གངས་དཀར་སེམས།
སྔོན་གླེང་།
སྤྱིར་ན་ཕོ་མོ་སུ་རུང་སྒེར་གྱི་རང་གཤིས་དང་ཁྱད་ཆོས་མི་འདྲ་བ་བདེན། ང་ཚོའི་བོད་ཀྱི་གཏམ་དཔེ་ལ། མི་སུམ་བཅུར་སྣང་བ་སུམ་བཅུ། མཛོ་སུམ་བཅུར་ར་ཅོ་དྲུག་བཅུ། ཞེས་པ་ལྟར་ལོས་ཡིན། ཡིན་ཡང་ཕོ་མོ་སུ་རུང་ལ་སྐྱོན་ཡོན་གཉིས་ཀ་ལུས་ཡོད། ཐེ་ཚོམ་མི་དགོས་པའི་བདེན་པ་འདི་སུ་གང་གིས་ལག་པས་བཙན་འགེབས་མི་ཐུབ། དེས་ན་མིའི་ཁྱད་ཆོས་འགའ་རེར་གཞན་གྱིས་དོ་དམ་སྟངས་འཛིན་སྐྱོན་བརྗོད་ཀྱིས་གཞི་ནས་གསལ་པོ་ཡོང་ཐུབ་སྟབས་ངས་འདིར་སྣང་བར་འཆར་བ་འགའི་ཁྱད་ཆོས་ཉུང་ཙམ་རེ་བཤད་འདོད་བྱུང་།
༡། བསླབ་བྱ་སློབ་གསོ་རྒྱག་མཁན་རིགས།
ཅི་ཡིན་ན་མི་ཤེས། སྐྱེས་པ་འགའ་རེས་སོ་སོ་རྒྱུན་དུ་སྐྱོན་མེད་ཡོན་ཏན་ཀུན་ལྡན་གྱི་ཚུལ་དུ་གནས་འདོད་ཆེན་པོ་རེད། དེ་དག་ནི་ག་དུས་ཡིན་ཡང་མཐོ་ས་ཤིག་ལ་ཡོད་མདོག་གིས་གཞན་ལ་བསླབ་བྱ་སློབ་གསོ་རྒྱག་གི་འདུག སྤྱིར་ན་ཕན་ན་བསླབ་བྱ་སློབ་གསོ་རྒྱག་ན་ལོས་བཟང་ཡང་། དུས་ཚོད་དང་གནས་སྟངས་ཅི་ཡིན་ལ་མ་ལྟོས་པར་སྐྱེས་པ་འདིའི་རིགས་ཀྱིས་སོ་སོའི་བསམ་བློ་གཙོ་བཟུང་གིས་གཞན་ལ་བསླབ་བྱ་རྒྱུན་མི་ཆད་པ་བཤད་རྒྱུར་དགའ། གཞན་གྱིས་དྲི་བ་བཀོད་མིན་སྐབས་ཀྱང་ཁོས་རྫོགས་མཐའ་མེད་པར་བསླབ་བྱ་རྒྱག་གི་ཡོད། དེ་དག་གིས་སྐད་ཆ་འགོ་བརྩམས་དུས་གཞན་ལ། མ་རེད། མི་འདུག མ་བྱེད། མིན་སོགས་ཐོག་མར་དགག་སྒྲ་ནས་འགོ་བརྩམས་ཏེ་ཕ་རོལ་པོའི་དོན་ལས་སོ་སོའི་འདོད་མོས་དེ་ཧ་ཅང་ལེགས་ཚུལ་དུ་ནན་ཏན་གྱིས་གསལ་སྟོན་བྱེད། ངས་ཁྱོད་ཀྱི་འཚོ་བའི་ཉམས་མྱོང་དངོས་དེ་དང་སྦྲགས་འགྲེལ་བཤད་ཏོག་ཙམ་རྒྱག་ཆོག་ལྟ་བུའི་བརྗོད་པ་ནས་འགོ་བརྩམས་ཀྱི་འདུག དེས་གཅིག་གཅིག་གཉིས་གཉིས་བྱས་ན་ཕ་རོལ་པོའི་གནས་སྟངས་ཅི་ཡིན་ཡང་དེར་ནོར་འཁྲུལ་གྱི་ཆ་ཆེ་ལུགས་ལྟ་བུའི་ཚིག་སྤྱོད་འགོ་བརྩམས་རྒྱུ་ལས། ཁོ་ཚོས་ངས་དེ་སྔོན་འདི་འདྲ་དང་དེ་འདྲ་ནོར་འཁྲུལ་བཟོས་མྱོང་སྐོར་སོ་སོའི་སྐྱོན་ལ་ཟུར་ཙམ་ཡང་མི་གླེང་བའམ་གླེང་འདོད་མེད་ཅིང་སྦ་གསང་གང་ཐུབ་བྱེད། ང་སྐྱེས་པ་འདི་འདྲར་ཉོབས་སྣང་འགོག་མི་ཐུབ་པར་ལམ་སེང་གཞན་ཞིག་ལ་བྲོས་འགྲོ་བསམ་པ་ཡོང་གི་ཡོད། ཧ་ཧ་ཧ
