམས་པའི་བྱམས་ཁང་ཐོག་སོ་སུམ་ཐོག་གི་ཕྱིའི་བཟོ་དབྱིབས་ནི་ལྷ་ཁང་སེར་བོ་ཟུར་བརྒྱད་ཁང་ཆེན་གྱི་དབྱིབས་དང་འདྲ་ཞིང་རྩིག་པའི་འགོ་མཇུག་བར་གསུམ་རྡོ་རིལ་མི་མགོ་ཙམ་ཤ་སྟག་གིས་བརྩིགས་ཏེ་རྩིག་ངོས་འབར་འབུར་དུ་གྱུར་བས་ཀུན་གྱི་མཐོང་སྣང་ལ་གྱང་གོག་ཅིག་ཏུ་འཆར་སྲིད་ཀྱང་བྱམས་ཁང་བཞེངས་ནས་ད་ལྟའི་བར་ལོ་ངོ་དགུ་བརྒྱ་ལྷག་ཙམ་སོང་ན་ཡང་ཁང་བའི་རྩིག་པར་ཉམས་ཆགས་ཕྲན་བུ་ཙམ་ཡང་མེད་པ་དེ་ལས་གནའ་བོའི་བཟོ་སྐྲུན་གྱི་ཁྱད་ཆོས་དམིགས་བསལ་ཅན་དེ་མངོན་ཐུབ་ལ་སྐབས་དེའི་བོད་ཀྱི་རྡོ་བཟོ་མཁས་པའི་ཕུལ་བྱུང་ལག་རྩལ་དེ་ཡང་བྱམས་ཁང་དེའི་རྩིགས་པ་ལས་གསལ་བོར་མཐོང་ཐུབ། དེས་ན་ཀླུ་ཁ་སྟོད་བྱམས་ཁང་འདི་ནི་ད་ལྟ་འཕན་པོའི་ཡུལ་འདིར་སྔར་ལོ་དགུ་བརྒྱའི་གོང་གི་བཟོ་སྐྲུན་གྱི་བཀོད་པ་དག་ཡོངས་སུ་མ་ཉམས་པར་གནས་པའི་ལྷ་ཁང་གཅིག་བུ་དེ་རང་ཡིན”ཞེས་གསལ་བོར་བཀོད་འདུག ད་ལྟ་དཀོན་གཉེར་ལྟ་བུའི་དགེ་འདུན་པ་གཉིས་ཙམ་མ་གཏོགས་གྲྭ་བ་མང་པོ་མེད་པ་དང་། དཀོན་གཉེར་རྣམས་རྒྱལ་ལྷ་ཁང་དགོན་པས་གོ་སྒྲིག་ལྟར་ཕེབས་དགོས།
གསུམ། རྭ་མ་བྱམས་པ།
གསུམ། རྭ་བ་སྙན་ལེགས་བྱམས་པ།
རྭ་མ་སྙན་ལེགས་བྱམས་པ་ནི། འཕན་ཡུལ་རིག་པའི་འབྱུང་གནས་འདི་ལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་འཕན་ཡུལ་སྟོད་ཕྱོགས། ད་ལྟའི་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་མཁར་རྩེ་ཡུལ་ཚོའི་ཁོངས་གཏོགས་ཀྱི་རྭ་མ་ནང་ཞེས་པའི་ལྷོ་ངོས་ཀྱི་བྲག་རྐེད་དུ་ཆགས་ཡོད། དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་སློབ་མ་ཀ་བ་བཞིའི་ཡ་གྱལ། ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མའི་གཙོ་གྲས། རྗེ་བཙུན་བྱམས་པའི་སྤྲུལ་བར་གྲགས་པ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས། སྤྱི་ལོའི་དུས་རབས་བཅུ་གཅིག་ནང་རྭ་མ་སྙན་ལེགས་བྱམས་ཁང་རྟེན་དང་བརྟེན་པ་གསར་བཞེངས་མཛད། རིག་གསར་སྐབས་ཐམས་ཅད་དུ་མེད་བརླགས་སུ་བཏང་། རྗེས་སུ་བྱམས་ཁང་རྟེན་དང་བརྟེན་པ་དང་། འདུ་ཁང་ཆུང་བ། མཆོད་རྟེན་རྣམས་བསྐྱར་བཞེངས་བྱས། ད་ལྟ་དཀོན་གཉེར་ལྟ་བུའི་དགེ་འདུན་པ་བཞི་ཙམ་མ་གཏོགས་གྲྭ་བ་མང་པོ་མེད་པ་དང་། དཀོན་གཉེར་རྣམས་རྒྱལ་ལྷ་ཁང་དགོན་པས་གོ་སྒྲིག་ལྟར་ཕེབས་དགོས་ཟེར།