༢། ཉོབས་སྣང་ཅན་གྱི་སྐྱེས་པ།
སྐྱེས་པ་འདིའི་རིགས་ག་དུས་ཡིན་ཡང་ཁ་ཁུ་སིམ་པོར་བསྡད་རྒྱུ་དགའ་སྣང་ཤར། ལས་དོན་ཅི་ཞིག་ཡིན་ཡང་དེར་གཡོལ་ཐབས་སམ་ཉོབས་སྣང་སྐྱེ་མཁན་གྱི་གྲལ་ཡིན་པ་འདྲ། ཅི་མ་སོང་ན་ཁོ་པ་ལོ་ཤེས་སྔོན་ནས་འཇིག་རྟེན་འདིར་ངེས་འབྱུང་སྐྱེས་ཟིན་ཚུལ་གྱིས་ཁ་མི་གྲགས་པར་ཁུ་སིམ་པོར་བསྡད་ཀྱི་ཡོད། ང་ཚོའི་སྲོལ་རྒྱུན་གྱི་སྤྱི་ཚོགས་སམ་ཕྱོགས་ཤིག་གི་མི་མང་པོས་ཁ་མི་གྲགས་པའི་སྐྱེས་པ་འདིའི་རིགས་ལ་ཡ་རབས་ཉམས་ཆུང་། ཁ་ཉུང་ཉུང་མི་ཡ་རབ་ཅིག་རེད་ཅེས་འབོད་སྲོལ་དང་བསྟོད་ར་གཏོང་གི་ཡོད་མོད། འོན་ཀྱང་རྒྱུན་དུ་ཁ་བཙུམ་ནས་བསྡད་མཁན་ནམ་མ་རྒས་སྔོན་ལ་རྒས་ཉམས་འདྲ་མངོན་མཁན་གྱི་སྐྱེས་པ་དེའི་རིགས་ཀྱིས་གཞན་ལ་སུན་སྣང་ཆེན་པོ་སྟེར་གྱི་འདུག
ཁོས་གཞན་དང་ཁ་བརྡ་བྱེད་དུས་སྐད་ཆ་འགོ་བརྩམས་ཙམ་བསྐུམ་ཙམ། སྐད་ཆ་མཚམས་བཞག་ཙམ་བྱེད་པ་དང་། ཡང་ན་ཚིག་རེ་དང་བརྗོད་པ་རེ་ལའང་ཡིད་གཟབ་ཆེན་པོ་ལྟ་བུ་མངོན་གྱི་ཡོད། མཐོང་སྣང་ལ་ཁོའི་སེམས་གཏིང་གི་སྐད་ཆ་གཞན་ལ་བཤད་རྒྱུར་འཚེར་སྣང་ཆེན་པོ་ལྟ་བུ་མངོན་གྱི་འདུག སྐྱེས་པ་འདིའི་རིགས་ནི་ངའི་མདུན་དུ་གཡོ་རྫུས་ལྟ་བུ་མངོན་གསལ་ཆེ་བ་མཐོང་སྣང་ཡོད་ལ། ང་ཁ་ཁྱོན་ནས་མི་གྲགས་མཁན་ཚོར་ངོ་མ་ཉོབས་ཡོང་གི་འདུག ཧི་ཧི་ཧི
༣། དགོད་བྲོ་བའི་སྐྱེས་པ་རིགས།
འདིའི་རིགས་ཆ་ཤས་ཀྱིས་ཁ་བརྡ་རྩེད་མཚར་འདྲ་བཤད་ཤེས་པ་ཙམ་རེད། དོན་དངོས་ཐོག་རྒྱུས་ལོན་ཚོས་ཁོའི་མི་གཤིས་ཀྱི་ངོ་བའི་ནང་ཁྱད་མཚར་ཞིང་སྤྲོ་སྣང་ལྡན་པ་ཞིག་མིན་པ་ལོས་ཤེས། ཁོས་སོ་སོས་དགོད་བྲོ་བ་འདྲ་མཐོང་གི་ཡོད་ཚོད། དཔེར་ན་ཁོས་བུད་མེད་ལ་སྐྱེས་པས་བཙན་གཡེམ་ཕོག་དུས་འདོད་པ་དེར་དུས་ཐོག་ལོངས་སྤྱོད་དགོས་པ་ལས་དེ་རྗེས་ངུ་འབོད་སྡུག་སྐད་འབྱིན་བསྡད་ན་ཕན་པ་ཅིའང་ཡོད་མ་རེད་་་་ལྟ་བུའི་ཁོས་བསམ་ན་དེ་མཚར་གཏམ་ཡིན་བསམ་པ་རེ་བཤད་དེ་དོན་དངོས་ཐོག་ཧམ་བཤད་དང་ཁྲམ་བཤད་ཀྱིས་གཞན་ལ་མཚར་མདོག་ཡིན་ཁུལ་འདྲ་སྟོན་གྱི་ཡོད་པ་དེ་སོ་སོས་མི་ཤེས། ཕལ་པ་མང་པོ་ཁོའི་མཚར་གཏམ་ཡིན་བསམ་པ་དེ་དག་ཉན་རྒྱུ་ལ་དགའ། གལ་ཏེ་དེར་ཡོད་འགས་ཁོའི་སྐད་ཆ་དེ་དག་དྲང་གཏམ་མིན་ལུགས་བཤད་ན། དུས་དེ་ནས་བཟུང་ཁོ་བཟོད་མི་ཐུབ་ནས་ཁོང་ཁྲོ་ཟ་འགྲོ་གི་རེད། ཁོག་རྒྱ་ཁབ་རྩེ་ཙམ་ལས་མེད་ཀྱང་མཚར་གཏམ་བཤད་ཀྱི་ཡོད་མདོག་སྟོན་མཁན་འདིའི་རིགས་ནི་ངོ་མ་དགོད་བྲོ་བ་འདྲ་རེད། ཧུ་ཧུ་ཧུ
༤། ཁ་བཤད་ཆུ་ཡི་ཝུ་བ་ཅན།
སྐྱེས་པ་འདིའི་རིགས་ལ་རྫོགས་མཐའ་མེད་པ་ཞིག་བཤད་རྒྱུ་ཡོད། ཁོ་ཚོས་བུད་མེད་ཀྱི་བྱ་བ་དང་འབྲེལ་ལས་ཅི་འདྲ་ཡིན་ཡང་དེར་དམའ་འབེབས་བྱེད་སའི་རྒྱུ་ཆ་རག་གི་ཡོད། དེར་བརྟེན། མཐོང་སྣང་ལ་ཁོ་ཚོས་སོ་སོ་ལས་བུད་མེད་ཀྱི་ཡོངས་རྫོགས་ཤེས་ཆེ་མདོག་འདྲ་སྟོན་གྱི་ཡོད། ཕལ་ཆེར་ཁོས་སོ་སོའི་ཤེས་མདོག་དེ་ལ་ཡིད་ཆེས་བརྟན་པོ་ཡོད་བཟོ་འདྲ་རེད། ཁོས་སྐད་ཆ་དེའི་རིགས་བཤད་མ་ཐག་དེར་ཡོད་བུད་མེད་ཉན་མཁན་ལ་སོ་སོ་ནི་གང་འདྲ་ནུས་མེད་ཉམས་ཆུང་ཞིག་རེད་ཨང་བསམ་པའི་ཚོར་བ་འདྲ་ཞིག་སྟེར། འོན་ཀྱང་དུས་མཚུངས་སྐྱེས་པ་དེས་སོ་སོ་གང་འདྲ་རླབས་ཆེ་ཞིང་ཤེས་རྒྱ་ཆེ་བ་ཟོལ་འདྲ་ངོམས་བཟོ་བྱེད། དཔེར་ན་སྐྱེས་པ་འདིའི་རིགས་ཀྱིས་སོ་སོའི་བཟའ་ཟླ་མོ་ལ་ཁྱོད་ཀྱིས་ག་དུས་ཡིན་ཡང་ངར་ཡོང་གི་འདུག ང་བུད་མེད་འདི་འདྲའི་རིགས་དང་ཁ་བརྡ་བྱེད་ཐུབ་ས་མ་རེད་ལྟ་བུ་བཤད་ཀྱི་རེད། ཁོས་གཙོ་བོ་སོ་སོའི་བཟའ་ཟླ་བུ་རྒྱུད་མདུན་དུ་ང་ནི་ཁྱིམ་འདིའི་ཐམས་ཅད་ཤེས་མཁན་མཁྱེན་པའི་བདག་པོ་དེ་ཡིན་ཁུལ་ཞིག་བཙན་གྱི་བཟོ་བསམ་པ་མིན་འགྲོ གལ་ཏེ་ག་གེ་མོས་ཁོའི་བྱེད་ལུགས་བཅའ་སྟངས་མི་འགྲིག་ཚུལ་ཟུར་ཙམ་སྟོན་ན་དེ་ནས་ཁོ་ངར་ལང་རྒྱུ་གཏན་འཁེལ། འོན་ཀྱང་ངས་བསམ་ན་སྐྱེས་པ་འདིའི་རིགས་ཀྱིས་སོ་སོའི་བྱས་ཉེས་ཆེ་ཆུང་ཅི་ཙམ་བསགས་མྱོང་བར་གཞན་གྱིས་ཁོའི་སྐེ་ལ་སྟ་རེ་ཞིག་བཞག་ནས་སྡིག་ཀྱང་ཁོས་སྡིག་པ་མིག་བཙུམས་ཀྱིས་ངོས་ལེན་རྩ་བ་ན་བྱེད་མི་སྲིད་དོ། ཧེ་ཧེ་ཧེ